༄༅།། བོད་རིགས་ཀྱི་རེས་གཟའ་བདུན་གྱི་བཤད་སྲོལ་འདི་ཁྱེད་ཀྱིས་ཤེས་སམ།
རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 12-07
བོད་ཀྱི་གཏམ་དཔེར། ལུང་པ་རེ་ལ་ལུགས་སྲོལ་རེ། བླ་མ་རེ་ལ་ཆོས་ལུགས་རེ་གསུངས་པ་ཇི་བཞིན་མི་རིགས་མི་འདྲ་བར་ཡུལ་གོམས་གཤིས་ལུགས་མི་འདྲ་བ་རེ་ཡོད།
ང་ཚོ་བོད་རིགས་ལའང་གཟའ་བདུན་ལ་རིམ་པ་བཞིན་མིང་རེ་ཡོད་ལ་བཤད་སྲོལ་ཡང་མི་འདྲ་བ་རེ་ཡོད། གཟའ་བདུན་པོ་དེ་དག་གི་དཔེ་ལུས་སྟེང་གི་དབང་པོའི་རིམ་པ་བཞིན་སྦྱར་ནས་མིང་བཏགས་ཡོད་པ་སྟེ། སྤྱི་གཙུག་ལ་ཉི་མ་དང་ཐོད་པར་ཟླ་བ། མིག་ལ་མིག་དམར། རྣ་ཅོག་ལ་ལྷག་པ། སྣ་ཁུག་ལ་ཕུར་བུ། ཁ་ལ་པ་སངས། མ་ལེར་སྤེན་པ་ཞེས་འབོད།
གཟའ་བདུན་ལ་བཤད་སྲོལ་ལྟར་ན་རེས་གཟའ་ཉི་མ་ལ་ཉི་མ་ཕྱོགས་འགྲོ་ཀུན་ལ་དོགས་ཞེས་གཟའ་ཉི་མའི་ཉིན་ཕྱོགས་ལ་ཐོན་མཁན་གྱི་འགྲུལ་པ་ཅུང་ཉུང་བ་ཡིན་ལ་གལ་སྲིད་བསྐྱོད་ཀྱང་ཅུང་ཟད་དོགས་ཟོན་བྱེད་དགོས་ཤས་ཆེ།
རེས་གཟའ་ཟླ་བ་ལ་ཟླ་བ་སྤྱི་གཟའ་ཡིན་ཟེར་ཞིང་། གཟའ་ཟླ་བར་ཕྱོགས་གཞན་ལ་འགྲོ་བའམ་ཡང་ན་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་ཀྱི་དགའ་སྐྱིད་གཏོང་བ་སོགས་བྱེད་སྲོལ་ཡོད།
རེས་གཟའ་མིག་དམར་ལ་མིག་དམར་ཕྱུགས་ཀྱི་གཡང་གཟའ་ཡིན་ཟེར་ཞིང་། གཟའ་མིག་དམར་ལ་ཕྱུགས་རིགས་འཚོང་བའི་སྲོལ་མེད་ལ་གལ་སྲིད་བཙོངས་ཚེ་ཕྱུགས་ཀྱི་གཡང་ཤོར་ནས་ཤ་ཤེད་རྒྱས་མི་ཐུབ་པའམ་འོ་མ་ཉུང་དུ་འགྲོ་བ་སོགས་ཕྱུགས་རིགས་ལ་བཀྲ་མི་ཤིས་པ་ཡོང་གི་ཡོད།
རེས་གཟའ་ལྷག་པ་ལ་ལྷག་པ་འབྲུ་ཡི་གཡང་གཟའ་ཡིན་ཟེར་ཞིང་། སྤྱིར་གཟའ་ལྷག་པའི་ཉིན་འབྲུ་སྣ་ལྔ་འཚོང་བའམ་སྤྲོད་སྲོལ་མེད། ཡང་བཤད་སྲོལ་གཞན་ཞིག་ལ་གཡར་བའི་ཅ་དངོས་རྣམས་རེས་གཟའ་ལྷག་པའི་ཉིན་ཕར་སྤྲོད་ཚུར་ལེན་བྱེད་ཀྱི་ཡོད།
རེས་གཟའ་ཕུར་བུ་ལ་ཕུར་བུ་ཚང་གདོན་ཞེས་བུ་མོ་བག་མར་སྟེར་སྲོལ་མེད། འོན་ཀྱང་བཤད་སྲོལ་གཞན་ཞིག་ལ་ཕུར་བུ་རྩ་བ་འཛུགས་ཞེས་བུ་ལ་མནའ་མ་ལེན་ཚེ་གཟའ་ཕུར་བུའི་ཉིན་ལེན་སྲོལ་ཡོད།
རེས་གཟའ་པ་སངས་ལ་པ་སངས་བྱ་བ་ཀུན་ལ་བཟང་ཞེས་ཟེར་ཞིང་། བྱ་བ་གང་ཞིག་བསྒྲུབ་རུང་ལམ་འགྲོ་དང་བསམ་དོན་ལྷུན་འགྲུབ། ལུང་ཆུ་རྒྱུགས་རྒྱུགས་ཡོང་བའི་བཤད་སྲོལ་ཡོད།
རེས་གཟའ་སྤེན་པ་ལ་མི་ནོར་མེད་ཀྱི་གཡང་གཟའ་ཡིན་ཞེས་ཟེར་ཞིང་། སྤྱིར་སྐུ་ཕུང་རེས་གཟའ་སྤེན་པར་ཁྱིམ་ནས་འདོན་སྲོལ་མེད་ཅེས་བཤད་སྲོལ་མང་།
གཟའ་བདུན་པོ་མིའི་མིང་ལ་ཡང་འདོགས་སྲོལ་ཡོད་དེ། གཟའ་གང་ཞིག་ལ་ཕྲུ་གུ་བཙས་ཚེ་གཟའ་དེའི་མིང་ཕྲུ་གུ་དེ་ལ་བཏགས་པའང་ཡོད། དཔེར་ན་མིའི་མིང་ལ་མིག་དམར་དང་ཉི་མ་ཟེར་བ་སོགས་མང་པོ་ཞིག་གཟའ་ལ་བལྟས་ནས་བཏགས་པ་རེད།
རེས་གཟའ་དེ་རྣམས་སྤྱོད་མཁོ་ཆེ་ལ་གོམས་སྲོལ་དང་མཐུན་པ་ཞིག་ཡིན་པས། ང་ཚོས་རེས་གཟའ་བདུན་གྱི་མིང་ཆ་ཚང་ཞིག་ཤེས་དགོས་པ་མ་ཟད་དེ་རྣམས་ཀྱི་སྤྱོད་མཁོ་ཡང་རགས་བསྡུས་ཤིག་ཤེས་དགོས་པ་ལས་གཟའ་དང་པོ་དང་གཟའ་གཉིས་པ་ཞེས་འབོད་སྲོལ་མེད།