ཧོར་པོའི་ལག་ཤེས་བཟོ་ལས་དེ་དར་སོང་། དམངས་ཁྲོད་ངོ་མཚར་ཟློས་གར་དེ་མཛེས་སོང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-27



ཧོར་པོ་ལག་ཤེས་བཟོ་ལས་དང་འབྲེལ་ཡོད་ཀྱི་
དམངས་ཁྲོད་ཀྱི་ཟློས་གར།
        ཧོར་པོ་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་ནི་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་འགྱུར་བ་འགྲོ་བཞིན་ཡོད་པ་ཇི་བཞིན། དེ་ཡང་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་ཕུན་སུམ་ཚོགས་པ་ཞིག་དུས་ཀྱི་དགོས་མཁོ་ཡི་དབང་གིས་ཆོས་ལུགས་རིག་གནས་ཀྱི་ཁྱབ་ཁོངས་སུ་དགོས་མཁོ་ཆེ་བར་གྱུར་ཡོད།
        དེ་ཡང་གོ་གླུ་ཞེས་པའི་དམངས་ཁྲོད་ཀྱི་ཟློས་གར་འདི་ནི་ཁམས་དཔལ་ཡུལ་རྫོང་ཞབས་ཀྱི་རྙིང་མའི་དགོན་ཆེན་ཤར་རྒྱལ་བ་ཀཿཐོག་དགོན་པའི་ཐུན་མོང་མ་ཡིན་པའི་ཟོར་འཆམ་ཞིག་ཡིན། ད་བར་དུ་འཆམ་འདི་དར་ནས་ལོ་ངོ་བརྒྱ་ཕྲག་དུ་མ་སོང་ཡོད། དེ་ཡང་ཐོག་མར་འཆམ་འདི་དགོན་པའི་དགུ་གཏོར་ཆེན་མོ་དང་བསྟུན་ནས་དགྲ་བགེགས་དང་རྐྱེན་ངན་བར་ཆད་དག་བསྒྲལ་བའི་ཕྱིར་དུ་ལོ་ལྟར་རྒྱུན་མ་ཆད་པར་འཆམ་སྲོལ་ཡོད། དེ་བཞིན་དུ་གོ་གླུ་འདི་ཡང་ཁམས་དཔལ་ཡུལ་ཧོར་པོའི་ལག་ཤེས་བཟོ་རྩལ་དང་འབྲེལ་བ་ཆེན་པོ་ཡོད་དེ། འཆམ་འདིས་གཙོ་བོ་གླིང་གི་དཔའ་རྒྱ་ཚ་ཞལ་དཀར་དང་ཁོང་གི་རྟ་ཕོ་རྒྱ་བྱ་སོག་དཀར་དང་། གྲི་ཡ་ཟི་སྐར་ཕྲན། ཁྲབ་རྨོག་སོགས་ལ་རྣམ་བཤད་བྱས་ཏེ་མགར་ལས་ཕྱོགས་ཀྱི་རིག་གནས་དག་ཕུན་སུམ་ཚོགས་པའི་སྒོ་ནས་མིག་མདུན་དུ་མངོན་ཡོད་དོ། །

གོ་གླུ་འཆམ་མཁན་ནི་ཀཿཐོག་དགོན་པའི་ཆོས་སྡེ་ཐོག་མ་པད་ལུང་སྡེ་བའི་ཆེས་སྤྱི་བཏང་གི་སྡེ་མི་སེར་རྣམས་ཀྱིས་འཆམ་ཞིང་། སྡེ་མི་སེར་དག་གི་ཆས་སྤྲོས་ནི་ལག་གཡས་པས་རལ་གྲི་འཛིན། གཡོན་པས་ཕུབ་བཟུང་བ། ལུས་ལ་ཁྲབ་གོན་པ་དང་། མགོ་ལ་རྨོག་གྱོན་པའི་ཁྲབ་རྨོག་འཁོར་གསུམ་སྐོར་བའི་གོ་པ་བཅུ་དྲུག་གིས་གྲུབ་པའི་གོ་མཚོན་ཅན་གྱི་འཆམ་ཞིག་ཡིན།

