༄༅། །ནང་སའི་མཐོ་འབྲིང་གི་བོད་རིགས་སློབ་མར་སེམས་ཁུར་དང་སློབ་གསོ་གཏོང་སྟངས་སྐོར་ཅུང་ཟད་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-24


       ལྷག་བསམ་ཟོལ་མེད་ཀྱིས་སློབ་མར་སེམས་ཁུར་དང་སློབ་གསོ་གཏོང་རྒྱུ་ནི་སློབ་གསོའི་བྱ་གཞག་ལ་དགའ་མོས་ཡོད་མེད་ཀྱི་གནད་འགག་ཅིག་ཡིན་ལ།སློབ་གསོ་སློབ་ཁྲིད་ཀྱི་དགོས་ངེས་ཀྱི་ཆེ་རྐྱེན་ཞིག་དང་།དགེ་བའི་བཤེས་གཉེན་ཚོའི་རྩ་བའི་འོས་འགན་ཞིག་ཀྱང་རེད་སྙམ།

      ནང་སའི་མཐོ་འབྲིང་གི་སློབ་གྲྭ་ཁག་ཏུ་ཡོད་པའི་བོད་རིགས་སློབ་མ་རྣམས་ནི་རང་གི་དྲིན་ཅན་ཕ་མ་དང་། བརྩེ་བའི་སྤུན་མཆེད། དགའ་ཉེ་བློ་དཀར། མཛེས་པའི་ཕ་ཡུལ་དང་བྲལ་ཏེ་ཐག་རིང་ནང་སར་རང་དགོས་ཤེས་ཡོན་སྦྱོང་བར་བསྐྱོད་པ་ཞིག་ཡིན་པས་སྔར་ལས་ལྷག་པའི་སྒོ་ནས་ནང་སའི་མཐོ་རིམ་སློབ་འབྲིང་གི་སློབ་གསོ་སློབ་ཁྲིད་ཀྱི་མ་ལག་དེ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས་ན།ནང་སའི་རྒྱ་རིགས་རྒན་ལགས་ཚོས་ལྷག་བསམ་རྣམ་དག་གིས་བོད་རིགས་སློབ་མར་བྱམས་སྐྱོང་གནང་དགོས་ལ།བོད་རིགས་དགེ་རྒན་ཚོས་ཀྱང་ནང་སའི་མཐོ་འབྲིང་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ལ་རང་ཡོད་ཀྱི་ལེགས་ཆ་གང་ཐུབ་ཅི་ཐུབ་ཀྱིས་འདོན་ཐུབ་པ་བྱས་ཏེ།གཅིག་ནས་བོད་སྐད་ཡིག་གི་སློབ་ཁྲིད་ཀྱི་ལས་འགན་རྣམས་ལེགས་པར་བསྒྲུབ་དགོས་པ་དང་།གཉིས་ནས་ནང་སའི་སློབ་མར་དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་དང་ལྷག་བསམ་ཟོལ་མེད་ཀྱི་སློབ་གསོ་བརྒྱབ་ཚེ།ཁོང་ཚོའི་ཀུན་སྤྱོད་དང་།ཤེས་རིགགཟུགས་པོ།མཛེས་དཔྱོད་སོགས་གང་ཐད་ནས་ཡར་རྒྱས་དང་འཐུས་ཚང་དུ་འགྲོ་ངེས་ཡིན་སྙམ།འདིར་ཁོ་བོས་ཧོ་པེ་དགེ་འོས་སློབ་ཆེན་གྱི་ཞོར་གཏོགས་བོད་ལྗོངས་འཛིན་གྲྭར་བགྲང་བྱ་གཅིག་ཙམ་རིང་བོད་སྐད་ཡིག་སློབ་ཁྲིད་ཀྱི་ལས་འགན་སྒྲུབ་སྐབས།རང་ཉིད་ཀྱིས་སློབ་མར་དོ་དམ་དང་དོ་འཁུར་ཇི་ལྟར་བྱས་མིན་གྱི་ཉམས་མྱོང་ཅུང་ཟད་བརྗོད་པར་འདོད།
