མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་ བགྲོད་པའི་ལམ་ཡིག་ལ་རགས་ཙམ་དཔྱད་པ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-27
སྤྱིར་བོད་རང་གི་རྩོམ་བྱུང་ལོ་རྒྱུས་ཁྲོད་དགེ་བའི་ལས་ལ་བསྐུལ་བྱེད་ཀྱི་རྩོམ་སྲོལ་སྣ་ཚོགས་མཆིསཏེ། འཇིག་རྟེན་མི་ཆོས་ཀྱི་ལུགས་སུ་བྱས་པའི་ལེགས་བཤད་དང་། དམ་པའི་ལྷ་ཆོས་ཀྱི་ལུགས་སུ་བྱས་པའི་བསླབ་བྱ། དེ་མིན་འཚོ་བའི་འགྲུལ་འཞུད་ཁྲོད་ཉམས་མྱོང་ཅི་རིགས་ཕྱོགས་སྡོམ་བྱས་པའི་འཚོ་བའི་སྒྲུབ་ཐབས་ཀྱི་མན་ངག་ལྟར་སྟོན་པའི་གཏམ་དཔེ་སོགས་མོད་པོ་མཆིས་ལ། ཡིན་ཡང་སྐབས་སུ་བབས་པ་ནི་བསླབ་བྱའི་རྩོམ་ལུས་ཏེ་འདི་ལེགས་བཤད་རྩོམ་སྲོལ་དང་ཅུང་མཐུན་པར་གཉིས་ཀ་དགེ་བའི་ལས་དང་ལེགས་པའི་ལམ་དུ་བསྐུལ་བྱེད་ཀྱི་རྩོམ་ཐབས་སམ་རྩོམ་སྟངས་ཁྱད་པར་བ་ཞིག་ཡིན། བསླབ་བྱ་འདིའི་བརྗོད་བྱ་གཙོ་བོ་མངོན་མཐོ་ལྷ་མིའི་རྟེན་བཟང་དང་ངེས་ལེགས་ཐར་པའི་གོ་འཕང་། འཁོར་བའི་ཉེས་དམིགས་དང་ཉོན་ཡིད་སྤོང་ཐབས་སོགས་དམ་པའི་ལྷ་ཆོས་ཡིན་པ། རྗོད་བྱེད་ཚིག་སྦྱོར་གྱི་ཐད་ལ་སྙན་ངག་གི་རྒྱན་ཅི་རིགས་ཀྱིས་མཛེས་བར་སྤུད་ཆོག་པ། རྩོམ་ལུས་ལ་དམ་རྒྱ་མེད་པར་ཚིག་བཅད་ལྷུག་གང་རུང་བཀོལ་ཆོག་པ་སོགས་ཁྱད་ཆོས་དུ་མ་ལྡན་དང་སློབ་གསོའི་ནུས་པ་ཆེས་ཆེར་ལྡན་པའི་རྩོམ་ལུས་ཤིག་རེད། དེས་ན་བསླབ་བྱ་འདིའི་མགོ་འཇུག་བར་གསུམ་དུ་མདོར་ན་དོན་གཉིས་རབ་ཏུ་བསྟན་འདུག དང་པོ་གང་བསླབ་པར་བྱ་བའི་ཡུལ། གཉིས་བ་ཇི་ལྟར་བསླབ་པར་བྱ་བའི་ཚུལ་ཏེ་མཚན་བྱང་ལས་ཀྱང་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ཅེས་པ་ལྟ་བུ། མདོ་སྔགས་ཀྱི་གཞུང་ལ་ཞེས་པའི་གང་ལ་བསླབ་པར་བྱ་བའི་ཡུལ་ངོས་བཟུང་བ་དང་སློབ་གཉེར་