ཞི་ཅིན་ཕིང་གིས་ཨུ་ལན་མུ་ཆི་རྟ་པའི་རུ་ཁག་གི་རུ་མིར་འཕྲིན་ལན་བསྐུར་གནང་བ།
རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 11-23
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་21ཉིན་ནང་སོག་རང་སྐྱོང་ལྗོངས་སུའུ་ཉི་ཐེ་ཡའུ་ཆི་ཨུ་ལན་མུ་ཆི་རྟ་པའི་རུ་ཁག་གི་རུ་མིར་འཕྲིན་ལན་བསྐུར་ནས། ཁོ་ཚོས་མུ་མཐུད་གཞི་རིམ་ལ་གཞི་ཚུགས་པ་དང་། མང་ཚོགས་ལ་ཞབས་ཞུ་སྒྲུབ་དགོས་པ་དང་། གཞི་རིམ་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་། རྒྱུད་སྤེལ་བྱེད་ཐུབ་པ། སོར་འཇོག་བྱེད་ཐུབ་པ་བཅས་ཀྱི་ཕུལ་བྱུང་བརྩམ་བྱ་དེ་བས་མང་བ་གསར་གཏོད་བྱ་རྒྱུའི་སྐུལ་མ་གནང་།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཡི་གེའི་ནང་ནས་ངས་ཨུ་ལན་མུ་ཆི་རྟ་པའི་རུ་ཁག་གི་འཚར་ལོངས་དང་ཡར་རྒྱས་མཐོང་བྱུང་བས་དགའ་ཚོར་ཆེན་པོ་བྱུང་ལ། ཁྱེད་ཚོས་བྱ་གཞག་ལ་བཅངས་པའི་དགའ་ཞེན་དང་ཏང་དང་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་དེ་ཡང་མྱོང་ཚོར་ཐུབ་བྱུང་ཞེས་གསུངས།
ཞི་ཅིན་ཕིང་གིས། ཨུ་ལན་མུ་ཆི་རྟ་པའི་རུ་ཁག་ནི་རྒྱལ་ཡོངས་ཀྱི་རིག་རྩལ་འཐབ་ཕྱོགས་ཀྱི་དར་ཆ་ལྟ་བུ་ཞིག་ཡིན་ཞིང་། ཨུ་ལན་མུ་ཆི་རྟ་པའི་རུ་ཁག་དང་པོ་དེ་ཁྱེད་ཚོའི་ཕ་ཡུལ་དུ་བཙུགས་པ་ཡིན། ལོ་ངོ་60སོང་རིང་། མི་རབས་རིམ་རྒྱུད་ཀྱི་ཨུ་ལན་མུ་ཆི་རྟ་པའི་རུ་ཁག་གི་རུ་མིས་གངས་ཆར་ལ་མི་འཛེམ་པ་དང་ཚ་གྲང་ཁྱད་དུ་བསད་ནས་དུས་ཡུན་རིང་པོ་བྱེ་ཐང་དང་རྩྭ་ཐང་ཐོག་ལ་ཀླུང་དུ་མ་བརྒལ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་དགའ་སྤྲོ་དང་ཤེས་དཔལ་སྐྱེལ་ཡོད་པ་དང་། ཏང་གི་གསུང་སྒྲ་དང་ཐུགས་ཁུར་རྒྱུད་སྤྲོད་བྱས་ཡོད་ཅེས་བསྟན།
ཞི་ཅིན་ཕིང་གིས། ཨུ་ལན་མུ་ཆི་རྟ་པའི་རུ་ཁག་ཡུན་རིང་དར་བ་ལས་ཉམས་རྒུད་དུ་མི་འགྲོ་བའི་ཐོག་ནས། མི་དམངས་ལ་སྒྱུ་རྩལ་མཁོ་བ་དང་། སྒྱུ་རྩལ་ལ་ཡང་མི་དམངས་མཁོ་བ་མངོན་གྱི་ཡོད། དུས་རབས་གསར་པར། ཁྱེད་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་མཛུབ་ཁྲིད་བྱས་ཏེ། ཨུ་ལན་མུ་ཆི་རྟ་པའི་རུ་ཁག་གི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེ་བཏང་ནས། འཚོ་བའི་གཤིན་སར་གཞི་ཚུགས་པ་དང་། འབྲོག་པ་མང་ཚོགས་ལ་ཞབས་ཞུ་སྒྲུབ་ཐོག རིག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ནས། གཞི་རིམ་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་། རྒྱུད་སྤེལ་བྱེད་ཐུབ་པ། སོར་འཇོག་བྱེད་ཐུབ་པ་བཅས་ཀྱི་ཕུལ་བྱུང་བརྩམ་བྱ་དེ་བས་མང་བ་གསར་གཏོད་བྱས་ཏེ། ནམ་ཡང་རྩྭ་ཐང་ཐོག་གི་དམར་པོའི་རིག་རྩལ་གྱི་རྟ་པའི་རུ་ཁག་ཅིག་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།
ཨུ་ལན་མུ་ཆི་རྟ་པའི་རུ་ཁག་གི་སོག་སྐད་ཀྱི་གོ་དོན་ནི་མྱུག་གསར་དམར་པོ་ཞེས་པའི་དོན་ཡིན་ཞིང་། རྗེས་སུ་དམར་པོའི་རིག་རྩལ་རྟ་དམག་ཧྲག་པོ་ཞེས་པར་མཆེད་ཡོད། དེ་ནི་རྩྭ་ཐང་གི་ཐོན་སྐྱེད་འཚོ་བའི་ཁྱད་ཆོས་དང་འཚམ་པའི་རིག་རྩལ་ལས་དོན་རུ་ཁག་ཅིག་ཡིན་པ་དང་། འཁྲབ་སྟོན་དང་། དྲིལ་བསྒྲགས། ཟུར་ཁྲིད། ཞབས་ཞུ་སོགས་ཀྱི་འགན་ནུས་ལྡན་ཞིང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། སྤྱི་ལོ་1957ལོར། སུའུ་ཉི་ཐེ་ཡའུ་ཆི་རུ་ནང་སོག་གི་ཨུ་ལན་མུ་ཆི་རྟ་པའི་རུ་ཁག་དང་པོ་དེ་བཙུགས་ཡོད། མིག་སྔར། ནང་སོག་རྩྭ་ཐང་ཐོག་ཨུ་ལན་མུ་ཆི་རྟ་པའི་རུ་ཁག་75ཡོད་པ་དང་། ལོ་ལྟར་འཁྲབ་སྟོན་ཐེངས་7000ལྷག་བྱེད་ཀྱི་ཡོད། ཉེ་ཆར། སུའུ་ཉིན་ཐེ་ཡའུ་ཆི་ཡི་ཨུ་ལན་མུ་ཆི་རྟ་པའི་རུ་ཁག་གི་རུ་མི་བཅུ་དྲུག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ཨུ་ལན་མུ་ཆི་རྟ་པའི་རུ་ཁག་གི་ལོ་ངོ་60འི་རིང་གི་གོང་འཕེལ་གནས་ཚུལ་སྙན་གསེང་ཞུས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་མངོན་ཡོད་པ་རེད།།