༄༅།། དགུན་གྱི་ལེགས་སྐྱེས།

འཁྱམ་རུ་གནམ་ལྷ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-05


པེ་ཅིན། འཁྱམ་རུ་གནམ་ལྷ་རྒྱལ།


        ནམ་ཟླ་དགུན་ལ་སླེབས་ཟིན། མགོ་བོ་བཏེགས་ཏེ་བར་སྣང་ལ་བལྟས་ན། སྤྲིན་གསེབ་དེ་རུ་ཁུ་འཕངས་མང་པོ་ཁ་རོག་གེར་བསྐུངས་འདུག་པ་དང་མཚུངས།
ཀྱེ་མ། ཁུ་འཕངས་ད་དུང་དབབ་རྒྱུ་མ་བྱུང་།
    གཞོན་ནུ་དེས་སྔ་མོ་ནས་སྐེ་དཀྲིས་དཀར་པོ་ཞིག་ཉོས་ཏེ།ནམ་ཟླ་ཇེ་འཁྱག་ཏུ་ཕྱིན་པའི་གླགས་དང་བསྟུན། སྐེ་དཀྲིས་དེ་གཞོན་ནུ་མ་དེ་ལ་ལེགས་སྐྱེས་སུ་སྟེར་གྲབས་ཡོད། རབ་ཡིན་ན་ཁ་བ་འབབ་པའི་ཉིན་མོ་ཞིག་ཡིན་ན་དེ་བས་ཀྱང་བཟང་། ཁོའི་སེམས་སུ་ཁ་བ་ཞིག་དབབ་པར་རེ་ཞིང་བསྒུགས་ནས་ཡོད། ད་ལོའི་དགུན་ཟླ་འདི་ཅི་འདྲའི་འཁྱག་ཨང་། ལྷགས་རླུང་ནི་རྣོ་དབལ་ཚ་བའི་སྤུ་གྲི་ཞིག་ལྟར་ལུས་ཀྱི་བུ་ག་སོ་སོར་དཔུང་འཇུག་བྱས་ཡོང་། གཞོན་ནུ་མ་དེ་དབུགས་ཧལ་ཧལ་དུ་བརྒྱུགས་འོང་དུས།དུས་ཆད་ལྟར་སླེབས་པའི་གཞོན་ནུའི་གམ་དུ་ཤོག་ཁུག་ཡིད་དུ་འོང་བ་ཞིག་བཞག་འདུག་པ་མཐོང་། དེ་མུར། ཁོ་མོས་བྱིས་བློ་མ་ཡལ་བའི་ཉམས་ཤིག་སྟོན་བཞིན“དེ་ཅི་འདྲའི་སྙིང་དུ་སྡུག་པ་ལ”ཞེས་བཤད་བྱུང་།
        གཞོན་ནུ་མ་དེ་རྐུབ་སྟེགས་སུ་ག་ལེར་ཙོག དེ་རིང་ནི་མོ་ལ་མཚོན་ན་ཉིན་མོ་གལ་ཆེན་ཞིག་ཀྱང་ཡིན་ཏེ། ཁོ་མོ་མོ་ལོ་བཅོ་བརྒྱད་ལ་སོན་པའི་སྐྱེས་སྐར་གྱི་ཉིན་མོ་ཡིན། ཡིན་ནའང་། གཞོན་ནུ་དེས་དེ་རིང་ནི་ཁོ་མོའི་སྐྱེས་སྐར་གྱི་ཉིན་མོ་ཡིན་པ་ཁྱོན་ནས་ཧ་གོ་མེད། 
