ལི་ཁ་ཆང་གིས་ཨེ་ཙི་ནད་འགོག་བཅོས་བྱ་བར་གཙིགས་འཛིན་བྱེད་པའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
རྩོམ་སྒྲིག་པ།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 12-01
ད་ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནི་འཛམ་གླིང་གི་ཨེ་ཙི་ནད་ཉིན་མོ་ཐེངས་སོ་གཅིག་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉེ་ལམ་ཨེ་ཙི་ནད་འགོག་བཅོས་བྱ་བར་གཙིགས་འཛིན་བྱེད་པའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བཀོད་དོན། ཨེ་ཙི་ནད་ནི་མི་དམངས་ཀྱི་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་ལ་གནོད་པ་ཚབས་ཆེན་བཟོ་བའི་ནད་ཡམས་ཤིག་ཡིན་པས། འགོག་བཅོས་བྱ་བར་གཙིགས་འཛིན་བྱེད་པ་ནི་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགོག་བཅོས་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཨེ་ཙི་ནད་མཆེད་ཚད་ཆེས་དམའ་བའི་ཆུ་ཚད་དུ་ཚོད་འཛིན་བྱས་ནས། དེའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ། དུས་སྐབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་ལྟར། ཨེ་ཙི་ནད་མཆེད་པའི་གནས་བབ་གསར་པ་དང་འགྱུར་ལྡོག་གསར་པར་དམིགས་ཏེ། འགོག་བཅོས་འགན་འཁྲི་སྔར་ལས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་བ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཨེ་ཙི་ནད་འགོག་བཅོས་འགུལ་སྐྱོད་འཆར་གཞི་ནན་ཏན་སྒོས་ལག་བསྟར་བྱེད་དགོས། སྨན་རྫས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་སྟོབས་ཤུགས་ཡོད་རྒུས་འགོག་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་ཟུང་འབྲེལ་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་སྔོན་འགོག་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་ཁྱད་པར་དུ་ཨེ་ཙི་ནད་ཀྱི་གནོད་པ་ཐེབས་པའི་དབུལ་ཕོངས་མི་ཚོགས་ལ་རོགས་སྐྱོར་ཆེན་པོ་བྱེད་དགོས། འགོག་བཅོས་དང་ཚན་རིག་ཞིབ་འཇུག་མི་སྣའི་ཡར་སྐུལ་འགན་སྲུང་ལམ་ལུགས་འཛུགས་པ་དང་། སྤྱི་ཚོགས་རྩ་འཛུགས་སོགས་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱས་ནས། སྤྱི་ཚོགས་ཡོངས་དེའི་ཁྲོད་ཞུགས་པར་སྐུལ་འདེད་གཏོང་བ་དང་། བདེ་ཐང་དཔལ་ཡོན་གྱི་འཚོ་བ་རོལ་སྟངས་དར་སྤེལ་བྱེད་དགོས་པར་མ་ཟད། ཨེ་ཙི་ནད་འགོག་བཅོས་བྱ་བའི་འགན་འཁྲི་ལག་བསྟར་བྱེད་པ་དང་བདེ་ཐང་ཁེ་དབང་མཉམ་སྤྱོད་བྱེད་པ། བདེ་ཐང་ཀྲུང་གོ་མཉམ་འཛུགས་བྱེད་པ་བཅས་ཀྱི་གནས་བབ་བཟང་བོ་ཆགས་པར་སྐུལ་འདེད་གཏང་དགོས་ཞེས་བསྟན།།