བྱེད་ཚུལ་ཞེས་པའི་ཇི་ལྟར་བསླབ་པར་བྱ་བའི་ཚུལ་བསྟན་པ། དཔེ་དོན་སྦྱོར་ཚུལ་གྱི་སྒོ་ནས་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ཅེས་གཟུགས་འགོད་བྱས་ཡོད། དེས་ན་དང་པོ་གང་ལ་བསླབ་པར་བྱ་བའི་ཡུལ་ངོས་བཟུང་བ་ལ་གསལ་བར་བཀྲལ་ན་ཁྱད་ཆོས་བཞི་དང་ལྡན་རྒྱལ་བའི་བཀའ་དང་འཆོས་སྐྱོབ་ཀྱི་ཡོན་ཏན་ཆེས་ཆེར་མངའ་བའི་བསྟན་བཅོས་ཡོད་དོ་ཅོག་སྟེ། བརྗོད་བྱ་སྡེ་སྣོད་གསུམ་དང་དེའི་བརྗོད་བྱ་བསླབ་པ་གསུམ། སྔགས་ཕྱོགས་ཀྱི་རྒྱུད་སྡེ་བཞི་བཅས་གསལ་པོར་བསྟན་འདུག གཉིས་པ་ཇི་ལྟར་སློབ་གཉེར་བྱེད་ཚུལ་ལ་བསླབ་བྱའི་མགོ་མཇུག་བར་གསུམ་དུ་རྒྱ་ཆེར་གསུངས་ཡོད། ཐོག་མར་ཐོས་བའི་ལས་ལ་དངོས་སུ་མ་ཞུགས་པའི་སྔོན་འགྲོའི་ཕྱག་ལེན་དང་མཉམ་འཇོག་ཞི་དུལ་བག་ཡོད་ཀྱི་བཅོས་པ་ཚུལ་བཞིན་བསྲུང་ཚུལ། ཁེངས་སྐྱུང་དང་དད་གུས་སྒོ་ནས་ཐོས་པ་ལ་མོས་པ་སྐྱེད་ཚུལ། དཀའ་སྤྱད་དང་ཐབས་ཤེས་ཟུང་འབྲེལ་བྱེད་ལུགས། ལེགས་ཉེས་བླང་དོར་འབྱེད་ངེས་ཀྱི་བློ་མིག་གོམས་ཚུལ། དཔྱོད་བྱེད་ཀྱི་རིག་པ། ཀུན་སྤྱོད་གཙང་བ་བཞན་ཕན་གྱི་ལྷག་བསམ་སྐྱེད་ཐབས། མདོར་ན་སྒོ་གསུམ་བག་དང་ལྡན་པ་ལ་ཆེད་དུ་གདམས་པའི་མན་ངག་སོགས་ཁ་གསལ་གོ་བདེ་དང་། ཤེས་རྒྱུད་འདུལ་བའི་ཐབས་སུ་འདྲིལ་བས་བློ་སྦྱོང་གི་གནད་ཚང་བའི་སྒོ་ནས་བསྟན་འདུག་གོ །
དང་པོ། ཐོས་བསམ་སྐབས་ཀྱི་སྔོན་འགྲོའི་ཕྱག་ལེན།
དེའང་བསླབ་བྱ་འདི་གནང་སའི་ཡུལ་དེ་བློ་ལྡན་ཉན་སྐུལ་གྱི་སྐབས་སུ་ཟོལ་གྱིས་བཟོས་པའི་སྐྱེ་བར་བཏགས་པའི་དུས་སྐབས་དེ་དང་མ་འོངས་འབྱུང་འགྱུར་སྐབས་རློམ་སེམས་ཀྱིས་རབ་ཏུ་རྒྱག་པའི་རིགས་དང་། ཁེངས་དྲེགས་འབྱོར་བས་ཤན་དུ་བྱས་པའི་རྣམ་གཡེང་གི་དུས་ལ་འདའ་བའི་འདོད་ལྷའི་སྡེ་དེ་རྣམས་མ་ཡིན་པར། བློ་དང་ལྡན་པ་བཅས་པའི་ཁྲིམས་ལ་ལེགས་པར་ཚུལ་བཞིན་དུ་སྲུང་བའི་སློབ་གཉེར་བྱེད་འདོད་ཀྱི་རིགས་སྨྲ་དོན་གཉེར་ཅན་རྣམས་ལ་ཆེད་དུ་གདམས་པ་ཡིན་ཞེས་གསལ་པོར་གསུང་འདུག