ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་ལྔ་པར་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 11-13


        ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་ལྔ་པ་དེ་སྤྱི་ཚེས་11ཉིན་ཝེ་ཐེ་ནམ་གྱི་ཤན་ཀང་དུ་འཚོགས་ཡོད་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་འགོ་བརྗོད་དུ་ལག་གདང་སྦྲེལ་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་པ་གཏོད་ཅེས་པའི་གསུང་བཤད་གལ་ཆེན་གནང་ཡོད་པ་རེད། 
        ཞི་ཅིན་ཕིང་གིས་ལོ་གསུམ་རིང་འཛམ་གླིང་གི་དཔལ་འབྱོར་རིམ་བཞིན་ཡག་ཏུ་ཕྱིན་པ་དང་། ཕྱོགས་ཁག་གི་སེམས་ཤུགས་རིམ་བཞིན་ཆེ་རུ་ཕྱིན་ཡོད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཕྱོགས་ཁག་གིས་བབ་བསྟུན་སྣེ་ཁྲིད་བྱེད་པ་དང་། བྱ་སྤྱོད་ཏན་ཏིག་སྤེལ་ཏེ། གོ་ལ་ཧྲིལ་པོའི་རེས་འཁོར་གསར་པའི་གོང་འཕེལ་དར་རྒྱས་ལ་ཁྲིད་སྟོན་བྱ་དགོས་ཞེས་གསུངས། 
        དེ་ཡང་གཅིག་ནི་གསར་གཏོད་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་བཏང་ནས། གོང་འཕེལ་གྱི་སྟོབས་ཤུགས་ཆེན་པོ་གཏོད་དགོས། ང་ཚོས་ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་གཉིས་ཀར་སྐུལ་འདེད་གཏོང་དགོས་པ་དང་། ཁྲོམ་ར་དང་ལག་རྩལ་འཆམ་མཐུན་མཉམ་འགུལ་བྱས་ནས། ལག་རྩལ་གསར་པ་དང་། ལས་སྒོ་གསར་པ། མ་དཔེ་གསར་པ་བཅས་ལ་ཟམ་མི་ཆད་པར་གྲུབ་འབྲས་གསར་པ་ཐོབ་པ་བྱེད་པ་དང་། ཚད་གཞི་མཐོ་ཤོས་ཐོག་ནས་གོང་འཕེལ་གྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་དགོས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་སྟེགས་བུ་བེད་སྤྱོད་ཡག་པོ་བཏང་ནས། འདི་ལོ་གཏན་འབེབས་བྱས་པའི་དྲ་སྦྲེལ་དང་གྲངས་གཞིའི་དཔལ་འབྱོར་འཆར་འགོད་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ལོ་འདི་དག་ནང་ཀྲུང་གོའི་དཔལ་འབྱོར་ལ་འགུལ་ནུས་གསར་པ་ཟམ་མི་ཆད་པར་ཐོན་པ་དང་། དེའི་འགག་རྩ་ནི་གསར་གཏོད་ཀྱི་གོང་འཕེལ་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་པ་ཡིན། 
        གཉིས་ནི་བློ་བརྟན་འགྱུར་མེད་ངང་སྒོ་དབྱེ་རྒྱ་སྐྱེད་བཏང་ནས། གོང་འཕེལ་གྱི་བར་ཁམས་ཆེན་པོ་གཏོད་དགོས། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས། སྒོ་དབྱེའི་ཁྲོད་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རེས་འཁོར་གསར་པའི་གོང་འཕེལ་ཆེན་མོ་མངོན་འགྱུར་བྱེད་དགོས། དེང་སང་ནི་ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བའི་ལོ་ཞིག་ཡིན། ཀྲུང་གོས་འབྱུང་འགྱུར་ལ་ཕྱོགས་ནས་སྒོ་དབྱེ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པས། འཛམ་གླིང་ལ་ཕན་པ་དེ་བས་ཆེན་པོ་ཐོབ་སྲིད། 

        གསུམ་ནི་ཁོག་ཡངས་རང་བཞིན་གྱི་གོང་འཕེལ་ལག་བསྟར་ཧུར་ཐག་བྱས་ཏེ། མི་དམངས་ལ་དེ་བས་ཆེ་བའི་ཐོབ་ཚོར་ཡོང་བ་བྱེད་དགོས། ང་ཚོས་ཁོག་ཡངས་རང་བཞིན་ཆེ་རུ་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། མི་དེ་བས་མང་བས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། དབུལ་ཕོངས་ཉུང་གཏོང་དང་། ཁེ་ལས་འབྲིང་ཆུང་། སློབ་གསོ། རུལ་སུངས་ལ་ངོ་རྒོལ། གྲོང་ཁྱེར་དང་གྲོང་རྡལ་ཅན། བུད་མེད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཨེ་ཤ་ཡའི་མི་དམངས་དུང་ཕྱུར་28ཀྱི་བདེ་སྐྱིད་ཆེ་རུ་གཏོང་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལས་ཞུགས་སྔོན་ལ་འཇོག་རྒྱུན་འཁྱོངས་བྱ་རྒྱུ་ཡིན། འདས་ཟིན་པའི་ལོ་ཁ་ཤས་རིང་ཀྲུང་གོས་ལོ་ལྟར་མི་བྱེ་བ་གཅིག་དང་ས་ཡ་གསུམ་ཡན་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པ་བྱས་ཡོད། 