        འཆམ་ཡིག་ལས། གོ་གླུ་གོ་བཤད་དཔའ་བོའི་གད་རྒྱངས་ལ། ཐོག་མར་ར་མདའ་སྦྲན་པའི་གླུ་ནི། གོ་པ་རྣམས་ཡར་མར་གཉིས་ནས་འོང་བའི་གོང་མ་རྣམས་ཀྱིས། འོ་འོ་འོ། ལྷ་བསྭོ་བསྭོ་དཀོན་མཆོག་གསུམ་པོ་བསྭོ། དུས་དེ་རིང་བདག་གི་གྲོགས་ལ་བྱོན། ལན་དུ་འོག་མས་ངག་ལྟ་གོང་བཞིན་བྱས་ལ། འོ་འོ་འོ། ལྷ་བསྭོ་བསྭོ་ཡི་དམ་ལྷ་ཚོགས་བསྭོ། ལས་ངན་པའི་སེམས་ཅན་བསྒྲལ་དུ་གསོལ། གོང་མས། འོ་འོ་འོ། ལྷ་བསྭོ་བསྭོ་ཆོས་སྐྱོང་སྲུང་མ་བསྭོ། དུས་དེ་རིང་བསྟན་དགྲ་ཟས་སྐལ་བཞེས། འོག་མས། འོ་འོ་འོ། ལྷ་བསྭོ་བསྭོ་ཡུལ་ལྷ་གཞི་བདག་བསྭོ། དུས་དེ་རིང་བདག་ལ་སྡོང་གྲོགས་མཛོད། ལིང་གའི་ཡར་མར་འཛིང་ཚུལ་བྱས་ནས། ཡར་མར་གོ་དཔོན་གཉིས་གྲལ་མགོ་ཕྱོགས་གཅིག་ཐད་དུ་ཡོད་པའི་གོ་འགྲོས་བྱེད་བཞིན། ལས་བཞིའི་གྲལ་བསྡེབ་ནི། དྲི་བ། ཡ་ཁོ་རེ། དཀར་པོ་གསུམ་གྱི་གྲལ་འགྲིག་འདི་གང་ཡིན་པར་ཤོད་ཁོ་རེ། གོང་མས་ལན་དུ། ཡ་ཁོ་རེ། དཀར་པོ་གསུམ་གྱི་གྲལ་འགྲིག་འདི། མགོ་རྨོག་དཀར་དར་འཕྲུ་དཀར་དང་གཅིག དཔའ་རྒྱ་ཚའི་ཞལ་ངོ་དཀར་དང་གཉིས། ཕྱག་མཐེ་བོང་བ་སོ་དཀར་དང་གསུམ། དཀར་པོ་གསུམ་གྱི་གྲལ་འགྲིག་འདི། གྲལ་བསྡེབ་ལེ་མ་ཡིན་འགྲིག་ལེ་ཡིན་ཁོ་རེ། འོག་མས་ཡར་དྲི་བ་སོགས་འདྲེས། ཡ་ཁོ་རེ། སེར་པོ་གསུམ་གྱི་གྲལ་འགྲིག་འདི་གང་ཡིན་པ་ཤོད་ཁོ་རེ། ལན་དུ། ཡ་ཁོ་རེ། སེར་པོ་གསུམ་གྱི་གྲལ་འགྲིག་འདི། མགོ་རྨོག་དཀར་འདབ་ར་གསེར་ལས་བྱས། རྒྱབ་ཁྲབ་དཀར་གཤོག་བཞི་གསེར་ལས་བྱས། རྟ་འདོ་བའི་ཡོབ་ཆེན་གསེར་ལས་བྱས། སེར་པོ་གསུམ་གྱི་གྲལ་འགྲིག་འདི། གྲལ་བསྡེབ་ལེ་མ་ཡིན་འགྲིག་ལེ་ཡིན་ཁོ་རེ། དྲི་བར། ཡ་ཁོ་རེ། དམར་པོ་གསུམ་གྱི་གྲལ་འགྲིག་འདི་གང་ཡིན་པར་ཤོད་ཁོ་རེ། ལན་དུ། ཡ་ཁོ་རེ། དམར་པོ་གསུམ་གྱི་གྲལ་འགྲིག་འདི། དཔའ་རྒྱ་ཚའི་སྤྱན་རྩ་དམར་དང་གཅིག