༄༅། །ནུས་མེད་གཉེན་སྒྲིག་ཁྲོད་ཀྱི་རྒྱུ་ནོར་ཇི་ལྟར་ཐག་གཅོད་བྱ་དགོས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-24
གྱོད་དོན།
ང་དང་ཀླུ་མོ་གཉིས་ཀྱིས་མཛའ་གྲོགས་བསྒྲིགས་ནས་ལོ་གཅིག་འགོར་བའི་རྗེས་སུ། ཕན་ཚུན་བར་ལ་འདང་བརྩེ་ཟབ་མོ་ཞིག་ཆགས་ཟིན་པའི་རྐྱེན་གྱིས་ཉིན་བཟང་སྐར་བཟང་ཞིག་བདམས་ནས་གཉེན་སྟོན་གྱི་ཆོ་ག་སྤེལ་བ་ཡིན། སྐབས་དེར་ང་རང་གཉེན་སྒྲིག་གི་ལོ་ཚོད་ལ་མ་སླེབས་པའི་རྐྱེན་གྱིས་ལྐོག་ཏུ་ལོ་བཅོས་སྒྱུར་བྱས་པར་བསྟེན་ནས་ད་གཟོད་གཉེན་སྒྲིག་དཔང་ཡིག་ལེན་ཐུབ་པ་བྱུང་། ཡིན་ནཡང་དོན་དངོས་སུ་ང་རང་ད་ལྟའང་གཉེན་སྒྲིག་བྱེད་པའི་ལོ་ཚོད་ལ་སླེབས་མེད། གཉེན་སྒྲིག་བྱས་ཏེ་དུས་ཡུན་ངེས་ཅན་ཞིག་འགོར་རྗེས་སུ་ངའི་བསམ་པར་ངེད་གཉིས་དེ་འདྲའི་འོས་འཚམ་ཞིག་མིན་པར་བསམ་བྱུང་། རྒྱུ་མཚན་ནི་ངེད་གཉིས་ཀྱིས་དོན་དག་ཞིག་ལ་ལྟ་བའི་བསམ་བློ་དང་དོན་ཅིག་སྒྲུབ་དུས་ཀྱིས་སྒྲུབ་ཕྱོགས་སོགས་ཕན་ཚུན་གཏན་ནས་མི་འདྲ། དེ་ནི་ང་རང་ད་རུང་ལོ་ན་ཆུང་བའི་རྐྱེན་ཡིན་ཡང་སྲིད། མདོར་ན་ངེད་གཉིས་ཀྱི་གཤིས་ཀ་དང་བསམ་བློ་སོགས་ལ་བར་ཁྱད་ཆེན་པོ་ཡོད་འདུག དེའི་རྐྱེན་གྱིས་ཕྱོགས་གཉིས་ཀའི་ཕ་མ་རྣམས་ཀྱིས་ངེད་བཟའ་ཟླ་གཉིས་ཀྱི་བསམ་འཆར་ལ་ཉན་རྗེས། མི་དམངས་ཁྲིམས་ཁང་ལ་ངེད་གཉིས་ཀྱི་གཉེན་སྒྲིག་ནུས་མེད་ཡིན་པ་ཁྱབ་བསྒྲགས་བྱེད་པའི་རེ་བ་བཏོན་མོད། འོན་ཀྱང་ང་ཚོའི་བར་རྒྱུ་ནོར་བགོ་འཤའ་ཡི་ཐད་ནས་རྩོད་གླེང་ཆེན་པོ་བྱུང་བས་ཐེངས་དུ་མར་ཕན་ཚུན་ཁ་རྩོད་བྱས་པ་ཡིན། རྩོད་པ་དང་གྲོས་བསྡུར་ཇི་ལྟར་བྱས་ཀྱང་མཇུག་མཐར་ཕན་ཚུན་ལ་གཅིག་གྱུར་གྱི་ལྟ་ཚུལ་བྱུང་མ་ཐུབ། དེ་བས་ཁྲིམས་ཁང་གིས་གཉེན་སྒྲིག་ནུས་མེད་ཡིན་པ་ཁྱབ་བསྒྲགས་བྱས་རྗེས་རྒྱུ་ནོར་ཇི་ལྟར་བགོ་བཤའ་བྱེད་པའི་ཐད་ལ་ཁ་གསལ་གྱི་ལན་ཞིག་འདེབས་པར་སྙིང་ནས་རེ་བའོ།
གྱོད་དོན་དབྱེ་ཞིབ།
