༄༅།། བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་བཀྲ་ཤིས་རྫས་བརྒྱད་ཀྱི་མཚོན་དོན་དང་ལོ་རྒྱུས་མདོར་ཙམ་བཤད་པ།

དབང་ཆེན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-14



དབང་ཆེན། བསོད་ནམས་ཀྱིས་པར་མཁོ་འདོན་བྱས།

        བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་བཀྲ་ཤིས་རྫས་བརྒྱད་ཀྱི་མཚོན་དོན་དང་ལོ་རྒྱུས་གསལ་བར་བཤད་པ་བྱ་བ་ལ། དེང་དུས་རང་རེ་བོད་ཀྱི་བྱ་བ་གང་དང་གང་བརྩམ་པའི་དུས་བཀྲ་ཤིས་རྫས་བརྒྱད་འདིར་གཟུགས་དང་རི་མོ་གང་རུང་བྱས་པའི་སྒོ་ནས་བེད་སྤྱོད་བྱེད་སྟངས་མི་འདྲ་བ་སྣ་ཚོགས་སུ་སྣང་བས་དེ་ལ་མ་འགྲིག་པ་དང་མི་མཐུན་པ་མེད་མོད། འདིའི་འབྱུང་ཁུངས་ངེས་པར་དུ་ཤེས་དགོས་པ་ཞིག་རེད། སྤྱིར་བཀྲ་ཤིས་རྫས་བརྒྱད་ནི་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་དག་ཏུ་མཆོད་རྫས་ཀྱི་རྣམ་གྲངས་སྟོན་པའི་དངོས་པོ་ཞིག་ཡིན་ལ་བྱེ་བྲག་ཏུ་ཐང་ག་དང་ལྡེབས་རིས་ཤིང་ཚོན་སོགས་རི་མོ་དེ་ཡིས་མ་ཁྱབ་པ་མེད་ལ། བག་མ་ལེན་པ་དང་བླ་སྤྲུལ་སོགས་ཁྲི་འདོན་གྱི་སྐབས་ལོ་སར་དང་དུས་ཆེན་སོགས་ཀྱི་མཛད་སྒོ་སྤེལ་བ་ལ་བཀྲ་ཤིས་པའི་རྟེན་འབྲེལ་མཚོན་པ་བྱེད་པའི་རི་མོ་འདི་བེད་སྤྱོད་བྱེད་བཞིན་ཡོད་པས་དམངས་སྲོལ་གྱི་རིག་གནས་ལའང་དར་ཁྱབ་ཆེ་བ་ཞིག་ཏུ་སྣང་། སྔོན་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། །སུ་ལ་སྟོན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ་ཞེས་གསུངས་ནས་ཆོས་མི་གསུང་བར་བཞུགས་པ་ན་ལྷ་ཡི་དབང་པོ་བརྒྱ་བྱིན་དང་ཚངས་པ་སོགས་ལྷ་ཀླུ་མི་གསུམ་གྱི་ཆེ་རྒུ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ་བའི་རྫས་བརྒྱད་པོ་འདི་ཕུལ་བར་འོག་ནས་རིམ་པ་བཞིན་ཤེས་པར་བྱའོ། །
མེ་ལོང་།

        དང་པོ་རྣམ་པ་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དྭངས་རྙོག་པ་མེད། ཅེས་གསུངས་པ་ལྟར་རྒྱལ་བ་ཀུན་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཇི་སྙེད་ཀྱི་ཤེས་བྱའི་ཆོས་ཐམས་ཅད་སོ་སོར་མ་འདྲེས་པར་མེ་ལོང་ནང་གི་གཟུགས་བརྙན་བཞིན་ཇི་ལྟར་གསལ་བར་མཁྱེན་པ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་མཚོན་པར་བྱེད་པ་མེ་ལོང་ཡིན་ལ་དེ་བས་བཅོམ་ལྡན་འདས་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་བས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན་ནོ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པར་དག་གྱུར་ཅིག་ཅེས་སྨོན་པའོ། །
གི་ཝཾ།