བསླབ་བྱ་གནང་བའི་ཡུལ་གསལ་པོར་ངོས་བཟུང་རྗེས་རིགས་སྨྲ་དོན་གཉེར་ཅན་དེ་རྣམས་ཀྱིས་ཐོག་མར་ཐོས་པའི་ལས་ལ་དངོས་སུ་མ་ཞུགས་པའི་སྔོན་འགྲོའི་ཕྱག་ལེན་དེ་རང་གི་ཤེས་རྒྱུད་ལ་མྱོང་རྟོགས་ཡོང་ཐུབ་པར་བྱེད་པ་ལ། སྤྱིར་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་སྟེ་སྐྱབས་འགྲོའི་ཤེས་བྱ་རྣམས་རྒྱུད་ལ་རྟོགས་པ་དང་འབྱོར་བའི་གནད་ཐོན་པར་བྱས་ན། འཆི་བ་མི་རྟག་པའི་ཆོས་སྐོར་རྣམས་བསམ་པ་དང་མྱོང་བ། དེའི་མྱོང་རྟོགས་རྒྱུད་ལ་དག་པར་ཐོན་པར་བྱེད་བསམ་ན་དལ་བའི་རྟེན་བཟང་འདིའི་རིན་ཐང་ཅིས་ཀྱང་མྱོང་སྣང་བྱེད་དགོས། དེ་བསམ་པའི་མྱོང་རྟོགས་སྟེང་རྒྱལ་བའི་རྟེན་དང་མཇལ་བའི་ལུས་རྟེན་འདི་ཉིད་ཀྱིས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་འཐོབ་འདོད་ཀྱི་སྨོན་ལམ་ཆེན་པོ་ཕུར་ཚུགས་སུ་གསོལ་ནས་སྙིང་པོ་ལེན་དགོས་ཚུལ་སོགས་རྟོགས་པར་བྱེད་པ། དེ་ཡང་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་མགོན་དགེ་བའི་གཤེས་གཉེན་ལ་བསྟེན་ཚུལ། བསྟེན་ནས་རིགས་པའི་སྒོ་འབྱེད་བསྡུས་གྲྭ་དང་བློ་རྟགས་སོགས་ལ་ལེགས་པར་སྦྱངས་ཏེ། རིམ་བཞིན་དབུ་ཕར་འདུལ་མཛོད་རྣམ་འགྲེལ་སོགས་གཞུང་ཆེན་མོ་རྣམས་ལ་ཐོས་བསམ་བྱས་ནས། འབྲས་བུ་རྡོ་རྗེ་ཐེག་པ་སློབ་ཚུལ་སོགས་བསྟན་ཡོད་པས། དེ་དག་བདེ་བླག་ངང་མཐར་ཕྱིན་པ་ལ་ནོར་བུའི་གླིང་དུ་བགྲོད་པར་བྱེད་པའི་དེད་དཔོན་དེའི་ནུས་བ་ཡིན་པ་བསླབ་བྱ་ལས་ཡང་ཡང་གསུངས། སྤྱིར་བཤེས་གཉེན་བསྟེན་ཚུལ་ལ་བོད་རང