        སྐབས་ཤིག་ལ། གཞོན་ནུ་དེས་མོ་ལ་འཛུམ་ཞིག་བསྟན་རྗེས། “ཨ་ཤུ། ཅི་འདྲའི་འཁྱག་པ་ལ་ཨང”ཞེས་བརྗོད་པ་ལས།གཞན་ཅི་ཞིག་ལབ་དགོས་མ་ཤེས་པར་རེ་ཞིག་ལུས། ཁོས་གམ་གྱི་ཤོག་ཁུག་དེ་ལ་ཡང་ཡང་ལྟ་བཞིན། སེམས་སུ་ཡང་བསྐྱར་ཁུ་འཕངས་ཞིག་དབབ་རྒྱུ་བྱུང་ན་ཅི་མ་རུང་སྙམ་བྱུང་། གལ་སྲིད་ཏག་ཏག་སྐབས་དེར་ཁུ་འཕངས་ཏོག་ཙམ་དབབ་རྒྱུ་བྱུང་ན། གཞོན་ནུ་དེས་ཤོག་ཁུག་ནང་གི་སྐེ་དཀྲིས་དཀར་པོ་དེ་ག་ལེར་ཕྱིར་བཏོན་ནས་གཞོན་ནུ་མ་ལ་ལེགས་སྐྱེས་སུ་འབུལ་ཞིང་།དེ་ནས་ཁོ་མོའི་སྐེ་ལ་དཀྲི་སྲིད། དེ་དུས་ཀྱི་ཁོ་མོ་ནི་ནམ་མཁའི་ལྷ་མོ་ལས་ཀྱང་ལྟ་བས་ཆོག་མི་ཤེས་པའི་མཛེས་མ་ཞིག་ཡིན་ངེས།ཚུལ་དེར་ཁོས་དུས་ཡུན་རིང་པོ་ཞིག་ལ་ངང་སྒུག་བྱས་མྱོང་། ནམ་ཟླ་འཁྱག་པའི་དུས་ཚིགས་འདི་ལ། དེ་ནི་ཧ་ཅང་དྲོད་ཁོལ་ལྡན་པ་ཞིག་མ་ཡིན་ནམ། 
        ཁོ་གཉིས་ནི་སློབ་གྲྭ་གཅིག་པའི་སློབ་མ་ཡིན་ལ། དེ་རིང་ཡང་སློབ་གྲྭའི་མེ་ཏོག་ལྡུམ་རའི་ཟུར་ཞིག་ཏུ་དུས་ཆད་ལྟར་འཛོམས་པ་ཡིན། ཁོ་གཉིས་ངོ་ཤེས་ནས་རིང་ཙམ་ཕྱིན་པས། ཕན་ཚུན་ལ་སེམས་པ་ཤོར་ཡོད། སྨོན་ལམ་བཏབ་ཡོད།ཡིན་ན་ཡང་། གཞོན་ནུ་དེ་གཞོན་ནུ་མ་ལས་ལོ་རིམ་གཉིས་ཀྱིས་མཐོ་ཞིང་། ད་ལོ་ནི་སློབ་མཐར་ཕྱིན་པའི་ལོ་ལ་ཁེལ་འདུག རྒྱུ་རྐྱེན་གང་ཞིག་གིས་ལན་ནམ།དུས་ཀྱི་མཚམས་ཚིགས་གང་ཞིག་ནས་བཟུང་གཞོན་ནུ་མའི་སེམས་པ་གཏན་ནས་བདེ་ཐབས་མ་བྱུང་། མོས་གཞོན་ནུ་དེ་ད་དུང་ལོ་རིམ་གཉིས་ཀྱིས་དམའ་ན་བསམས།དེ་མིན་ན་ལོ་རིམ་གཅིག་གིས་དམའ་ནའང་ཆོག གང་ལྟར། ད་ལོ་སློབ་མཐར་ཕྱིན་ཏེ་སློབ་གྲྭ་འདི་དང་ཡེ་ནས་ཁ་བྲལ་སོང་ན་མི་འདོད། སྐབས་རེར། གཞོན་ནུ་མའི་སྣང་བ་ཞིག་ལ་དུས་ཚོད་ནི་མོ་ལ་མཚོན་ན་མནར་གཅོད་ཀྱི་བདེ་སྐྱིད་ཅིག་ཀྱང་ཡིན་པ་འདྲ། 