        གཉིས་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་སྐྱེད་བྱེད་ཀྱི་རྒྱུ་ཡི་གཙོ་བོར་ནི་ཆོས་དང་གང་ཟག་ལ་བདག་ཏུ་འཛིན་པ་འདི་ཡིན་ཏེ། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་ཆགས་སྡང་གསུངས་པ་ལྟར་ཆགས་སྡང་རྨོངས་གསུམ་གྱི་ཀུན་ནས་སློང་སྟེ་བདག་ཏུ་འཛིན་པའི་གཞི་ཉེ་ལེན་གྱི་ཕུང་པོ་ལྔ་པོ་འདི་ཡིན་ཏེ། འདི་ལ་རྟེན་ནས་ནད་ན་ཚ་དང་རྐྱེན་བར་ཆད་སོགས་རྨི་ལམ་ལྟར་མི་འདོད་བཞིན་དུ་ཚོར་བ་བདེ་སྡུག་གི་རྣམ་པར་ཉམས་སུ་མྱོང་དགོས་པ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་འགོག་ལམ་གྱི་བསྡུས་པའི་དམ་པའི་ཆོས་སྨན་མཆོག་གི་ཝཾ་ལྟ་བུར་གསུང་པ་འདི་ཉམས་སུ་ལེན་པ་ན་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེས་ནས་བདག་འཛིན་དང་རེ་དོག་གི་འཆིང་བ་ཀུན་ལས་གྲོལ་ཕྱིར་དེ་ཉིད་མཚོན་བྱེད་དུ་གླང་པོ་ཆེ་ས་སྲུང་གིས་བཅོམ་ལྡན་འདས་ལ་གི་ཝཾ་ཕྱག་ཏུ་ཕུལ་བར་བཞེས་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན་ནོ། །གི་ཝཾ་དུག་གསུམ་འཇོམས་པར་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་པ་སྟེ། ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག་ཅེས་སྨོན་པའོ། །
ཞོ།

