1、གྲོང་གསེབ་ཀྱི་ས་ཞིང་འགན་གཙང་སྤྲོད་ལེན་ཐད་གྲོང་གསེབ་མཉམ་སྡེབ་ཀྱི་དཔལ་འབྱོར་རྩ་འཛུགས་ནང་ཁུལ་དུ་ཁྱིམ་ཚང་ལ་འགན་གཙང་སྤྲོད་པའི་བྱ་ཐབས་སྤྱོད་རྒྱུ། ཁྱིམ་ཚང་ལ་འགན་གཙང་སྤྲོད་པའི་བྱ་ཐབས་སྤྱོད་མི་འོས་པའི་རི་རྒོད་དང་། ལུང་ཤུར། དེའུ་འབུར། གྲམ་ཐང་སོགས་གྲོང་གསེབ་ཀྱི་ས་ཞིང་དག་འོས་སྐུལ་དང་ཧབ་འཚོང་། ཡོངས་གྲགས་སུ་གྲོས་མོལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འགན་གཙང་སྤྲོད་དགོས།
གྲོང་གསེབ་ཀྱི་ས་ཞིང་འགན་གཙང་སྤྲོད་ལེན་ཐད་བུད་མེད་རྣམས་སྐྱེས་པ་དང་འདྲ་མཉམ་གྱི་དབང་ཆ་ཡོད། འགན་གཙང་ལེན་གྱི་ནང་དུ་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་བུད་མེད་རྣམས་ཀྱི་འཐོབ་འོས་པའི་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ལ་གནོད་འཚེ་བཟོ་མི་ཆོག
2、གྲོང་གསེབ་ས་ཞིང་འགན་གཙང་ལེན་ཕྱོཊ་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་དྲུག་པར། འགན་གཙང་བླངས་རིང་། འགན་གཙང་སྤྲོད་མཁན་གྱིས་འགན་གཙང་ས་ཞིང་ཕྱིར་བསྡུ་བྱ་མི་རུང་། འགན་གཙང་བླངས་རིང་། འགན་གཙང་ལེན་མཁན་གྱི་ཁྱིམ་མི་ཚང་མ་གྲོང་རྡལ་ཆུང་གྲས་སུ་གནས་སྤོ་གཏན་སྡོད་བྱས་རིགས། འགན་གཙང་ལེན་མཁན་གྱི་བློ་འདོད་ལྟར་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་སོར་འཇོག་བྱ་རྒྱུའམ་ཡང་ན་དེས་ཁྲིམས་ལྟར་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་བཤུག་བརྗེ་བྱེད་ཆོག འགན་གཙང་བླངས་རིང་། འགན་གཙང་ལེན་མཁན་གྱི་ཁྱིམ་མི་ཚང་མ་ཆུས་ཡོད་པའི་གྲོང་ཁྱེར་དུ་སྤོས་ཏེ་གྲོང་གསེབ་ཐེམ་ཐོར་བསྒྱུར་རིགས། འགན་གཙང་བླངས་པའི་ཞིང་ས་དང་རྩྭ་ས་རྣམས་འགན་གཙང་སྤྲོད་མཁན་ཕྱོགས་ལ་རྩིས་འབུལ་བྱ་དགོས། འགན་གཙང་ལེན་མཁན་ནས་རྩིས་འབུལ་མི་བྱེད་རིགས། འགན་གཙང་སྤྲོད་མཁན་ཕྱོཊ་ཀྱིས་འགན་གཙང་ཞིང་ས་དང་རྩྭ་ས་རྣམས་ཕྱིར་བསྡུ་བྱེད་ཆོག་ཅེས་གཏན་འབེབས་བཟོས་ཡོད།
3、རྒྱུ་ནོར་བདག་དབང་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་ཉེར་བདུན་པར། ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ནི་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་སྐོར་གྱི་གན་རྒྱའི་ནུས་པ་ཐོན་པ་ནས་བརྩི་རྒྱུ་ཞེས་གཏན་འབེབས་བྱས་ཡོད། ཞིང་པའི་ཁྱིམ་ཚང་ལ་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་འཐོབ་ཚུལ་ནི་འགན་གཙང་སྤྲོད་མཁན་ཕྱོཊ་དང་འགན་གཙང་གན་རྒྱ་བཞག་ནས་ཐོབ་པ་ཡིན་པ་ལས་ས་ཞིང་གཉེར་འགན་གཙང་ལེན་གྱི་ལག་འཁྱེར་ཐོབ་པས་མིན། དེར་བརྟེན། འགན་གཙང་གན་རྒྱ་དང་ས་ཞིང་གཉེར་འགན་གཙང་ལེན་གྱི་ལག་འཁྱེར་དབར་འགལ་བ་འཕྲད་ཚེ། འགན་གཙང་གན་རྒྱ་ཁོ་ན་ཞིང་དུད་ལ་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་འཐོབ་པའི་གཞི་འཛིན་ས་རུ་བརྩི་དགོས། ཡང་རྒྱུ་ནོར་བདག་དབང་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་སོ་གཉིས་པར། ས་ཞིང་གཉེར་འགན་གཙང་ལེན་བྱས་པའི་ས་ཞིང་གཞུང་བསྡུ་བྱས་ཚེ། བཅའ་ཁྲིམས་འདིར་འཁོད་དོན་ཚན་ཞེ་གཉིས་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལྟར་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་འཛིན་མཁན་ལ་སྐྱིན་གསབ་བབ་མཚུངས་ཐོབ་དབང་ཡོད་ཅེས་གཏན་འབེབས་བྱས་ཡོད། དེར་བརྟེན། འགན་གཙང་བླངས་པའི་ས་ཆ་གཅིག་ལ་ཞིང་དུད་ཀྱིས་འགན་གཙང་གན་རྒྱ་བཞག་ནས་ཁྲིམས་ལྟར་ས་ཞིང་གཉེར་འགན་གཙང་ལེན་བྱེད་དབང་ཐོབ་པའི་འགན་གཙང་ས་ཆ་དེ་ཉིད་གཞུང་བསྡུ་བྱས་རྗེས།དེ་མཚུངས་ཀྱི་གུན་གསབ་གྲོན་དངུལ་འཐོབ་དབང་ཡོད་པ་རེད། །
(ལྷ་མོའི་ཁྲིམས་ལུགས་བཤད་སྟེགས་ཞེས་པའི་འཕྲིན་སྟེགས་ལས་བཤུས།)