        ནམ་ཟླ་གློ་བུར་གློ་བུར་ཇེ་འཁྱག་ཏུ་འགྲོ་བཞིན་ཡོད་པ་ཚོར་ནའང་།ན་གཞོན་དེ་གཉིས་རྐུབ་སྟེགས་སུ་དཔུང་བ་མཉམ་གཤིབ་ཀྱིས་ཙོག་སྟེ། སེམས་སུ་ཕན་ཚུན་ལ་ཅི་ཞིག་གླེང་དགོས་པར་བསམ་བློ་གཏོང་གིན་འདུག སྐབས་ཤིག་ལ། ལྷགས་རླུང་གི་རྒྱུ་ཕྱོགས་ཤིག་གིས།གཞོན་ནུ་མས་གྲང་འདར་གློ་བུར་བ་ཞིག་བརྒྱབ་སྟེ་ཁ་ནས་དབང་མེད་དུ“ཨ་ཤུ་ཤུ”ཞེས་ཐལ་ཞིང་། ལག་པ་ཕན་ཚུན་འཕུར་ཏེ་སྲོ་བར་བྱེད། གཞོན་ནུས་ཚུལ་དེ་མཐོང་འཕྲལ་རང་གི་ལག་པ་ཕར་བསྲིངས་ཏེ་ཁོ་མོའི་ལག་པར་འཇུས་ནས་བསྲོ་ན་བསམས་མོད། འོན་ཀྱང་། ཁོའི་ངག་ནས“ལག་པ་ཚུར་སྲིངས་དང”ཞེས་པའི་སྐད་ཆ་དེ་ཅིས་ཀྱང་འཁྲོལ་མ་སོང་། གཞོན་ནུ་མའང་ཁོའི་བྲང་ཁར་མགོ་བོ་བསྙེས་འདོད་ཅིག་འགོག་མེད་དུ་སྐྱེས་ནའང་། ཧ་ཅང་བག་ཚ་བར་གྱུར་པས་སེམས་ཀྱི་རྗེས་སུ་ལུས་པོ་འབྲངས་ཐབས་མ་བྱུང་། 
        སྔོན་ཏག་ཏག་ལ། གཞོན་ནུ་དེས་དགོད་གཏམ་ཁ་ཤས་ཤིག་བློ་ནས་གྲ་སྒྲིག་བྱས་ཏེ། ཁོ་གཉིས་ཕྲད་རྗེས་གཞོན་ནུ་མ་ལ་དགོད་ཁ་སློང་བར་སྟ་གོན་ཕུན་སུམ་ཚོགས་པ་ཞིག་བགྱིས་ཡོད། དེ་ལྟ་ནའང་། གཞོན་ནུ་མ་ཁོའི་གམ་དུ་འབྱོར་མ་ཐག ཁོའི་སེམས་ཀྱི་དགོད་གཏམ་དེ་དག་སྐད་ཅིག་ཉིད་ལ་སྡོང་མགོའི་བྱེའུ་དཀྲོགས་པ་བཞིན་གར་སོང་ཆ་མི་འཚལ་བར་གྱུར་ཅིང་། བློ་སེམས་གཉིས་ཀ་ལྷོག་ལྷོག་ཁོལ་བར་རྩོམ། གཞོན་ནུ་མའང་དེ་བཞིན་ཡིན་ཏེ། ཁོ་གཉིས་མ་ཕྲད་པའི་ཡར་སྔོན་དུ་འཕྱོར་ལྭ་མཛེས་པོ་དག་གིས་རང་ཉིད་སྤྲས་པར་བྱེད་ཅིང་། སྨན་ཆུང་ཞིག་གི་ཁ་གཤིས་བཟང་པོས་རང་གི་གཏམ་སྤྱོད་ལ་ཚོད་འཛིན་བྱེད་ནའང་། གཞོན་ནུའི་གམ་དུ་འབྱོར་བ་ན། བག་ཚ་དང་འཚུབ་སྣང་ལྷན་དུ་བསྡེབས་ཏེ་འཕོས་བྱུང་བས། སྐབས་རེར་ཕྱིར་འབྲོ་འདོད་ཅིག་ཀྱང་གློ་བུར་གློ་བུར་དུ་སྐྱེས་འོངས། 