        གསུམ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐེག་པ་ཀུན་ལ་གྲགས་པའི་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུང་པའི་བརྗོད་བྱར་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དང་རྒྱུད་སྡེ་ཆེན་པོ་བཞི་སོགས་ཀྱི་སྙིང་པོའམ་བཅུད་ལྟ་བུ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཟབ་མོར་ལྟ་བའི་མིག་དང་ལྡན་པ་གྱུར་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྟོགས་པ་རྒྱུད་ལ་སྐྱེ་ནས་མཚན་དང་དཔེ་བྱད་བཟང་པོའི་རྒྱན་པའི་ཡོན་ཏན་ཡིད་བཞིན་རིན་པོ་ཆེ་ལ་དབང་འབྱོར་བའི་དཔལ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བ་མཚོན་བྱེད་དུ་གཟུགས་བཟང་ལང་ཚོ་རྒྱས་པར་བྱེད་པའི་ཟས་ཀྱི་རོ་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པ་ཞོ་ཡིན་ལ་དེ་བས་བཅོམ་ལྡན་འདས་ལ་ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕྱག་ཏུ་ཕུལ་བར་བཞེས་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན་ནོ། །ཞོ་ནི་ཀུན་གྱི་སྙིང་པོ་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ནད་ཀུན་ཞི་གྱུར་ཅིག་ཅེས་སྨོན་པའོ། །
དུར་བ།
        བཞི་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ་གསུངས་པ་དང་བྱེ་བྲག་ཏུ་འཛམ་བུ་གླིང་གི་འགྲོ་བ་མིའི་རིགས་ཀྱི་ཚེ་ལ་རང་དབང་མེད་དེ་སྐྱེས་ནས་འཆི་བའི་རང་བཞིན་ཡིན་པ་ངེས་པར་གསུང་ཕྱིར་ནམ་འཆི་ཆ་མེད་དང་འཆི་རྐྱེན་ངེས་མེད་ལ་དགོངས་ནས་ལས་འབྲས་ལ་ཡིད་ཆེས་དང་དགེ་སྡིག་ལ་བླང་དོར་ཚུལ་བཞིན་བགྱིས་པར་བཀའ་བསྩལ་ནས་དུས་མ་ཡིན་པའི་འཆི་བར་བཟློག་ཕྱིར་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་བཞེངས་ནས་གྲངས་མེད་པའི་སེམས་ཅན་རྣམས་ཚེ་བསྲིངས་པར་བྱས་ཏེ་ཉོན་མོངས་པ་དང་རྣམ་རྟོག་གི་སྐྱེ་ཤི་རྒྱུན་ཆད་པའི་རྡོ་རྗེ་སེམས་པའི་ཚེ་གྲུབ་པར་དེ་ཉིད་མཚོན་བྱེད་དུ་རྩྭ་ཚོང་བཀྲ་ཤིས་ཀྱིས་རྩྭ་དུར་བ་ཕྱག་ཏུ་ཕུལ་བར་བཞེས་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན་ནོ། །དུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་གྱུར་ཅིག་ཅེས་སྨོན་པའོ། །
བིལ་བ།
        ལྔ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དབྱངས་དང་ཕྱག་ན་རྡོ་རྗེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སོགས་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཚོགས་ལ་བྱང་ཆུབ་སེམས་དཔའི་ས་ལ་བསླབ་པར་འདོད་ན་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་བྱའོ་ཞེས་བཀའ་བསྩལ་བ་ལྟར་སྦྱིན་སོགས་ཕར་ཕྱིན་དྲུག་དང་བསྡུ་བའི་དངོས་པོ་བཞི་སོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཟབ་གསལ་གཉིས་མེད་ཀྱི་བྱང་ཆུབ་སྙིང་པོ་ལ་གཤེགས་པའི་ལྟ་སྤྱོད་རླབས་པོ་ཆེ་ལ་ཆགས་ཐོགས་མེད་པ་བསླབ་པར་མཚོན་བྱེད་དུ་བཅོམ་ལྡན་འདས་ལ་ལྷ་ཚངས་པས་ཤིང་ཏོག་བིལ་བ་ཕྱག་ཏུ་ཕུལ་བར་བཞེས་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན་ནོ། །བིལ་བ་རྒྱུ་རྐྱེན་འབྲས་བུ་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག་ཅེས་སྨོན་པའོ། །
དུང་དཀར།
        དྲུག་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ལ་བབས་པ་ན་འདི་ལྟ་སྟེ་ཤ་རིའི་བུ་རི་རབས་ཀྱི་རྩེར་བྱོན་ནས་གང་དག་ཕྱོགས་བཅུར་སྟོང་གི་འཇིག་རྟེན་ན། ། བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབ་སྟེ། །གསན་པར་འདོད་པའི་ཚོགས་དག་འདིར་གཤེགས་ཤིག་ཅེས་བསྐུལ་བ་ལྟར་ལྷ་ཀླུ་གནོད་སྦྱིན་སོགས་འགྲོ་བའི་རིགས་ཐ་དད་པ་རྣམས་ལ། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། ། གྲུ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་གསུངས་ནས་གདུལ་བྱ་དེ་དག་གི་ཁམས་དང་བསམ་པ་བག་ལ་ཉལ་སོགས་རང་རང་གི་སྐད་དང་རྗེས་སུ་མཐུན་པའི་གསུངས་དབྱངས་ཡན་ལག་དྲུག་བཅུའི་སྙད་པའི་གཉེན་པོ་འཆོས་སྐྱབས་ཀྱི་ཡོན་ཏན་དང་ལྡན་པ་དམ་པའི་ཆོས་ཀྱི་སྒྲ་དབྱངས་བསྒྲོགས་པར་མཚོན་བྱེད་དུ་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕྱག་ཏུ་ཕུལ་བར་བཞེས་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན་ནོ། །དུང་ནི་ཆོས་ཀྱི་སྒྲ་རྣམས་བསྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག་ཅེས་སྨོན་པའོ། །
ལི་ཁྲི།
        བདུན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་བ་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་གཟིགས་ཏེ་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་དོར་ནས་མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད་ཀྱི་དབུ་སྐྲ་བསིལ་བ་སྟེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང་། མ་གྷ་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ་སྐྱིལ་ཀྲུང་མི་གཡོ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་དཀའ་བ་སྤྱད་ནས་བརྩོན་འགྲུས་མཐར་ཕྱིན་ཏེ་སྲོད་ལ་བདུད་བཏུལ་ཐོ་རངས་མངོན་པར་རྫོགས་པ་སངས་རྒྱས་ནས་སྲིད་ཞིའི་དཔལ་འབྱོར་ཀུན་ལ་ཆོས་ཀྱི་རྒྱལ་སྲིད་ཆེན་པོས་དབང་བསྒྱུར་བར་མཚོན་བྱེད་དུ་བཅོམ་ལྡན་འདས་ལ་བྲམ་ཟེ་སྐར་རྒྱལ་གྱི་བུས་ལི་ཁྲི་ཕྱག་ཏུ་ཕུལ་བར་བཞེས་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན་ནོ། །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག་ཅེས་སྨོན་པའོ། །
ཡུངས་དཀར།
        བརྒྱད་པ་བཅོམ་ལྡན་འདས་ཀྱི་གདུལ་བྱ་རྣམས་ལ་ཆོས་གསུང་པའི་ཚེ་མུ་སྟེགས་ཀྱི་སྟོན་པ་སྡེ་དྲུག་དང་ལྷས་བྱིན་སོགས་ཀྱི་མ་བཟོད་པར་ཕྲག་དོག་དང་འགྲན་སེམས་ཀྱིས་རྒོལ་བ་ན་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་རྫུ་འཕྲུལ་གྱི་ཚར་བཅད་ནས་འཁོར་གྱི་ནང་ནས་དབང་དུ་བསྡུས་པ་མཚོན་བྱེད་དུ་གསང་བ་བའི་བདག་པོ་ཕྱག་ན་རྡོ་རྗེའི་གྲུབ་པའི་རྫས་ཡུངས་དཀར་ཕྱག་ཏུ་ཕུལ་བར་བཞེས་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་ཡིན་ནོ། །ཡུངས་དཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། ། མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་ཀུན་ཞི་བྱེད་ཤོག་ཅེས་སྨོན་པའོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1