     དང་པོ།དགེ་རྒན་གྱིས་སློབ་ཕྲུག་མི་རེ་ངོ་རེར་སེམས་ཁུར་བྱེད་དགོས།
     སློབ་མར་སེམས་ཁུར་བྱ་རྒྱུ་ནི་དགེ་རྒན་གྱི་དགོས་ངེས་ཀྱི་འོས་འགན་དང་དགེ་རྒན་གྱི་དྭངས་གཙང་ལྷད་མེད་ཀྱི་ཀུན་སྤྱོད་ཅིག་དང་།སློབ་གསོ་སློབ་ཁྲིད་ལེགས་གྲུབ་ཡོང་བའི་དགོས་པའང་ཡིན་ཞེས་པ་ལྟར་དེ་ཡང་སྨན་པས་ནད་པར་སྨན་བཅོས་བྱེད་པ་ལྟ་བུ་ཡིན།ངང་རྒྱུད་རིང་པོས་སློབ་མ་མི་རེ་ངོ་རེའི་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ་རྣག་ཐོག་གཙག་འཁེལ་གྱིས་མཛུབ་སྟོན་དང་སེམས་ཁུར།བྱམས་སྐྱོང་བཅས་བྱས་ན།ད་གཟོད་སློབ་མ་ཀུན་གྱིས་ཡིད་ཆེས་ཐོབ་པ་དང་དགེ་རྒན་དང་སློབ་མའི་བར་ཉ་ཆུ་ལྟ་བུའི་བརྩེ་དུང་ཞིག་གྲུབ་ངེས་པར་སྙམ།
      ང་ཚོ་དགེ་རྒན་སུ་འདྲ་ཞིག་ཡིནའང་དུས་རྒྱུན་དུ་རང་འཛིན་གྲྭའི་སྦྱངས་འབྲས་དང་ཀུན་སྤྱོད་ལེགས་པའི་སློབ་མར་སེམས་ཁུར་དང་བསྔགས་བརྗོད་བྱེད་དགོས་ལ་ཀུན་སྤྱོད་མི་ལེགས་ཤིང་སློབ་སྦྱོང་གི་སྦྱངས་འབྲས་ཞན་པའི་སློབ་མར་ཡང་སེམས་ཁུར་གང་ལེགས་བྱེད་དགོས།སློབ་མ་དེ་རིགས་ཀྱིས་སློབ་ཁྲིད་ཁྲོད་སློབ་ཚན་མ་ཉན་པར་གཉིད་ལོག་པ་དང་།ཐ་ན་དགེ་རྒན་ལ་མི་འདོད་པའི་རྣམ་འགྱུར་སྟོན་སྐབས།ངེས་པར་དུ་སློབ་མའི་སྤྱོད་ཚུལ་མི་ལེགས་པ་རྣམས་འཕྲལ་དུ་བཀག་འགོག་བྱེད་དགོས་ལ།རྗེས་སོར་དེ་འདྲའི་རིགས་སློབ་ཁྲིད་ཁྲོད་མི་ཐོན་པ་བྱས་ཏེ་སློབ་མ་མི་རེ་ངོ་རེས་སློབ་ཚན་ལེགས་པར་ཉན་དགོས་པའི་སྐུལ་མ་གཏོང་དགོས།དེ་ཡང་གཙོ་བོ་དགེ་རྒན་རང་ངོས་ཀྱི་སྐད་ཆའི་སྒྱུ་རྩལ་དང་སློབ་མའི་ལོ་ཚོད་དང་ཁོར་ཡུགསེམས་ཁམས།གོམས་གཤིས་སོགས་ལ་ངེས་པར་དུ་རྒྱུས་མངའ་བྱས་ཏེ།དགེ་རྒན་གྱིས་ངང་རྒྱུད་རིང་པོས་སློབ་མར་སློབ་གསོ་གཏོང་དགོས།ཨ་རིའི་དེང་དུས་ཀྱི་སློབ་གསོ་རིག་པ་མཁས་ཅན་ཐོ་ཏེ།ཝུའེ་ཐེ་ཁེར་གྱིས་ཕུལ་བྱུང་གི་དགེ་རྒན་ཞིག་ཡིན་ཕྱིན།དུས་རྒྱུན་དུ་ནུས་པ་ལྡན་པའི་སྒོ་ནས་འཛིན་གྲྭར་དོ་དམ་ལེགས་པོ་བྱེད་ཐུབ་ཅིང་།དེ་ལྟར་ལེགས་གྲུབ་ཐུབ་པའི་རྒྱུ་རྐྱེན་ནི།ཁོ་ཚོས་ཁ་བཤད་ལག་ལེན་དུ་བསྟར་བ་དེ་རེད་