        སྐབས་ཤིག་ལ། གཞོན་ནུས་ཅི་མི་སྙམ་པར་གཞོན་ནུ་མའི་གདོང་ལ་ཟུར་མིག་གིས་ལྟ་ཙམ་བྱས་པར། གཞོན་ནུ་མས་ཀྱང་ཏག་ཏག་ཁོ་ལ་ཟུར་མིག་གིས་ལྟ་བའི་གློག་ཞགས་དང་འཕྲད་པས། ཁོ་གཉིས་མཉམ་དུ་ཁ་སྐྱེངས་ཏེ་བློང་བློང་བོར་བཏང་སོང་། དེའི་དུས་གཞོན་ནུའི་སེམས་སུ་ང་ནི་སྐྱེས་ཕོ་རབ་ཅིག་ཡིན་པ་མིན་ནམ། འདི་ལྟར་ངོ་ཚ་དགོས་དོན་ཅི་ལ་ཡོད་ཅེས་རང་གིས་རང་ལ་སྤོབས་སེམས་ཤིག་བསྐྱེད་མོད། འོན་ཏེ། སྔར་བཞིན་ཁ་སྐྱེངས་པའི་ཚུལ་གྱིས་སྡོད་དགོས་བྱུང་།གཞོན་ནུ་མ་ལའང་འཚུབ་སྣང་ཞིག་ལྡང་སྟེ། “ངས་ཁོ་ལ་དེ་ལྟར་མ་བལྟས་ན་འགྲིག་འདུག ཅི་འདྲའི་ངོ་ཚ་བ་ལ”ཞེས་སེམས་སུ་རང་ཉིད་ལ་ལེ་བདའ་ཕྲ་མོ་ཞིག་བྱས་ནའང་། སེམས་ཀྱི་ག་ཤེད་ཅིག་ནས་དྲོད་ཁོལ་གྱི་བདེ་སྣང་ཞིག་ངང་གིས་འཕོས་ཡོང་། མོ་ལ་མཚོན་ན། ནམ་ཟླ་ཇི་ལྟར་འཁྱག་རུང་། གཞོན་ནུའི་གམ་དུ་སྡོད་པའི་སྐར་ཆ་རེ་རེ་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཅི་ལ་མིན། 
        “ཁྱེད་རང་ཕྱིར་ལོག་གི་མེད་དམ། ང་ཚོས་ཁྱེད་ལ་བསྒུགས་ཡོད། སྐྱེས་སྐར་ལ་རྟེན་འབྲེལ་ཞུ།” 
        གཞོན་ནུ་མ་ལ་བརྡ་འཕྲིན་ཞིག་འབྱོར་བྱུང་། དེ་ནི་ཁོ་མོའི་མལ་ཁང་གི་གྲོགས་མོ་ཞིག་གིས་བསྐུར་བ་རེད་ལ། དེས་ཁོ་མོ་གློ་བུར་དུ་གཉིད་ལས་སད་པར་བཏང་།སྔོན་ཏག་ཏག་ལ།མལ་ཁང་གི་གྲོགས་མོ་ཚོས་མོ་ལ་སྐྱེས་སྐར་གྱི་དགྱེས་སྟོན་ཆུང་ཆུང་ཞིག་བཤམས་ཡོད་ནའང་།དེ་རིང་ཁོ་གཉིས་ངོ་འཕྲད་པའི་དུས་ཆད་བཏབ་ཡོད་ཕྱིར།གཞོན་ནུ་མས་སྐྱེས་སྐར་ལ་རོལ་རྒྱུ་རྗེས་སུ་བསྐྱུར་ཏེ་དུས་ལྟར་གཞོན་ནུ་ལ་ངོ་འཕྲད་པར་ཡོང་བ་རེད།