རང་རྒྱལ《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན12པའི་གཏན་ཁེལ་ལྟར་ན། ནུས་པ་མེད་པ་དང་མེད་པར་བཟོས་པའི་གཉེན་སྒྲིག་དེ་དང་ཐོག་ནས་བཟུང་ནུས་མེད་ཡིན། དོ་བདག་པ་ལ་ཁྱོ་ཤུག་གི་ཁེ་དབང་དང་འོས་འགན་མེད། ཕོ་མོ་མཉམ་གཅིག་ཏུ་སྡོད་དུས་ཐོབ་པའི་རྒྱུ་ནོར་དེ་དོ་བདག་པས་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱ་དགོས། གྲོས་མཐུན་མ་བྱུང་ཚེ་མི་དམངས་ཁྲིམས་ཁང་གིས་ནོར་འཁྲུལ་མེད་པའི་ཕྱོགས་ལ་ལྟ་སྐྱོང་བྱེད་པའི་རྩ་དོན་ལྟར་ཐག་གཅོད་བྱེད་ངེས་ཡིན། དུས་མཚུངས་སུ་ཆེས་མཐོ་མི་དམངས་ཁྲིམས་ཁང་གི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉེན་སྒྲིག་བཅའ་ཁྲིམས་བཀོལ་སྤྱོད་བྱེད་དུས་ཀྱི་གནད་དོན་འགའི་འགྲེལ་བཤད》ཀྱི་དོན་ཚན15ནང་དུའང་བྱེ་བྲག་གི་གཏན་ཁེལ་བྱས་ཡོད་དེ། གཉེན་སྒྲིག་དེ་ནུས་མེད་ཡིན་པའམ་མེད་པར་བཟོས་པ་ཁྱབ་བསྒྲགས་བྱས་རྗེས། དོ་བདག་པ་མཉམ་དུ་སྡོད་པའི་སྐབས་ཐོབ་པའི་རྒྱུ་ནོར་རྣམས་སྤྱིའི་རྒྱུ་ནོར་ལྟར་ཐག་གཅོད་བྱ་དགོས་ལ། འོན་ཀྱང་དོ་བདག་པ་ཕྱོགས་གཅིག་ལ་དབང་བ་བདེན་དཔང་བྱེད་ཐུབ་པ་ཕུད། དེ་བས། གོང་གི་བཅའ་ཁྲིམས་གཏན་ཁེལ་ལ་གཞིགས་ན། གཉེན་སྒྲིག་གང་ཞིག་མེད་པར་བཟོས་པ་འམ་ནུས་མེད་ཡིན་ཚེ། ཕྱོགས་གཉིས་ཀ་མཉམ་གཅིག་ཏུ་སྡོད་པའི་བར་སྐབས་ལ་ཐོབ་པའི་རྒྱུ་ནོར་རྣམས་གལ་ཏེ་ཕྱོགས་གཅིག་ལ་དབང་བར་བདེན་དཔང་བྱེད་མི་ཐུབ་ན། སྤྱིའི་རྒྱུ་ནོར་ལྟར་ཐག་གཅོད་བྱེད་པ་ཡིན། ཡིན་ནའང་ཕྱོགས་གཉིས་ཀར་གྲོས་མཐུན་མ་བྱུང་ན་མི་དམངས་ཁྲིམས་ཁང་གིས་ཞིབ་བཤེར་ཐག་གཅོད་བྱེད་དུས་ནོར་འཁྲུལ་མེད་པའི་ཕྱོགས་དེར་ལྟ་སྐྱོང་བྱེད་པ་ཡིན། ཁྱོད་ཀྱིས་བཤད་པའི་གནས་ཚུལ་ལ་བརྟག་ཚེ། ཁྱོད་དང་ཀླུ་མོ་གཉིས་མཉམ་དུ་སྡོད་སྐབས་ཐོབ་པའི་རྒྱུ་ནོར་ལ་རྩོད་གླེང་བྱུང་བ་དེ་བཅའ་ཁྲིམས་གོ་རིམ་བརྒྱུད་དེ་ཐག་གཅོད་བྱས་ཆོག་གོ །