མདའ་ཉག་ཕྲན་གཏོང་ཁ་དམར་དང་གཉིས། གཞུ་འཁྱོག་དཀར་མཆོང་བཟུང་དམར་དང་གསུམ། དམར་པོ་གསུམ་གྱི་འགྲལ་འགྲིག་འདི། གྲལ་བསྡེབ་ལེ་མ་ཡིན་འགྲིག་ལེན་ཡིན་ཁོ་རེ། དྲི་བར། ཡ་ཁོ་རེ། ནག་པོ་གསུམ་གྱི་གྲལ་འགྲིག་འདི་གང་ཡིན་པར་ཤོད་ཁོ་རེ། ལན་དུ། ཡ་ཁོ་རེ། ནག་པོ་གསུམ་གྱི་གྲལ་འགྲིག་འདི། མདའ་ཉག་ཕྲན་གཤོག་སྒྲོ་ནག་དང་གཅིག མཚོན་ཡ་ཟིའི་སོ་ཁ་ནག་དང་གཉིས། སྡོང་དགྲ་བོའི་སྙིང་རྩ་ནག་དང་གསུམ། ནག་པོ་གསུམ་གྱི་གྲལ་འགྲིག་འདི། གྲལ་བསྡེབ་ལེ་མ་ཡིན་འགྲིག་ལེ་ཡིན་ཁོ་རེ། མཆོག་གི་གྲལ་བསྡེབ་བཤད་པ་ནི། དྲི་བ། ཡ་ཁོ་རེ། སྨུག་པོ་གསུམ་གྱི་གྲལ་འགྲིག་འདི་གང་ཡིན་པར་ཤོད་ཁོ་རེ། ལན་དུ། ཡ་ཁོ་རེ། སྨུག་པོ་གསུམ་གྱི་གྲལ་འགྲིག་འདི། མགོ་དབུ་སྐྲའི་ལྕང་ལོ་སྨུག་དང་གཅིག རྒྱབ་ཚ་ཆུང་གཡོག་པགས་སྨུག་དང་གཉིས། སྐེད་མདོ་དྲུག་ཆབ་གདན་སྨུག་དང་གསུམ། སྨུག་པོ་གསུམ་གྱི་གྲལ་འགྲིག་འདི། གྲལ་བསྡེབ་ལེ་མ་ཡིན་འགྲིག་ལེ་ཡིན་ཁོ་རེ། ཟེར་ནས་འཛིང་ཚུལ་བྱས་ན་ལྟ་བུའོ། །

        དེ་ཡང་གོ་གླུ་འདིའི་སྒྱུ་རྩལ་གྱི་རིན་ཐང་ནི་ཕུན་སུམ་ཚོགས་པ་ཞིག་སྟེ། འདི་ལ་ནང་བསྟན་གྱི་དགོན་པའི་ཆོ་ག་དང་། ལོ་རྒྱུས་ཀྱི་ཟློས་གར། དམངས་ཁྲོད་ཀྱི་གླུ་སོགས་ཀྱི་རིག་གནས་སྒྱུ་རྩལ་གྱི་རྣམ་གྲངས་སྣ་མང་འདུས་པ་ཞིག་དང་དམངས་ཁྲོད་རིག་གནས་ཀྱི་ཡང་སྙིང་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་དང་། གོ་གླུའི་གླུ་ཚིག་ནི་ཕུན་སུམ་ཚོགས་པ་ཞིག་སྟེ། གླུ་ཚིག་ནང་གི་དཔལ་རྒྱ་ཚ་དང་རྒྱ་ཚའི་གྲི་སོགས་རྣམ་བཤད་བྱས་པའི་ཚིག་དག་ནི་ཧ་ཅང་སྙན་ཆ་ལྡན་པ་དང་། ཞེ་ལ་འཛིན་བདེ་བ། དམངས་ཁྲོད་ཀྱི་སྐད་ལུགས་དང་མཐུན་པ་སོགས་ཀྱི་ཁྱད་ཆོས་ཡོད་པས་རིག་གནས་འདི་མི་རབས་ནས་མི་རབས་ལ་བརྒྱུད་ཐུབ་པ་ཡིན་པར་འདོད། འདི་ལ་ཆ་མཚོན་ན། ཚད་ངེས་ཅན་ཞིག་གི་ཐོག་ནས་ཁམས་དཔལ་ཡུལ་ཧོར་པོ་ལག་ཤེས་བཟོ་རྩལ་འདི་རྒྱུད་འཛིན་བྱེད་པའི་མ་ལག་ཅིག་ཏུ་གྲུབ་ཡོད་པར་སྣང་ངོ་། །