ཅེས་གསུངས་པ་བཞིན་རྒན་ལགས་ཚོས་རང་གིས་སློབ་ཁྲིད་གོང་དུ་བཏིང་ཟིན་པའི་འཆར་གཞི་རྣམས་ལེགས་སྒྲུབ་བྱེད་དགོས་ལ།ཉེ་དགའ་ཕྱོགས་ཞེན་མེད་པར་སློབ་མའི་སྐྱོན་ཆར་སྐྱོན་སེལ་དང་།དེ་དག་སླར་ཡང་མི་ཐོན་པའི་བཀག་སྡོམ་དང་མཛུབ་སྟོན་ལེགས་པོ་བྱེད་དགོས།གཞན་ཡང་རྒན་ལགས་ཚོས་ཧོད་རྒྱུགས་ཤོར་སླ་བའི་གནད་དོན་གཅིག་ནི་སློབ་སྦྱོང་གི་སྦྱངས་འབྲས་ཞན་ལ་བྱེད་སྒོ་སོགས་གང་ཡང་མི་ཞུགས་པ།གོ་མེད་ཚོར་མེད་ངང་སྡོད་པའི་སློབ་མ་རྣམས་ཡན་གར་བའི་ཚོགས་པ་ཞིག་ལ་མ་བརྩིས་པར་ཐུགས་ཁུར་ཟབ་བཞེས་དང་བྱམས་སྐྱོང་གང་མང་གནང་རྒྱུ་གལ་ཆེ་སྟེ།དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་སློབ་མ་དེ་དག་གི་ལན་འདེབས་པའི་སྣང་ཚུལ་དང་།ཀུན་སྤྱོད།སློབ་སྦྱོང་ཡར་རྒྱས་ཕྱིན་པའི་སྣང་ཚུལ་ལ་བསྟོད་བསྔགས་དང་སྐུལ་ལྕག་མང་ཙམ་གཏོང་དགོས། སེམས་འགུལ་ཐེབས་པའི་སྐད་ཆ་ནི།སེམས་ཀྱི་ཁང་པའི་ལྡེ་མིག་ལྟ་བུ་ཡིན་ལ།དེས་སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་ཆེ་རུ་འགྲོ་སྲིད་ལ།སློབ་མའི་སེམས་ཁམས་ལ་འགྱུར་བ་ཐེབས་ཐུབ་ཅེས་པ་ལྟར།དཔེར་ན།ཁོ་བོས་ནང་སར་བོད་ཡིག་སློབ་ཁྲིད་བྱེད་སྐབས།སློབ་མ་བུ་ཞིག་ཡོད།སློབ་མ་དེ་དུས་རྒྱུན་སློབ་ཚན་འཁྲིད་སྐབས་གཉིད་ཉལ་རྒྱུར་དགའ་ལ།ཀུན་སྤྱོད་དང་ཤེས་རིག་ཞན་ལ།ཁྱིམ་ཚང་ཅུང་དབུལ་བ།སློབ་གསེང་གི་བྱེད་སྒོ་གང་ལའང་ཞུགས་ཀྱི་མེད།ཉིན་ཞིག་སློབ་ཚན་འཚོག་སྐབས།ངས་སློབ་མ་དེར་རང་སློབ་ཚན་ཚོགས་སྐབས་གཉིད་ཉལ་བའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པས་ཁོས་དེ་མུར་རྒན་ལགས།ང་རང་བོད་ཡིག་གི་རྨང་གཞི་ཞན་པས་སློབ་ཁྲིད་ཀྱི་ནང་དོན་དེ་དག་གོ་བ་ལོན་གྱི་མི་འདུགད་ང་ཡར་ལངས་ཏེ་སློབ་ཚན་ཉན་གྱི་ཡིན་ཞེས་ལན་བཏབ་པས།ངས་འཛིན་གྲྭའི་སློབ་མ་ཡོངས་ཀྱི་ཁྲོད་དུ་སློབ་མ་དེས་སྐད་ཆ་དྲང་པོ་བཤད་སོང་བ་དེ་ཡག་པོ་རེད་ཅེས་བསྔགས་བརྗོད་བྱས་པ་དང་།རྗེས་སུ་བོད་ཡིག་ལ་ཤུགས་སྣོན་མང་ཙམ་རྒྱག་རྒྱུའི་སྐུལ་མ་དང་ཁ་ཏ་བསླབ་བྱ་བྱས་