་གི་ཁྱད་ཆོས་ལྡན་པའི་བསྟེན་སྲོལ་ཡོད་པས་སློབ་གཉེར་སྒྲུབ་པའི་ལས་སུ་ཐོས་དོན་མྱུར་དུ་རྒྱུད་ལ་རྟོགས་ངེས་པའི་བྱིན་རླབས་ཀྱང་མཆིས་སོ། ཕྱག་ལེན་འདི་ང་ཚོ་ཕྱི་རབས་པས་རྗེས་སུ་ཡི་རངས་དང་རྒྱུན་སྐྱོང་བྱེད་འོས་བའི་རིགས་གནས་ཀྱི་སྣང་ཚུལ་ཁྱད་པར་ཅན་ཞིག་ཡིན་ནོ། དེ་བཞིན་ཐོས་བསམ་སློབ་གཉེར་གྱི་གེགས་དང་གཉེན་པོ། དེ་དག་ཇི་ལྟ་བུའི་སྒོ་ནས་སྤངས་ཐབས་དག་རྒྱས་བསྡུས་འཚམ་པའི་ངང་གནད་ལ་འདྲིལ་བ་དང་མཚང་ཐོག་ཏུ་འབབ་པ་བཞིན་བསྟན་འདུག གང་ལ་གདམས་པ་ཐམས་ཅད་འདོད་དོན་བདེ་བླག་ཏུ་འགྲུབ་བྱེད་དང་ཐར་ལམ་ཕྱིན་ཅི་མ་ལོག་པར་ལེགས་པར་བགྲོད་བྱེད་ཀྱི་མན་ངག་གི་གནད་དུ་མས་གཏམས་པ། མ་རིག་པའི་ཉོན་མོངས་ཀྱིས་ཀུན་ནས་བསླངས་བའི་སེམས་བྱུང་འདི་ནི་ཐོས་བསམ་དང་རྣམ་དཀར་གྱི་ལས་གང་སྒྲུབ་པ་ཐམས་ཅད་གེགས་ཐེབས་པའི་གནས་སུ་གྱུར་བས། །ཀུན་སློང་རྣམ་དག་མ་ཡིན་པ་འདི་རྣམས་མ་ལུས་པར་སྤངས་དགོས་ན་དེ་དག་གི་སྟོབས་ལྡན་གཉེན་པོའང་བསླབ་བྱ་ལས། “ལས་ལ་སྦྱོར་དེ་སྡིག་པའི་གྲོགས་པས། །འགོ་བོའི་ནད་བཞིན་རིང་དུ་སྤོངས་ཤིག་ཨང་། །བསེ་རུ་ལྟ་བུར་གནས་པར་གྱིས་ཤིག་ཨང་། །འདོད་ཆུང་ཆོག་ཤེས་སྔོན་བྱུང་དམ་པ་རྣམས། །དབུལ་བས་མ་མནར་དོན་གཉིས་རྩེར་སོན་པ། །བཅུད་ལྡན་སྙེའི་མའི་མགོ་བོ་དམའ་ན་ཡང་། །གཏན་གྱི་སྐྱིད་སྡུག་འདྲ་འདྲ་མིན་ནོ་ཨང་། །ཕྱི་འཇམ་ཁོང་རྩུབ་སྤྱོད་པ་སྤོངས་ཤིག་ཨང་། །སོགས་གནད་ལ་གཞོལ་བ་བཞིན་དུ་གདམས་ཡོད་པས་དེ་རྣམས་ལེགས་པར་བསྒྲུབ་ན་རྣམ་གཡེང་གི་སེམས་བྱུང་དག་མ་ལུས་པར་སྤངས་ངེས་པ་རང་རྒྱུད་མྱོང་སྣང་གིས་རྟོགས་ངེས་སོ། །
གཉིས་པ། ཐོས་བསམ་ལ་དཀའ་སྤྱད་དང་
ཐབས་ཤེས་ཟུང་འཇུག་བྱེད་ཚུལ།