        “ཁོས་དེ་རིང་ནི་ངའི་སྐྱེས་སྐར་ཡིན་པ་ཧ་གོ་ཡི་ཡོད་དམ།” གཞོན་ནུ་མའི་སེམས་པ་རེ་ཞིག་ནེམ་ནུར་གྱི་ཁྱོགས་ལ་འཕྱང་སྟེ་རང་གིས་རང་ལ་ཁ་རོག་གེར་དེ་ལྟར་དྲིས། གཞོན་ནུ་མས་ད་བར་དུ་སྐྱེས་སྐར་ཞིག་རོལ་མྱོང་མེད་པས། ཅིས་ཀྱང་སྐྱེས་སྐར་ཞིག་རོལ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་མིན་ནའང་། གཞོན་ནུ་དེ་དང་མཉམ་དུ་སྐྱེས་སྐར་ལ་ཐེངས་ཤིག་རོལ་ཐུབ་པ་བྱུང་ན། ཚེ་རབས་འདིར་ཁོ་མོར་དེ་ལས་ལྷག་པའི་མཛེས་སྡུག་གི་ཕྱིར་དྲན་ཞིག་ཡོད་མི་སྲིད།

ནམ་མཁའ་སྔར་བཞིན་སྐྱ་ཐལ་ལེར་འདུག གཞོན་ནུ་དེས་མགོ་བོ་བཏེགས་ཏེ་ནམ་མཁར་ལྟ་ཙམ་ལྟ་ཙམ་བྱེད། ཁོས་སྤྲིན་གསེབ་དེ་རུ་ཁུ་འཕངས་མང་པོ་ཁ་རོག་གེར་བསྐུངས་ཏེ་ཁོ་ལ་བལྟས་འདུག་པ་མཐོང་བས། ཤོག་ཁུག་ནང་གི་སྐེ་དཀྲིས་དཀར་པོ་དེ་དང་མཚུངས་པའི་དཀར་བོང་བོང་གི་ཁུ་འཕངས་ལ་མུ་མཐུད་དུ་རེ་ཞིང་བསྒུགས་ནས་བསྡད།
        “ཁ་བ་ད་དུང་དབབ་རྒྱུ་མེད་པ་ཅི་ཞིག་ལན་ནམ།” སྐབས་ཤིག་ལ། གཞོན་ནུའི་ངག་ནས་དབང་མེད་དུ་དེ་སྐད་ཤོར་བ་ན། གཞོན་ནུ་མས་ཅི་ཞིག་གི་ཧ་མ་གོ་བར། ཨ། ཅི་ཞིག ཁ་བ་དབབ་རྒྱུ་ཡིན་ནམ་ཞེས་ལྡོག་འདྲི་བྱས། གཞོན་ནུ་དེ་མུར་ཁ་སྐྱེངས་པར་གྱུར་ཏེ། མ་རེད། ཅི་ཡང་མ་རེད་ཅེས་ཟེར་བ་ལས་གང་ཞིག་བཤད་དགོས་མ་ཤེས་པར་ལུས། 
        དེ་ལྟར། ཁ་བ་ནི་གཞོན་ནུའི་འདོད་པ་ལྟར་ཅིས་ཀྱང་དབབ་རྒྱུ་མ་བྱུང་ལ། ནམ་ཟླ་སྔར་བཞིན་ཧ་ཅང་འཁྱག ཧ་ཅང་འཁྱག 
        ཁ་བ་དབབ་རྒྱུ་མ་བྱུང་བས། གཞོན་ནུ་ལ་རེ་ཆད་ཏོག་ཙམ་སྐྱེས་ནའང་། མཇུག་མཐར། ཁོས་སྐེ་དཀྲིས་དཀར་པོ་དེ་གཞོན་ནུ་མ་ལ་དངོས་སུ་ལེགས་སྐྱེས་སུ་སྟེར་བའི་བློ་ཐག་བཅད། 
        ཁོས་སྐེ་དཀྲིས་དཀར་པོ་དེ་ཤོག་ཁུག་ལས་ག་ལེར་ཕྱིར་བཏོན་པ་དང་། དེ་ནས་ཧ་ཅང་དུངས་པ་ཟབ་མོའི་ངང་ནས་གཞོན་ནུ་མ་ལ“འདི་ནི་ངས་དགུན་ཟླ་འདིར་ཁྱོད་ལ་ཕུལ་བའི་སེམས་ཀྱི་ལེགས་སྐྱེས་ཡིན”ཞེས་བཤད་ཞོར། ཡིད་དུ་འོང་བའི་སྐེ་དཀྲིས་དཀར་པོ་དེ་གཞོན་ནུ་མའི་ལག་ཏུ་བཞག