པ་དང་།སློབ་ཚན་ཁྲོད་གཉིས་ཉལ་བའི་སྣང་ཚུལ་དེ་དག་ལ་སྒྱུར་བཅོས་བྱེད་དགོས་པའི་སྐུལ་མ་དང་སློབ་གསོ་བཏང་བས།སློབ་མ་དེས་རང་གི་ནོར་འཁྲུལ་ཁས་བླངས་པ་མ་ཟད།ཟླ་ཤས་སོང་རྗེས་སློབ་མ་དེའི་ཀུན་སྤྱོད་དང་སློབ་སྦྱོང་གང་ཐད་ནས་ཡར་རྒྱས་ཆེ་ཙམ་ཕྱིན་པ་བདག་གིས་མིག་མཐོང་ལག་ཟིན་བྱུང་།
       གཉིས་པ། དགེ་རྒན་གྱིས་སློབ་མའི་སྐྱོན་ཡོན་གཉིས་ཀ་རྟོགས་དགོས་ལ།སྐྱོན་ཆ་དེ་དག་སྒྱུར་བཅོས་ཐུབ་པའི་ཐབས་ལམ་འཚོལ་གང་ཐུབ་བྱ་དགོས།
       དགེ་རྒན་གྱིས་སློབ་མ་མི་རེ་ངོ་རེར་ཆ་རྐྱེན་ཅི་ཡང་མེད་པར་སེམས་ཁུར་དང་བྱམས་སྐྱོང་བྱེད་དགོས།རྒྱུ་མཚན་ནི་སློབ་མ་ཅི་འདྲ་ཞིག་ཡིན་ནའང་དགེ་མཚན་དང་སྐྱོན་ཆ་གཉིས་ཀ་ཡོད་སྲིད་པས།དུས་རྟག་ཏུ་སློབ་མའི་དགེ་མཚན་རྣམས་རྒྱུན་འཁྱོངས་ཡོང་བའི་སློབ་གསོ་དང་།སློབ་མའི་ནོར་འཁྲུལ་སྒྱུར་བཅོས་བྱེད་དུ་འཇུག་དགོས་ལ།སློབ་མའི་སྐྱོན་ཆ་དེ་དག་རྗེས་སོར་མི་ཐོན་པའི་སློབ་གསོ་དང་མཛུབ་སྟོན་གང་ལེགས་བྱེད་དགོས།དེ་ལས་ལྡོག་སྟེ་སློབ་མའི་སྐྱོན་ཆར་ཤིན་ཏུ་མི་འདོད་པར་ཚིག་རྩུབ་བརྗོད་ཚེ།སློབ་མའི་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་བཟོ་བ་མ་ཟད།དགེ་རྒན་རང་གི་སྐུལ་སློང་རྣམ་དག་དག་སློབ་མས་དང་ལེན་མི་ཐུབ་པར་དགེ་སློབ་བར་གྱི་འབྲེལ་བ་ཞན་དུ་འགྲོ་ཉེན་ཡོད།དེ་ལྟར་ན་སློབ་ཁྲིད་ལས་འགན་རྣམས་ལེགས་སྒྲུབ་མི་ཐུབ།
       དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་གི་བཟོ་སྐྲུན་ཆེ་མོ་བ་ཞིག་ལགས་པས།རང་ཉིད་ཀྱི་ཁོག་པ་མདའ་གཤོང་མདུང་གཤོང་ཞིག་དགོས་ལ།སྒོམ་ཆེན་ལྟ་བུའི་བཟོད་སྒོམ་གྱི་བསམ་པ་ཞིག་ངེས་པར་དུ་དགོས།དེ་ཡང་སློབ་མའི་སྐྱོན་ཆར་དབྱེ་ཞིབ་དང་།མཛུབ་སྟོན་ཡང་དག་བྱེད་དགོས།དཔེར་ན།སློབ་མ་འགའ་རྩེད་མོ་རྩེ་རྒྱུར་ཚོད་མེད་པ།འགའ་རེ་རང་ཤེད་ཚ་བ།འགའ་རེ་འཁྲུག་པ་རྒྱག་རྒྱུར་དགའ་བ་སོགས་ཀྱི་སྐྱོན་ཆ་ལྡན་ངེས་པས།སློབ་མའི་ནོར་འཁྲུལ་དང་སྐྱོན་ཆ་དེ་དག་ལ་སློབ་གསོ་དང་མཛུབ་སྟོན་བྱེད་མཁས་པོ་ཞིག་དགོས་པར་སྙམ།ཡང་ཐེངས་ཤིགབོད་ཡིག་སློབ་ཚན་ཚོགས་སྐབས།སློབ་མ་ཞིག་ལ་ཁྱོད་ཀྱི་སྐྲ་རིང་པོར་བཞག་པ་དང་སྐྲ་སེར་པོ་བཟོས་པ་དེ་མི་འགྲིགསྐྲ་དེ་ཐུང་ཙམ་བཟོས་ན་ལེགས་པོ་ཡོང་ངེས་ཡིན་ཞེས།ཁོ་བོས་འཛིན་གྲྭའི་སློབ་མ་ཡོངས་ཀྱི་ཁྲོད་དུ་བརྗོད་པས།ཕལ་ཆེར་སློབ་མ་དེ་ངོ་ཚ་བ་དང་།སེམས་པར་ཕོག་ཐུག་ཆེ་་ཙམ་བྱུང་བ་འདྲ།སློབ་མ་དེས་དེ་མུར་ཤབ་ཤུབ་ངང་ཁོ་བོར་མི་འདོད་པའི་རྣམ་འགྱུར་སྟོན་པས།ང་རང་སྐབས་དེར་སེམས་མ་སྐྱིད་པ་ཅུང་ཟད་བྱུང་བ་དང།སེམས་སུ་ད་རེས་ཀྱི་སློབ་གསོ་གཏོང་ཐབས་དེ་ནོར་སོང་སྙམ་བྱུང་།སློབ་ཚན་གྲོལ་རྗེས་སློབ་མ་དེ་ང་རང་གི་སློབ་དཔྱོད་ཁང་དུ་འབོད་དེ་སེམས་རྩ་འཁོལ་པོས།སློབ་མ་དེར་སྐྲ་རིང་པོ་བཞག་པ་དང་སེར་པོ་བཟོས་པ་དེ་སློབ་གྲྭ་འབྲིང་ཆུང་གི་སྒྲིག་སྲོལ་ལས་འགལ་བས་ངེས་པར་སྒྱུར་བཅོས་བྱེད་དགོས་ཞེས་བརྗོད་པས།སློབ་མ་དེས་མོས་པའི་ཚུལ་གྱིས་མགོ་བོ་ལྕོག་ལྕོག་བྱས།
       གསུམ་པ།  དུས་ཚོད་ངེས་མེད་དུ་སློབ་མའི་འཚོ་བར་དོ་སྣང་དང་སེམས་ཁུར་མང་ཙམ་བྱ་དགོས།
       ནང་སར་སློབ་སྦྱོང་བྱེད་པའི་སློབ་མ་དག་དུས་ཡུན་རིང་པོར་རང་གི་ཕ་མ་སྤུན་མཆེད་དང་ཁ་བྲལ་བས།ཞར་ཞོར་དུ་ཁོ་ཚོའི་འཚོ་བར་ལྟ་རྟོག་དང་སེམས་ཁུར་བྱེད་དགོས།རྒན་ལགས་ཚོས་དུས་རྒྱུན་དུ་ཁོ་ཚོའི་སེམས་ཁམས་ཀྱི་སྣང་ཚུལ་དང་།ཆས་གོས།ཟ་མ།ཉལ་ཁང་སོགས་ལ་ལྟ་ཞིབ་་མང་ཙམ་བྱེད་པ་དང་།མཛུབ་སྟོན་གང་མང་བྱ་དགོས་ངེས་སྙམ།དཔེར་ན།སློབ་མ་འགའ་ཤས་ཀྱི་གཤིས་ཀ་ཡན་གར་བ་དང་།རང་ཤེད་ཚ་བ།གཤིས་རྒྱུད་རྩུབ་པ།དུས་ཡུན་རིང་པོར་ནང་མི་སྤུན་མཆེད་དང་བྲལ་དགོས་བྱུང་བས་མཚམས་རེ་སེམས་མ་སྐྱིད་པའི་གནས་ཚུལ་ཐོན་ངེས་པས།སྣང་ཚུལ་དེ་རིགས་ལ་ནན་ཏན་གྱི་སྒོ་ནས་མཛུབ་ཁྲིད་དང་སློབ་གསོ་གཏོང་དགོས།མཚམས་རེ་དགེ་རྒན་གྱིས་སློབ་མར་སེམས་ཁུར་བྱེད་པའི་སྐད་ཆ་ཚིག་རེ་གཉིས་ཀྱིས་ཀྱང་སློབ་མའི་གྲང་ཤུར་ཤུར་གྱི་སེམས་ཁམས་ལ་དྲོད་ལམ་ལམ་གྱི་མེ་ལྕེ་མཆེད་སྲིད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1