ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས་ཀྱི་ནང་དོན་གནད་བསྡུས།
རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-12
གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། 2017ལོའི་ཟླ་12པའི་ཚེས་7ནས་ཚེས་8ཉིན་གྱི་བར། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཁྲེང་ཏུའུ་རུ་ཚོགས།
ཞིང་ཆེན་ཏང་ཨུའི་ཨུ་ཡོན་84དང་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན་17གྲོས་ཚོགས་སུ་ཞུགས་པར་མ་ཟད། ཞིང་ཆེན་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་ཐེངས་འདིའི་གྲོས་ཚོགས་སུ་ཞུགས། ཞིང་ཆེན་གྱི་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མིའི་ཚོགས་ཆེན་ཁྲོད་ཀྱི་གཞི་རིམ་བློ་མཐུན་ཁ་ཤས་ཀྱང་གྲོས་ཚོགས་སུ་ཞུགས།
ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་མཛད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་།
སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས་ལ་ནང་དོན་གཙོ་གནད་གང་དག་ཡོད།
གྲོས་ཚོགས་ཀྱི་མིང་།
ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས།
གྲོས་ཚོགས་ཀྱི་ས་གནས།
2017ལོའི་ཟླ་12པའི་ཚེས་7ཉིན་ནས་ཚེས་8ཉིན་བར་ཁྲེང་ཏུའུ་རུ་ཚོགས།
ཚོགས་ཞུགས་མི་སྣ།
ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་84ཞུགས།
ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་17ཞུགས།
ཟུར་ཞུགས་མི་སྣ།
ཞིང་ཆེན་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་འགན་འཁུར་བློ་མཐུན།
ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཏང་གི་འཐུས་མའི་ཚོགས་ཆེན་གྱི་འཐུས་ཚབ་ནང་གི་གཞི་རིམ་གྱི་བློ་མཐུན་ཁག་གཅིག
གྲོས་ཞིབ་བརྒྱུད་དེ་ཐག་གཅོད་གཉིས་ལ་གྲོས་འཆམ་བྱུང་།
《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སི་ཁྲོན་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་དང་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཐག་གཅོད།》
《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚན་རིག་དང་མཐུན་པའི་སྒོ་ནས་གཟི་ཚ་སྡེ་དགུའི་ས་ཡོམ་གནོད་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་བསྐྱར་བསྐྲུན་ལ་སྐུལ་འདེད་དང་། མགྱོགས་མྱུར་སྒོས་མཛེས་སྡུག་ལྡན་པའི་གཟི་ཚ་སྡེ་དགུ་འཛུགས་སྐྲུན་བྱེད་པའི་སྒོར་གྱི་ཐག་གཅོད།》
གཙོ་གནད།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་ནི་མིག་སྔར་དང་མ་འོངས་པའི་དུས་ཚོད་ངེས་ཅན་ཞིག་གི་ནང་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ཀྱི་འོས་འགན་གཙོ་བོ་ཡིན་ལ། ངེས་པར་ཏུ་ཤེས་སྤྱོད་ཟུང་འབྲེལ་དང་སློབ་སྦྱོང་ལ་ཕན་འབྲས་ཐོན་པར་བྱ་དགོས།
ཏང་ཀྲུང་དབྱང་གིས་དར་སྤེལ་བྱས་པ་དེ་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གིས་ཐག་གཅོད་བྱས་པ་དེ་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་པ་དེ་མཐའ་གཅིག་ཏུ་མི་བསྒྲུབ་པ་བཅས་དོན་འཁྱོལ་བྱ་དགོས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཅིག་འདོམས་བྱ་ཐུབ་པར་རྒྱུན་འཁྱོངས་དང་། ཡང་དག་པའི་སྒོ་ནས་“ཁ་གསལ་བརྒྱད”ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་“རྒྱུན་འཁྱོངས་བཅུ་བཞི”ཡི་གཞི་རྩའི་ཐབས་ཇུས་ཁོང་དུ་ཆུད་པར་བྱ་དགོས།
1.རེ་འདུན་གཅིག
མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱ་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཁྲི་9100ལྷག་ཡོད་པའི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡིན།
མིག་སྔར་ནས་2020ལོའི་བར་ནི། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་སྐབས་ཤིག་ཡིན་པས། གཙོ་གནད་དམ་འཛིན་དང་ཞན་ཆ་ཁ་གསབ། ཞན་པ་སྟོབས་ལྡན་དུ་བསྒྱུར་བ་། ངེས་པར་དུ་ཉེན་ཁ་ཆེན་པོ་སྔོན་འགོག་དང་གནད་སྨིན་དབུལ་སྒྲོལ། འབག་བཙོག་འགོག་བཅོས་བཅས་ཀྱི་ལས་གཞི་ལེགས་པོ་བསྒྲུབ་དགོས་ལ། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་ཁག་ཐེག་བྱ་དགོས།
ཏང་གི་ཚོགས་ཆེན་བཅུ་དགུ་པས་བསྟན་པའི་འཐབ་ཇུས་བཀོད་སྒྲིག་ལྟར། རང་རེ་ཞིང་ཆེན་གྱིས་2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་རིམ་པ་གཉིས་བགོས་ནས་བཀོད་སྒྲིག་བྱ་དགོས།
རིམ་པ་དང་པོ། 2020ལོ་ནས་2035ལོའི་བར་དུ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་ཐོག བསྐྱར་དུ་ལོ་བཅོ་ལྔ་ལ་འབད་འབུངས་བྱས་ནས། ཁྱོན་ཡོངས་ནས་མཛེས་སྡུག་འཆམ་མཐུན་གྱི་སི་ཁྲོན་འཛུགས་སྐྲུན་བྱེད་པ་དང་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱ་དགོས།
རིམ་པ་གཉིས་པ། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ། གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱུང་བའི་རྨང་གཞིའི་ཐོག བསྐྱར་དུ་ལོ་བཅོ་ལྔ་ལ་འབད་འབུངས་བྱས་ནས། ཁྱོན་ཡོངས་ནས་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱེད་པ་དང་། བསྐྱར་དུ་སྟོབས་འབྱོར་དང་དམངས་གཙོ། འཆམ་མཐུན་དང་མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་གྱི་མདུན་གྲལ་དུ་བསྐྱོད་ཐུབ་པར་བྱ་དགོས།
2.མཆོང་བརྒལ་གཉིས།
དཔལ་འབྱོར་དར་རྒྱས་ཆེ་བའི་ཞིང་ཆེན་ནས་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་ལ་མཆོང་བརྒལ་བྱེད་པ།
སྤྱིའི་འབྱོར་འབྲིང་ནས་ཁྱོན་ཡོངས་ཀྱི་འབྱོར་འབྲིང་དུ་མཆོང་བརྒལ་བྱེད་པ།
3.འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ།
སྣེ་མང་ཚིགས་མང་ལག་བསྟར་བྱས་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་རྒྱབ་སྐྱོར་བྱ་དགོས།
གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱ་དགོས།
“ཅན་གཉིས”མཉམ་ཞུགས་ལག་བསྟར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ངང་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་དགོས།
4.ལས་གཞི་གལ་ཆེན་བཞི།
ཁྱོན་ཡོངས་ཀྱི་གསར་གཏོད་བཅོས་སྒྱུར།
མ་འོངས་པའི་སི་ཁྲོན་འཕེལ་རྒྱས་ལ་སྣེ་ཁྲིད་པའི་“ལས་གཞི་ཨང་རྟགས་དང་པོ”།
ཐེན་ཧྥུ་ཁུལ་གསར་པའི་འཛུགས་སྐྲུན།
ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཁྱབ་དང་འབྲེལ་བའི་ལོ་བརྒྱའི་འཆར་འགོད་ཆེན་མོ་དང་འཐབ་ཇུས་རང་བཞིན་གྱི་ལས་གཞི།
ཐེན་ཧྥུ་རྒྱལ་སྤྱིའི་གནམ་ཐང་དང་རྒྱལ་སྤྱིའི་མཁའ་སྐྱོད་ས་ཚིགས་ཀྱི་གྲོང་ཁྱེར་གསར་པའི་འཛུགས་སྐྲུན།
སི་ཁྲོན་གྱིས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་དང་དཔལ་འབྱོར་གྱི་མངའ་ཁོངས་སུ་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་འཛིན་པའི་མཚོན་རྟགས་ཆེན་མོའི་ལས་གཞི།
ཀྲུང་གོའི(སི་ཁྲོན།)རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་འཛུགས་སྐྲུན།
ཁྱོན་ཡོངས་ནས་གསར་སྤེལ་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་སྣེ་ཁྲིད་རང་བཞིན་གྱི་ལས་གཞི།
5.བཀོད་སྒྲིག་གཙོ་བོ།
རྒྱུ་སྤུས་ཨང་དང་པོ་དང་ཕན་འབྲས་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྟོབས་ལྡན་ཅན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་གཏང་དགོས།
ཧུར་ཐག་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་སུ་བཏང་སྟེ། ཁྱོན་ཡོངས་ནས་ཁྲིམས་སྐྱོང་ཅན་གྱི་སི་ཁྲོན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས།
སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བཏང་བར་སྐུལ་འདེད་དང་སི་ཁྲོན་རིག་གནས་ཀྱི་མཉེན་སྟོབས་མུ་མཐུད་དུ་མཐོར་འདེགས་གཏང་དགོས།
དབུལ་སེལ་འགག་སྒྲོལ་གྱི་དོན་ཆེན་ཨང་དང་པོར་བཟུང་ནས། མེ་ཏོག་གཙག་དྲུབ་བྱེད་པ་ལྟ་བུའི་འབད་པས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་གཏང་དགོས།
དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཀྱི་ཚོར་སེམས། བདེ་འཇགས་ཀྱི་ཚོར་སེམས་བཅས་ཆེ་རུ་གཏང་དགོས།
སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་སྟེ་མགྱོགས་མྱུར་ངང་མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་བྱ་དགོས།
བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་བསྐྱེད་བྱས་སྟེ། རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མཐོ་རུ་གཏང་དགོས།
ལས་འགན་གལ་ཆེན་ཞིག
གཟི་ཚ་སྡེ་དགུར་ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ནི་ཞིང་ཆེན་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཡིན་པར་མ་ཟད། དེ་ནི་རྔ་བ་ཁུལ་དང་གནོད་འཚེ་བྱུང་པའི་རྫོང་ཁག་གི་ལས་འགན་གཙོ་བོ་ཞིག་ཀྱང་ཡིན། སླར་གསོ་བསྐྱར་སྐྲུན་གྱི་ལམ་བུ་གསར་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏང་དགོས་ལ། ལོ་གསུམ་གྱི་ནང་དུ་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་བསྒྲུབ་ཚར་དགོས། འབད་བརྩོན་ཆེན་པོས་གནོད་འཚེ་བྱུང་བའི་ས་ཁུལ་དེ་རི་ལྗང་ཞིང་ཆུ་དྭངས་ལ། གསེར་དངུལ་གྱི་རི་ལས་ལྷག་པའི་དགོངས་དོན་གལ་ཆེ་ལག་ལེན་བྱེད་པའི་ས་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱ་དགོས། མི་རིགས་ས་ཁུལ་ལྗང་མདོག་ཅན་གྱི་འཕེལ་རྒྱས་དང་དབུལ་སྒྲོལ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པའི་དཔེ་སྟོན་ལ་སྐུལ་འདེད་གཏང་དགོས།
ལོ་མཇུག་དང་བར་ཐག་ཟླ་བ་གཅིག་ལས་མེད་པའི་དུས་སུ་ལས་དོན་ཅི་ལྟར་བསྒྲུབ་དགོས།
ལོ་མཇུག་དང་བར་ཐག་ཟླ་བ་གཅིག་ལས་མེད་པའི་དུས་སུ། ཞིང་ཆེན་ཡོངས་ཀྱིས་བློ་སེམས་གཅིག་སྒྲིལ་སྒོས་དབུལ་སེལ་འགག་སྒྲོལ་དང་ལས་གཞིའི་ལོ། གཙོ་གནད་ཐོན་ལས་གསོ་སྐྱོང་དང་ཁྱོན་ཡོངས་ནས་གསར་སྤེལ་བཅོས་སྒྱུར། དེ་མིན་ལྗང་མདོག་གི་འཕེལ་རྒྱས་དང་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ། ཏང་གི་འཛུགས་སྐྲུན་སོགས་ཕྱོགས་སོ་སོའི་ལས་དོན་ཁག་ནན་གྱིས་བསྒྲུབས་ཏེ། ད་ལོའི་དམིགས་འབེན་དང་ལས་འགན་ཁག་ལེགས་པོར་འགྲུབ་དགོས། དུས་མཚུངས་སུ། སང་ལོའི་ལས་དོན་ཁག་ལ་ཞིབ་ཕྲའི་འཆར་འགོད་བྱེད་པ་དང་ལུགས་མཐུན་གྱིས་ལས་ཀའི་དམིགས་འབེན་གཏན་ཁེལ་བྱ་དགོས། ལས་ཀའི་བྱེད་ཐབས་ཞིབ་ཕྲར་བཀོད་ནས་ལས་ཀའི་རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱ་དགོས།
(ཚེ་འཛིན་སྒྲོལ་དཀར། སྒྲོལ་མ་ཚེ་བརྟན། ཚུལ་ཁྲིམས་བཟང་པོས་བསྒྱུར།)
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1