དཔལ་ཡུལ་ས་ངན་གྱི་གླུ་གར་རིག་གནས།
        ས་ངན་གྱི་གླུ་གར་ཞེས་གྲགས་པའི་འབྱུང་ཁུངས་ནི་ཕ་རྒྱུད་རིག་གནས་ལ་ཐུག་ཡོད་པ་ཡིན་ཞིང་། ཕ་ཚོ་སོ་སོ་ནང་ལ་མཐུན་སྒྲིལ་ཡོང་དགོས་པའི་ཆེད་དུ་ཚོགས་དཔོན་གྱིས་བཀོད་སྒྲིག་འོག་ཚོགས་པའི་ནང་མི་ཡོངས་ཀྱི་ཆུང་དུས་ནས་གླུ་གར་དང་གཏམ་དཔེ་སོགས་ལ་མཐོང་ཆེན་བྱས་ནས་ངག་དང་རྡོག་བྲོ་སོགས་སྦྱོང་། རིམ་བཞིན་ས་ངན་འབངས་མི་ཡོངས་ཀྱི་འཚོ་བའི་ནང་ལ་གླུ་གར་རིག་གནས་མེད་དུ་མི་རུང་བར་གྱུར། སྤྱིར་ས་ངན་ཕྱོགས་ཀྱི་ཕ་རྒྱུད་རིག་གནས་དར་ཁྱབ་ཆེ་བའི་རྐྱེན་གྱི་རིག་རྩལ་སྐོར་གྱི་རིག་གནས་ནི་ཕུན་སུམ་ཚོགས་པར་གྱུར་ཡོད། མི་རྣམས་ཀྱིས་ཐོག་མར་རྐང་པས་རྡོག་བྲོ་མ་བྱས་པའི་སྔོན་མཛུབ་མོའི་ཅོག་ཙེའི་སྟེང་རྡོག་བྲོ་སྦྱོང་བ་མཐར་ཕྱིན་པར་བྱས་པ་ཡང་ཡོད། དེའི་རྗེས་རྐང་པས་རྡོག་བྲོ་བརྒྱབ་སྟེ་ཕ་ཚོའི་བཤད་པའམ་ཡང་ན་ལོ་རྒྱུས་དང་དཔའ་ངར་སོགས་ལ་བསྟོད་བསྔགས་བྱས་ཡོད། ས་ངན་གྱི་གླུ་གར་རིག་གནས་ཕུན་སུམ་ཚོགས་པར་གྱུར་པའི་རྒྱུ་མཚན་གཙོ་བོ་ནི་ཕ་རྒྱུད་རིག་གནས་ཀྱི་རྗེས་ཤུལ་ཆེ་བའི་ས་ངན་ལུང་པའི་ནང་ལ་གཙོ་བོ་སྐོར་ཁག་སྟོབས་ཤུགས་ཆེ་ཆུང་ལ་ལྟ་དགོས་པས། གཉེན་སྒྲིག་བྱེད་རྒྱུ་དེ་གཙོ་བོ་ཕ་ཚོའམ་སྐོར་པ་ཕན་ཚུན་གྱི་སྟོབས་ཤུགས་ཆེ་རུ་ཕྱིན་པའི་རྒྱུ་རྐྱེན་ལ་དམིགས་ཡོད། སྐོར་པའི་ནང་ལ་གཉེན་སྒྲིག་གི་གོམས་སྲོལ་མེད། གཉེན་སྒྲིག་ཉིན་མོ་དེར་མག་པ་དང་བག་མའི་སྐོར་པ་བར་གླུ་གར་སོགས་ཀྱི་འགྲན་རྩོད་ཉིན་གསུམ་ལ་བྱེད་དགོས། དེ་ནས་མི་དཔོན་བླ་ཆེན་རྣམས་ཀྱིས་ཐུགས་སྤྲོ་གཏོང་བ། ལོ་དུས་རྒྱུན་ཆགས་སུ་དར་བའི་ཡུལ་ལུང་གི་དགའ་སྟོན། གནམ་ལོ་གསར་ཚེས་ཀྱི་དུས་སྟོན། མག་པ་དང་བག་མའི་གཉེན་སྟོན་སོགས་ཀྱི་སྐབས་སོ་སོའི་སྐོར་པ་ལ་གླུ་གར་ཁྲལ་སྤྲོད་དགོས། དེའི་ཕྱིར་སྦྱང་འབྲས་ཕུལ་དུ་ཕྱིན་པར་གྱུར་ཡོད།