གཞོན་ནུ་མས་ཚུལ་དེ་མཐོང་འཕྲལ་དགའ་སྣང་དང་འཚུབ་སྣང་མཉམ་དུ་བསྡེབས་ཏེ་ལྷོག་ལྷོག་ཏུ་འཕོས་བྱུང་ལ། སྐབས་དེར་ཁོ་མོའི་སེམས་པ་ནི་ཟླུམ་གཟུགས་ཀྱི་གོ་ལ་འདི་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ན། དེ་ལ་གཡོ་འགུལ་ཆེན་པོ་ཞིག་ཐེབས་སོང་། གཞོན་ནུ་མའི་མིག་མཐར་ཅི་ཞིག་འོད་ཀྲིག་ཀྲིག་གིས་འཚེར་བཞིན་འདུག མོའི་མགྲིན་པ་སྔ་མོ་ནས་བརྣངས་ཡོད་ནའང་། ལག་གི་སྐེ་དཀྲིས་དཀར་པོ་དེ་ལ་བལྟས་ཀྱིན་བལྟས་ཀྱིན། མོ་ལ་སྤོབས་པ་ཞིག་ངང་གིས་བརྡོལ་ཡོང་བས། ཧ་ཅང་བག་ཚ་དང་བཅས་གཞོན་ནུ་ལ“མ་གཞི་ཁྱེད་ཀྱིས་དེ་རིང་ནི་ངའི་སྐྱེས་སྐར་ཡིན་པ་ཧ་གོ་འདུག”ཅེས་སྐད་གསང་དམའ་མོས་བརྗོད་བྱུང་། སྐད་ཆ་དེ་ཐོས་མ་ཐག གཞོན་ནུ་རང་གི་རྣ་ལའང་ཡིད་མ་ཆེས་པ་ལྟར“ཅི་ཟེར། དེ་རིང་ནི་ཁྱེད་ཀྱི་སྐྱེས་སྐར་ཡིན་ནམ”ཞེས་ལྡོག་འདྲི་ཞིག་བྱས་པ་ན། གཞོན་ནུ་མས“ཁྱེད་ཀྱིས་སྔ་མོ་ནས་ཧ་གོ་འདུག་པ་མིན་ནམ”ཞེས་ཡིད་ཆེས་དང་བཅས་སྨྲས་བྱུང་། 
        དེའི་དུས། གཞོན་ནུས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡུད་ཙམ་ལ་ཁ་རོག་གེར་འདུག་དགོས་བྱུང་། 
        གནམ་ངོ་ཡུན་གྱིས་རུབ་སྟེ་ནམ་ཟླ་ཇེ་འཁྱག་ཏུ་ཕྱིན་པས། ན་གཞོན་དེ་གཉིས་ཅིས་ཀྱང་འདུག་མ་བཟོད་པར་ཕྱིར་ལྡོག་དགོས་བྱུང་། གཞོན་ནུ་དེ་སྔོན་ལ་གོམ་པ་འགའ་ཙམ་བསྐྱོད་རྗེས་ཁ་ཕྱིར་འཁོར་ཏེ་བལྟས་པ་ན། གཞོན་ནུ་མས་གཞི་ནས་སྐེ་དཀྲིས་དཀར་པོ་དེ་མགུལ་ལ་བརྒྱབ་ནས་འོང་གིན་འདུག