མིན་ཡོན་རྫོང་གི་ཟ་ཁང་སྦྱིན་བདག་ཅིག་གིས་རྒྱལ་དར་སྒོ་ཡོལ་དུ་བཀལ་བས་སྲིད་འཛིན་བཀག་སྐྱིལ་བྱས།
མིན་ཡོན་རྗོང་།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧེ་རིགས་རང་སྐྱོང་རྫོང་གི་ཟ་ཁང་སྦྱིན་བདག་མཱ་ཆེ་གེ་མོས་རྒྱལ་དར་གྱི་མགོ་རྔ་ལྡོག་སྟེ་ཟ་མ་གཡོས་སྐོལ་བྱེད་སའི་ཐབ་ཚང་གི་སྒོ་ཡོལ་ལ་བཀལ་འདུག་ཅིང་། སྣང་ཚུལ་དེ་དྲ་གྲོགས་ཤིག་གིས་པར་བརྒྱབ་སྟེ་དྲ་ཐོག་ཏུ་སྤེལ་བ་ན། གཏམ་གླེང་སྣ་ཚོགས་བརྗོད་པའི་ཚ་རླབས་དྲག་པོ་འཕྱུར། ཟླ11པའི་ཚེས14ཉིན། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་མཱ་ཆེ་གེ་མོས་རྒྱལ་དར་སྣང་མེད་དུ་བཞག་སྟེ་སྒོ་ཡོལ་ལ་བཀལ་བས། མིན་ཡོན་ཉེན་རྟོག་པས་ཉིན15ཡི་སྲིད་འཛིན་བཀག་སྐྱིལ་བྱས།
ཟླ10པའི་ཚེས22ཉིན་གྱི་ཆུ་ཚོད12ཡས་མས་སུ། མིན་ཡོན་རྫོང་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པས་བྱ་བ་སྒྲུབ་སྒང་ལ། མིང་ལ“མཚན་མོའི་རོ་ལངས”སུ་འབོད་པའི་དྲ་གྲོགས་ཤིག་གིས་པོད་འཕྲིན་དུ“མཚོ་སྔོན་མིན་ཡོན་རྫོང་གི་ཟ་ཁང་ཞིག་གིས་རྒྱལ་དར་སྒོ་ཡོལ་དུ་བཀལ་བའི”པར་ཞིག་བསྐུར་འདུག་པའི་སྣང་ཚུལ་ལ། རྒྱ་ཆེའི་དྲ་གྲོགས་རྣམ་པས་དོ་ཁུར་དང་བསམ་ཚུལ་སྣ་ཚོགས་གླེང་བཞིན་པ་ཤེས་པས། མིན་ཡོན་ཉེན་རྟོག་པས་བརྟག་དཔྱད་བྱས་པ་ན། ད་ལོའི་ཟླ8པར། མཚོ་སྔོན་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟའི་འགྲན་རྒྱུག་བསུ་བ་ལ། མིན་ཡོན་རྫོང་ཆིན་ཧྲི་ཙི་གྲོང་རྡལ་ཧི་ཙི་ཧི་གཡང་འཕེལ་ཟ་ཁང་གི་སྦྱིན་བདག་མཱ་ཆེ་གེ་མོས་རྒྱལ་དར་གཉིས་ཉོས། ཟ་མ་ཟ་རུ་ཡོང་བའི་ཡུལ་སྐོར་ལྗོངས་རྒྱུ་བ་ཞིག་གིས་རྒྱལ་དར་གཅིག་ཟ་ཁང་གི་སྒོ་ཁར་བཀལ་བ་དང་། ཅིག་ཤོས་ཀྱི་མགོ་རྔ་ལྡོག་སྟེ་ཟ་མ་གཡོ་སྐོལ་བྱེད་སའི་ཐབ་ཚང་གི་སྒོ་ཡོལ་དུ་བཀལ་འདུག་པ་མཐོང་བས། པར་བླངས་ཏེ་རང་གི་པོད་འཕྲིན་དུ་བསྐུར་བ་རེད།
རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར་ན། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོན་རྟགས་སམ་རྟགས་མཚན་ཞིག་ཡིན་པས། དེར་སྤྱི་དམངས་དང་རྩ་འཛུགས་ཀྱིས་བརྩི་བཀུར་དང་གཅེས་སྤྲས་བྱ་འོས”ཞེས་བཀོད་ཡོད། དེ་བས་མཱ་ཆེ་གེ་མོས་རྒྱལ་དར་གྱི་མགོ་རྔ་ལྡོག་སྟེ་སྒོ་ཡོལ་དུ་བཀལ་བ་ལ་རྒྱལ་ཁབ་ཀྱི་གཟི་བརྗིད་དང་མཚན་སྙན་ལ་གནོད་འཚེ་ངེས་ཅན་ཞིག་བཏང་ཡོད།