ཐོས་པའི་ལས་ལ་དངོས་སུ་ཞུགས་རྗེས་ཐབས་ཤེས་གང་དག་ཟུང་དུ་འབྲེལ་ནས་བརྩོན་པ་བསྐྱེད་ཚུལ་དང་། དྲན་པ་དང་ཤེས་བཞིན་ཇི་ལྟར་གོམས་ཚུལ་སོགས་མིག་སྨན་ཐུར་མ་བཞིན་དུ་གསལ་པོར་བསྟན་འདུག མདོར་ན་དེང་གི་གླེང་ཕྱོགས་ཀྱི་ཚན་རིག་གི་སློབ་སྦྱོང་བྱེད་སྟངས་དང་ཡང་ཆ་ཡོངས་སུ་མཐུན་པར་མ་ཟད། ཟུར་རེ་འགའ་ཞིག་ད་དུང་དེ་ལས་ལྷག་པའི་མན་ངག་གི་ཆ་ཆེས་ཆེར་ལྡན་ནོ། དེ་བས་བླང་དོར་གྱི་བློ་མིག་དང་ཐེ་ཚོམ་གྱི་སྒྲོ་འདོགས། ལེགས་ཉེས་དཔྱོད་བྱེད་ཀྱི་རིག་པ་སོགས་རང་རྒྱུད་ལ་ཐོབ་དགོས་ན། ཐོག་མར་ཐོས་པའི་སྒྲོན་མེ་ཆེས་ཆེར་སྒྲོན་དགོས་ཏེ། དེ་ལྟར་བྱས་ན་ད་བཟོད་མ་རིག་པའི་ཉོན་མོང་དང་བག་ཆགས་སོགས་གང་དང་། ཡང་དག་པའི་ལྟ་བ་དང་རྣམ་བྱང་གི་ཆ་སོགས་གང་ཡིན་པར་ངོས་འཛིན་གྱི་བློ་མིག་རིམ་གྱིས་འཕེལ་ངེས། དེས་ན་ཚུལ་ཇི་ལྟ་བུའི་སྒོ་ནས་ཐོས་བསམ་བྱེད་ལུགས་ལ་ཐབས་ཤེས་ཟུང་འབྲེལ་གྱི་ཁྱད་ཆོས་གཞི་གཅིག་ཏུ་སྦྲེལ་འདུག་པ་བསླབ་བྱ་ལས། དང་པོ་ཐོས་པའི་སྒྲོན་མེ་མ་སྦར་ན། །བླང་དོར་ཇི་ལྟར་བྱ་བ་མི་ཤེས་པས། ། ཐོས་པའི་བློ་མིག་སྦྱངས་པར་གྱིས་ཤིག་ཨང་། །ཞེས་ཐོས་པ་ནི་ཡོད་ཚད་ཀྱི་གཞི་མ་ལྟ་བུ་གལ་ཆེན་དུ་བཟུང་ནས་གསལ་པོར་བསྟན་པ་སོགས་དང་། བརྩོན་པ་ཆུ་བོའི་རྒྱུན་བཞིན་མཐའ་འཁྱོངས་དགོས་ཚུལ་དང་། རྗེས་མེད་གཡེང་པས་མི་འཁྱེར་བ་བྱིངས་བ་དང་རྨུགས་པ་ལ་སོགས་སློབ་གཉེར་ལ་གེགས་ཐེབས་པའི་སེམས་བྱུང་ཅི་རིག་མ་ལུས་པར་སྤངས་དགོས་པའི་བླང་དོར་དང་ཉེས་དམིགས་དག་བསྟན་འདུག་པ། དེ་མིན་རང་རྒྱུད་གཞན་རྒྱུད་ཀྱི་བླང་དོར་འབྱེད་པའི་བློ་མིག་དང་ལེགས་ཉེས་དཔྱོད་བྱེད་ཀྱི་རིག་པ་སོགས་རང་གི་གོ་རིམ་ཟུང་དུ་འབྲེལ་ནས་ཐེ་ཚོམ་དང་སྒྲོ་འདོགས་གཅོད་དགོས་པ་ལས་གཞན་གྱི་ཟེར་སྒྲོས་ཙམ་དུ་མི་འབྲངས་པར་རང་ཚུགས་བརྟན་པོ་དགོས་ཚུལ་ཡང་བསླབ་བྱ་ལས་གསུངས་ཡོད། དེ་བཞིན་བསླབ་པར་བྱ་བའི་ཡུལ་ངོས་བཟུང་བ་ལ་མདོ་སྔགས་གཉིས་སུ་ཕྱེ་པའི་མདོ་ཕྱོགས་ནས་ལྟ་སྒོམ་སྤྱོད་གསུམ་རེ་རེའི་སྟེང་སྦྱར་ནས་བཀྲལ་ན། བཀའ་པོད་ལྔ་ལས་དབུ་མ་དང་ཚད་མ་གཉིས་ལྟ་བ། མངོན་པ་མཛོད་དང་ཕར་ཕྱིན་གཉིས་སྒོམ་པ། འདུལ་བ་མཐར་ཐུག་འཐོབ་བྱ་སྤྱོད་པའོ། གཞུང་བཀའ་པོད་ལྔ་ནི་རྒྱལ་བའི་བསྟན་པ་གནས་བྱེད་དང་འཕྲིན་ལས་རྒྱས་བྱེད་ཀྱི་མཚོན་ཆའམ་འཁོར་ལོ་ལྟ་བུའི་གོ་གནས་གལ་ཆེན་ཟིན་ཡོད་པས། སངས་རྒྱས་ཀྱི་བསྟན་པ་འདི་ལུང་རིག་དཔྱད་བཟོ་གང་གིས་ཀྱང་འཕེན་བྱེད་སྐྱོན་གྱི་ཆ་ཟུར་ཙམ་ཡང་མེད་པའམ་ཡོད་ཀྱང་མི་སྲིད་པའི་གནས་ལུགས་མཐར་ཐུག་ཉག་གཅིག་ཏུ་གྲུབ་འདུག་པ་བསླབ་བྱ་ལས་གསུངས་འདུག
གསུམ་པ། བསླབ་བྱའི་སྒྱུ་རྩལ་ཁྱད་ཆོས།
དབལ་མང་པནྟི་ཏས་མཛད་པའི་《དད་པའི་པད་མོ་བཞད་པའི་ཉིན་བྱེད།》དུ་གསུང་རྩོམ་གང་ལ་ཡང་སྙན་ངག་གི་ཉམས་ཐོན་པས་ངོ་མཚར་ཞིང་དགའ་བ་སྐྱེ་པ། མདོ་སྔགས་ཀྱི་གཞུང་དོན་དང་འབྲེལ་བས་བསྟན་པའི་གནད་ལ་གོ་བ་སྟེར་བ། ཤེས་རྒྱུད་འདུལ་བའི་ཐབས་སུ་འདྲིལ་བས་བློ་སྦྱོང་གི་གནད་ཚང་བ། སྐུ་ཚེ་སྟོད་ལ་ཤར་ཕྱོགས་གོོ་ཌཱ་ཡ་ལྟར་བརྗིད་པའི་ཤུགས་ཆེ་ཡང་། སྐུ་ཚེ་སྨད་ལ་ལྷོ་ཕྱོགས་བེེདྷརྦྷ་ལྟར་འཇམ་ཞིང་སྙན་པའི་བླ་མའི་བཀའ་ལྟར་མཛད། སྤྱིར་རྗེ་འདི་བས་མཛད་པའི་བསྟན་བཅོས་མཐའ་དག་ནི། གནད་ལ་གཞོལ་ཞིང་གཏིང་ཟབ་པ། བརྗིད་ཆགས་ཤིང་རླབས་ཆེ་བ། དོན་གྱི་ངོ་བོ་གསལ་ལ་འདྲིལ་བ། དགག་སྒྲུབ་ཀྱི་རིགས་པས་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པ་སོགས་དགེ་མཚན་དུ་མས་ཕྱུག་པས། སྙན་ངག་དབང་པོ་ཀུན་གྱི་ཡིད་རང་དབང་མེད་པར་འཕྲོག་པའི་ཁྱད་ཆོས་དུ་མས་གཏམས་པ། བསླབ་བྱ་འདིའང་དེ་ལས་མ་འདས་པར་རྩོམ་ཉམས་ཕུན་ཚོགས་པ་ལྡན་ནོ། །