སྐབས་དེར། གཞོན་ནུ་མས་ཁོའི་མིག་མདངས་ལས། རང་ཉིད་ཀྱིས་གཞི་ནས་ཤེས་མེད་ཚོར་མེད་ངང་ཁོས་སྔོན་ཏག་ཏག་ལ་ལེགས་སྐྱེས་སུ་ཕུལ་བའི་སྐེ་དཀྲིས་དཀར་པོ་དེ་རང་གི་མགུལ་ལ་བཅིངས་འདུག་པ་རྟོགས་པས། ཁོ་མོ་དེ་མུར་རྟབ་རྟབ་པོར་གྱུར་ལ། དོགས་མ་བདེ་བ་ཞིག་ཀྱང་བྱུང་བས་ངོ་གདོང་ཚ་ལམ་ལམ་བྱེད། གཞོན་ནུ་ལ་སྔ་ན་མེད་པའི་དགའ་སྣང་ཞིག་སྐྱེས་ཤིང་། སེམས་སུ་གཞོན་ནུ་མ་ལ་སྔར་བས་དུངས་པ་ཟབ་མོ་ཞིག་འཕོས་འོངས། ཁོའི་ངག་ནས་དབང་མེད་དུ“ཨ་ལ་ལ། ཅི་འདྲའི་མཛེས་པ་ལ་ཨང”ཞེས་ཤོར་སོང་ལ། གདོང་གི་རྣམ་འགྱུར་ལ་ལྷད་མེད་དྭངས་གཙང་ཞིག་གིས་ཁེངས་འདུག གཞོན་ནུ་མས་ཀྱང་རང་གི་མགུལ་ལ་བཅིངས་པའི་སྐེ་དཀྲིས་དཀར་པོ་དེ་ལ་ལག་པས་ཡང་ཡང་རེག་ཙམ་རེག་ཙམ་བྱེད་པ་ལས། ཅིས་ཀྱང་ཕྱིར་ལེན་མ་ཕོད་པར་གྱུར། 
        ཁོ་གཉིས་དཔུང་བ་མཉམ་གཤིབ་ཀྱིས་ག་ལེར་མདུན་ཕྱོགས་སུ་བསྐྱོད། སྐབས་ཤིག་ལ། གཞོན་ནུའི་གདོང་ལ་ཅི་ཞིག་འཁྱག་སིབ་སིབ་ངང་ཟགས་བྱུང་། གཞོན་ནུས་ཅི་མི་སྙམ་པར་མགོ་བོ་དགྱེས་ཏེ་ལྟ་ཙམ་བྱས་པ་ན། འོ། དེ་ནི་ཁ་བ་ཡིན་འདུག དངོས་གནས་ཁ་བ་ཡིན་འདུག ཁོ་ལ་མཚོན་ན། ཁ་བ་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། 
        “ཁ་བ་བབས་བྱུང་། ཁ་བ་བབས་བྱུང་།” 
        ན་གཞོན་དེ་གཉིས་ཀྱིས་མ་གྲོས་གཅིག་མཐུན་སྒོས་དེ་ལྟར་ཟེར་བཞིན།ཕན་ཚུན་གྱི་གདོང་ལ་བལྟས་ཏེ་བསླུག་བསླུག་ཏུ་བགད་བྱུང་། ཡུད་ཙམ་འགོར་རྗེས། གཞོན་ནུ་དེས་ཧ་ཅང་བརྩེ་སེམས་འཁོལ་བའི་ངང་ནས་གཞོན་ནུ་མ་ལ“ཁྱེད་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ”ཞེས་བརྗོད་མ་ཐག གཞོན་ནུ་མའི་མིག་ཀོང་འོད་ཀྲིག་ཀྲིག་བྱེད་ལ། དེ་ནས་མིག་ཆུའི་དོག་པ་མང་པོ་མུ་ཏིག་འཐོར་བ་བཞིན་ས་ལ་གྲིལ་སོང་། 
2016/10/27ཉིན་གྱི་མཚན་མོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1