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མཱ་ཆེ་གེ་མོས་རྒྱལ་དར་ལ་དམའ་འབེབས་བྱས་པ་ནི་བསམ་གཟས་ཏེ་སྤེལ་བའི་བྱ་སྤྱོད་ཅིག་མ་ཡིན་པས། མཱ་ཆེ་གེ་མོ་སྲིད་འཛིན་བཀག་སྐྱིལ་བྱས་རྗེས་འགྱོད་པ་སྐྱེས་ཏེ་བཤད་རྒྱུར། “ངས་རྒྱུན་དུ་རང་གི་བྱིས་པར་རྒྱལ་གཅེས་ཀྱི་བསམ་བློ་འཛིན་དགོས་པའི་སློབ་གསོ་བཏང་བ་ཡིན། ཡིན་ན་ཡང་། མ་བསམ་ས་ནས་ངས་རྒྱལ་དར་ལ་དམའ་འབེབས་བྱས་སོང་། འདི་ཡོད་ཚད་ནི་ངའི་ཁྲིམས་ལུགས་ཀྱི་འདུ་ཤེས་ཞན་པའི་རྐྱེན་རེད། རེ་བ་ཡིན་ན་ངའི་བྱ་སྤྱོད་འདི་སྨྱན་བྱད་ལས་ཁུངས་ཀྱིས་ལྡོག་ཕྱོགས་ཀྱི་བསླབ་དེབ་ཅིག་ཏུ་ངོས་བཟུང་སྟེ་དྲིལ་སྒྲོག་བཟང་པོ་བྱས་ནས་མི་གཞན་ལ་འདི་འདྲའི་ནོར་འཆུག་བཟོ་རུ་འཇོག་མི་རུང”ཟེར། གྱོད་དོན་འདིར་མཱ་ཆེ་གེ་མོས་རྒྱལ་དར་ལ་དམའ་འབེབས་བྱས་པའི་བྱ་སྤྱོད་ཁྲིམས་དང་འགལ་ཡོད་མོད། འོན་ཀྱང་གནས་ཚུལ་ཅུང་ཡང་མོ་ཡིན་པས། ཟླ11པའི་ཚེས14ཉིན། མིན་ཡོན་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་མཱ་ཆེ་གེ་མོར་ཉིན15ཡི་སྲིད་འཛིན་བཀག་སྐྱིལ་བྱས།
2007ལོའི་ཟླ4པའི་ཚེས5ཉིན། རྟ་ཐང་ཧེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་སློབ་འབྲིང་ནས་སློབ་མཚམས་བཞག་པའི་སློབ་མ་ཀྲོ་ཆེ་གེ་མོར་དགེ་རྒན་གྱིས་སྐྱོན་བརྗོད་བྱས་པར། ཞེ་སྡང་ཆེན་པོ་ལངས་ཏེ་འཁོན་ལན་སློག་ཆེད། ཀྲོ་ཆེ་གེ་མོས་སློབ་གྲྭའི་རྒྱལ་དར་མེ་ལ་བསྲེགས། ལོ་དེའི་ཟླ7པའི་ཚེས10ཉིན། རྟ་ཐང་རྫོང་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་སྒོས་ཀྲོ་ཆེ་གེ་མོས་རྒྱལ་དར་ལ་དམའ་འབེབས་བྱས་པའི་གྱོད་དོན་ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས། ཉིན་དེར་དཔྱད་མཚམས་བཏང་བ་དང་། གཏུག་ཡུལ་ཀྲོ་ཆེ་གེ་མོས་རྒྱལ་དར་ལ་དམའ་འབེབས་བྱས་པའི་ནག་ཉེས་བཟོས་པར་དུས་བཀག་བཙོན་འཇུག་ཟླ6གི་ཉེས་ཆད་བཅད། 1990ལོའི་ཟླ10པའི་ཚེས1ཉིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས》ལག་ཏུ་བསྟར་བ་ནས་བཟུང་། ཀྲོ་ཆེ་གེ་མོས་རྒྱལ་དར་ལ་དམའ་འབེབས་བྱས་པའི་གྱོད་དོན་ནི་རང་ཞིང་གི་རྩད་ཞིབ་ཐག་གཅོད་ཀྱི་ཐོག་མའི་རྒྱལ་དར་ལ་དམའ་འབེབས་བྱས་པའི་གྱོད་དོན་དུ་གཏོགས།།