མདོར་ན་གུང་ཐང་འཇམ་པའི་དབྱངས་ཁོང་ཉིད་འཚོ་བཞུགས་ཀྱི་སྐབས་སུ་ཐོས་པ་ལ་རྣམ་དག་གིས་དོན་གཉེར་བྱེད་མཁན་དང་། བསྟན་པའི་ཆོས་སྒོ་ལ་ཚུལ་བཞིན་དུ་ཞུགས་མཁན། ཡང་ན་ཚུལ་ཁྲིམས་བཅས་པ་ལ་ལུགས་བཞིན་སྲུང་མཁན་གྱི་རིགས་སྨྲ་དོན་གཉེར་ཅན་ཤིན་ཏུ་དཀོན་པས། འཆད་ཉན་གྱི་སྣང་ཚུལ་ལམ་གནས་བབ་མི་ལེགས་པ་འདི་རིགས་བྱུང་བ་ཡིན། བསླབ་བྱའི་་བརྗོད་དོན་སོགས་དང་གཞིགས་ནས་བརྟག་ན་སྐབས་དེའི་སྤྱི་ཚོགས་དང་གྲ་སར་གང་བའི་རིགས་སྡེ་ཕལ་ཆེ་བ་རྣམས་ཁེངས་དྲེགས་འབྱོར་བས་གཡེང་བ་དང་སློབ་གཉེར་ལ་ཐུགས་གཉེར་མ་བྱེད་པས། ཚེ་འདིའི་རྙེད་པ་གྲགས་པ་ཁོ་ན་ལ་རབ་ཏུ་ཆགས་ཏེ། གནས་སྐབས་ཙམ་གྱི་ཆགས་སྲེད་དམ་བདེ་བ་དེ་ཐོབ་པའི་ཕྱིར་དུ་འདུ་འཛི་བག་མེད་ཀྱི་ལས་ལ་རྟག་ཏུ་གཡེང་བ། ཆོས་མིན་གྱི་སྤྱོད་པ་དང་གཡོ་ཁྲམ་ཅི་རིགས་སྤེལ་བ་སོགས་གདོལ་སྤྱོད་ཁོ་ན་བགྱིད་པ། ཡང་ཐོས་པའི་ལས་ལ་ཞུགས་མཁན་རེ་ཞིག་མདོ་སྔགས་ཟུང་འབྲེལ་གྱི་སློབ་པའི་རིམ་པ་མ་རྟོགས་པར་ཡ་བྲལ་དུ་རང་བློས་འོལ་ཚོད་ཀྱིས་སློབ་གཉེར་གྱི་རྟགས་ཙམ་འཛིན་པ། གཞན་སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་བའི་རིག་གནས་འབའ་ཞིག་གཙོ་གནད་དུ་བཟུང་སྟེ་སློབ་གཉེར་བྱས་པས། བསྟན་པའི་རྩ་བ་བོར་བ་ལ་སོགས་པའི་སྣང་ཚུལ་ཡ་མ་ཟུང་དུ་མས་གཏམས་པ་འདི་རིགས་རྩོམ་མཁན་ཉིད་ཀྱིས་ཐུགས་བཟོད་མ་ནུས་པར་སྤྱིར་རྒྱལ་བའི་བསྟན་པ་འཕྲིན་ལས་ཀྱི་ཞིང་ནས་ཞིང་དུ་རྒྱས་བྱེད་དང་། བྱེ་བྲག་ཏུ་འཆད་ཉན་གྱི་སྣང་ཚུལ་མི་ལེགས་པ་འདི་རྣམས་དྲུངས་ནས་འབྱིན་པ་དང་ལེགས་བཅོས་བྱ་ཆེད་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་འདི་ཆེད་དུ་གདམས་པའོ། །