སྤྱིར་གླུ་གར་རིག་གནས་ནི་ས་ངན་ཡུལ་གྱི་དམངས་ཁྲོད་རིག་གནས་ནང་ཕུན་སུམ་ཚོགས་པའི་དམངས་ཁྲོད་རིག་གནས་ཡིན་པ་མ་ཟད་ས་ངན་ཕ་རྒྱུད་རིག་གནས་ནང་འགངས་ཆེ་བའི་སྒྱུ་རྩལ་རིག་གནས་ཀྱང་ཡིན་ལ། དེ་ནི་ལོ་རབས་མང་པོའི་ནང་ས་ངན་མི་དམངས་ཀྱི་འཚོ་བ་དང་ངལ་རྩོལ་ལས་ཐོན་པའི་དམངས་ཁྲོད་རང་བཞིན་ཅན་གྱི་སྒྱུ་རྩལ་གལ་ཆེན་ཞིག་དང་ཕ་རྒྱུད་རིག་གནས་ཞིབ་འཇུག་བྱེད་སའི་རྒྱུ་ཆ་འགངས་ཆེན་ཞིག་ཏུ་བརྩི་བཞིན་ཡོད། སྤྱིར་གླུ་གར་ལ་རིགས་སྣ་ཚོགས་དབྱེ་རྒྱུ་ཡོད་པ་དེ་ནི་སྨྲ་མི་དགོས་པ་ཞིག་ཡིན་མོད། ས་ངན་གྱི་གླུ་གར་རིག་གནས་ལ་ས་ཕྱོགས་གཞན་དང་མ་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་བོད་ཀྱི་ཕ་རྒྱུད་སྤྱི་ཚོགས་སྐབས་ནས་དར་བའི་གླུ་གར་རིག་གནས་ལ་ཤ་འདྲེས་པགས་འདྲེས་སུ་གྱུར་ཡོད། དེའི་ཕྱིར་ས་ངན་གྱི་གླུ་གར་རིག་གནས་ལ་ས་ཕྱོགས་གཞན་དང་མི་འདྲ་བའི་ཆེས་སྔ་བའི་དམངས་ཁྲོད་རང་བཞིན་ཅན་དང་བབ་ཆགས་རང་བཞིན་ལྡན། ས་ངན་གྱི་གླུ་གར་རིག་གནས་ནི་གདོད་མའི་གླུ་བྲོ་རྒྱུན་འཛིན་གྱི་ཁྱད་ཆོས་འབུར་ཏུ་ཐོན་པས། བྲོ་ཡི་འཁྲབ་སྟངས་ཀྱི་སྐོར་ནི་བདེ་ལྕག་འཁྱུག་པོ་ཡིན་ལ་དལ་འབྲིང་མགྱོགས་གསུམ་གྱི་སྒོ་ནས་འཁྲབ་སྟོན་བྱེད་པ་དང་། དབྱངས་ཀྱི་འགྱུར་ཁུགས་སྙན་ཞིང་སྟངས་སྟབས་བརྗིད་ཉམས་ལྡན་པ་ཞིག་ཀྱང་ཡིན། བྲོ་ལ་མཚོན་ན་སྲིད་པའི་ཕུགས་བྲོ་དང་གཡང་བྲོ། དཔེ་བྲོ། མགུར་བྲོ། མཐུན་བྲོ། བཤིག་འཁྱིལ་བཅས་དྲུག་ཙམ་ཡོད། བྲོ་སོ་སོའི་གོ་རིམ་ལ། བྲོའི་འགོ་མ་དང་། གཞུང་བྲོ། མཇུག་མ་སྟེ་གསུམ་གྱི་ཁོངས་སུ་མ་འདུས་པ་ཞིག་མེད་ཅིང་། ས་ངན་གྱི་གླུ་ལ་དབྱེ་ན་བྲོ་དཀྱུས་དང་གླུ་དཀྱུས། མགུར་དཀྱུས། བྱམས་པོ་སྟེ་རིགས་ཆེན་བཞི་ཡོད། གླུ་ལ་རབ་འབྲིང་ཐ་གསུམ་ཡོད་དེ་དཔེར་ན་བྱམས་པོའི་གླུ་ལ་མཚོན་ན་གླུ་ཡག་པོ་ལེན་མི་ཤེས་མཁན་རྣམས་ཀྱིས་ཨ་ལ་ཡོ་ཟེར་ནས་ངག་བཀུག་པ་ཙམ་གྱིས་འགྲིག་པ་ཡིན། དེ་ཚོའི་ཁྱད་པར་གཙོ་བོ་ནི་དབྱངས་གྱེར་སྟངས་མི་འདྲ་བ་དང་ངག་འགུག་སྟངས་སོགས་ཁྱད་པར་ཤིན་ཏུ་ཆེ། ཚིག་རྐང་དང་ཚེག་བར་མང་ཉུང་མི་འདྲ། ཚིག་གི་ནང་དོན་ཕུན་སུམ་ཚོགས་ལ་ཁྱད་ཆོས་གཙོ་བོ་ནི་ཟུར་ཟའི་ཚིག་མང་ལ་སྐབས་དེའི་སྤྱི་ཚོགས་ཀྱི་ངོས་ན་ས་ངན་ལུང་པའི་ཕ་རྒྱུད་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད། དེ་དག་ལ་ལྟད་མོ་བ་རྣམས་ཀྱིས་ནམ་རྒྱུན་དགའ་བསུ་ཐོབ་དང་འཐོབ་མུས་སུ་མཆིས། བྲོ་ཡི་རིགས་ཀྱི་ནང་གསེས། དང་པོ་སྲིད་པའི་ཕུག་བྲོ་ཟེར་ན་སྐལ་བ་ཡ་ཐོག་ནས་བོད་སིལ་བུར་འཐོར་པའི་བར་གྱི་ལོ་རྒྱུས་དག་ཚིག་བཅད་ཀྱི་རྣམ་པའི་ངང་དབྱངས་ལ་གྱེར་བཞིན་བྲོ་བརྡུང་བར་ཟེར། འཁྲབ་སྟོན་བྱེད་སྐབས། བྲོ་པ་ཚང་མས་ལུས་ལ་རྒྱན་ཆ་བཏགས་དགོས་ལ། བྲོ་པ་དག་རུ་ཁག་གཉིས་སུ་བགོས་ནས་དབྱིབས་གོར་གོར་བྱས་ཏེ། རུ་ཁག་སོ་སོའི་བྲོ་དཔོན་གྱིས་སྣེ་ཁྲིད་འོག་ནས་བྲོ་ཡི་དབྱངས་འགྲོས་དང་བསྟུན་ནས་འཁྲབ་སྟོན་བྱེད་པར་གཞན་དང་མི་མཚུངས་པའི་རྔམ་བརྗིད་ཟིལ་ཤུགས་ལྡན་པར་ཡོད་པ་དང་ལུས་སེམས་ཀྱི་དཀའ་དུབ་ཀྱི་སྐྱོ་བ་སེལ་ཞིང་དགའ་སྤྲོ་ཡི་བདེ་སྐྱིད་སྟེར་ཐུབ་པར་མ་ཟད་བཀྲ་ཤིས་རྟེན་འབྲེལ་གྱི་སྒོ་བརྒྱ་འབྱེད་ཅིང་། འབྱུང་འགྱུར་ལེགས་ཚོགས་ཀྱི་དཔལ་གཡང་སྤེལ་བར་བྱེད་པས་དེང་དུས་ན་གཞོན་ཕོ་མོ་རྣམས་ཀྱིས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་བྱེད་པའི་ཐུགས་ཁུར་གནང་བ་ནི་ཕྲག་ཏུ་བབ་པའི་འོས་འགན་དུ་སེམས་ཞེས་རེ་བསྐུལ་ཞུས་པ་ཡིན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1