        བཞི་ནི་རོགས་པའི་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ནས། གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་དགོས། ང་ཚོས་ལས་དབང་ཐུན་མོང་མ་ལག་གི་འདུ་ཤེས་ཆེ་རུ་བཏང་ནས། སྲིད་ཇུས་མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས། མཐུན་ཡང་རང་རང་གི་ཁྱད་ཆོས་ཡོད་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས་པ་དང་། རང་རང་གི་ཁེ་ཕན་དང་མི་གཞན་གྱི་ཁེ་ཕན་གཉིས་ཀར་ལྟ་རྟོག་ཐུབ་པ་བྱེད་དགོས། མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་འདུ་ཤེས་ཀྱི་རྨང་གཞིའི་ཐོག ཀྲུང་གོས་ རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་མ་ཟད་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རོགས་པ་དང་མཉམ་དུ་མཐུན་སྦྱོར་མཉམ་འགུལ་གོང་འཕེལ་ཡོང་བ་དང་། ལས་དབང་ཐུན་མོང་མ་ལག་གི་ཕྱོགས་སུ་གོམ་སྟབས་སྤོ་འདོད་ཡོད་ཅེས་བསྟན་ཡོད་པ་རེད། 
        ཞི་ཅིན་ཕིང་གིས་ཟླ་བ་གོང་མར་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་ལེགས་གྲུབ་ལྡན་པའི་ངང་འཚོགས་ཡོད་པ་དང་། སླད་ཕྱིན་དུས་སྐབས་ཤིག་རིང་གི་གཞི་རྩའི་བྱེད་ཕྱོགས་དང་གོང་འཕེལ་གྱི་འཆར་གཞི་གཏན་འཁེལ་བྱས་ཡོད། གོང་འཕེལ་གྱི་འགུལ་ཤུགས་དེ་བས་ཆེ་བ་དང་། མི་དམངས་ཀྱི་ཐོབ་ཚོར་དེ་བས་ཆེ་བ། འཛམ་གླིང་བར་ཕན་ཚུན་སྤེལ་རེས་དེ་བས་ཟབ་པ་བཅས་ཀྱི་ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་དང་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་བསྐྲུན་ངེས་དང་། ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་། 
        ཉིན་དེ་རང་གི་ཕྱི་དྲོ་གྲོས་ཚོགས་མུ་མཐུད་འཚོགས་ཡོད། ཚོགས་ཞུགས་དཔལ་འབྱོར་མ་ལག་གི་འགོ་ཁྲིད་པས་ས་ཁུལ་གྱི་ཉོ་ཚོང་དང་མ་འཇོག མཉམ་སྦྲེལ་མཉམ་མཐུད་བཅས་ཀྱི་འགུལ་ཤུགས་གསར་པའི་གྲོས་གཞིར་གཞིགས་ནས་གྲོས་བསྡུར་གནང་ཡོད་པ་རེད། 
        ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀྱི་ཐད་གལ་འགངས་ཤིན་ཏུ་ཆེན་པོ་ཡིན། དེ་ཡང་གཅིག་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེའི་གོང་འཕེལ་གྱི་ཁོར་ཡུག་ཆེན་མོར་སྲུང་སྐྱོབ་ཡག་པོ་བྱས་ནས། ཉོ་ཚོང་དང་མ་འཇོག་བྱེད་སྒོར་མཐུན་རྐྱེན་བསྐྲུན་ཡོད། གཉིས་པ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོས་ཚམ་ཚོམ་མེད་པར་མཉམ་སྦྲེལ་མཉམ་མཐུད་ཀྱི་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་གཏོད་ནས། འཕར་སྣོན་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་བྱས་ཡོད། ང་ཚོས་མཉམ་ལས་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས་པ་དང་། རང་མོས་སྒོ་དབྱེའི་ཉོ་ཚོང་དང་མ་འཇོག་ལ་སྲུང་སྐྱོབ་བྱེད་པ། ཐུན་མོང་ཐོག་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མཉམ་སྦྲེལ་མཉམ་མཐུད་ཀྱི་འཆར་གཞི་དོན་འཁྱོལ་བྱེད་པ་བཅས་བྱས་ནས་འཛམ་གླིང་དཔལ་འབྱོར་ལ་དྲང་ཕྱོགས་ཀྱི་ནུས་པ་ཟམ་མི་ཆད་པར་སྣོན་དགོས་ཞེས་གསུངས་། 

        གྲོས་ཚོགས་ཐོག་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་ལྔ་པའི་བསྒྲགས་གཏམ་ཞེས་པ་སྤེལ་ཡོད་པ་རེད། 

        ཉིན་དེ་རང་གི་སྔ་དྲོར། ཞི་ཅིན་ཕིང་གིས་ད་དུང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་དཔལ་འབྱོར་མ་ལག་གི་འགོ་ཁྲིད་པ་དང་ལྷན་དུ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གནས་བབ་ཀྱི་དངོས་གཞི་མ་ཡིན་པའི་སྐད་ཆ་ཤོད་རེས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་གནས་བབ་ངོ་སྤྲོད་གནང་བ་དང་། ཀྲུང་གོས་འཛམ་གླིང་དཔལ་འབྱོར་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གོང་འཕེལ་ཐད་འཛིན་པའི་ལྟ་སྟངས་རྒྱས་བཤད་གནང་བ་མ་ཟད། ང་ཚོས་འཛམ་གླིང་དཔལ་འབྱོར་དེ་འཕར་སྣོན་གྱི་དུས་མཚམས་ལ་སླེབས་པ་ལས་བྱུང་བའི་གོ་སྐབས་དམ་འཛིན་བྱས་ཏེ། གོང་འཕེལ་ཁྲོད་གནས་པའི་བང་རིམ་ཟབ་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་དང་། དངོས་གཟུགས་དཔལ་འབྱོར་དར་རྒྱས་ཤུགས་ཆེར་བཏང་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོས་མུ་མཐུད་དུ་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་ནན་སྟོན་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1