༄༅།། ཐུན་མོང་མིན་པའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-18
འཛམ་གླིང་འཛིན་མའི་ཁྱོན་ལ། ཉི་འོད་རྣམ་པར་གསལ་བའི་གྲོང་ཁྱེར། ཞེས་བསྔགས་བརྗོད་ཀྱི་དྲིལ་ཆེན་སྙན་པར་འཁྲོལ་བའི། ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་ན། ལྗོན་ཤིང་སྟུག་པོས་རབ་ཏུ་རྒྱན་པའི་གྲོང་སྡེ་ཆེན་པོ། མིང་ལ་ཉང་བྲན་ཞེས་ཡོངས་སུ་གྲགས་པ་ཞིག་སྣང་བ་འདི་དབུས་ན། བོད་ཡིག་ཡིག་གཟུགས་བཤམས་སྟོན་ཁང་ཞེས་པའི་བཟོ་བཀོད་ཆེན་པོ་ཞིག་ཡོད། དེར་གནའ་དེང་དུས་རབས་སོ་སོའི་བོད་ཀྱི་ཡིག་རིགས་མི་འདྲ་བ་དུ་མ་བཤམས་ནས། ཀུན་གྱི་ཡིད་དབང་འགུག་བཞིན་ཡོད། རང་ཉིད་རྒྱུན་དུ་བོད་ཀྱི་ཐུན་མོང་མིན་པའི་ཡིག་གཟུགས་ལ་དགའ་པོ་ཡོད་རུང་། དངོས་སུ་ཤེས་པ་དང་རྒྱུས་མངའ་ཡོད་པ་ཞིག་མིན། དེར་བརྟེན་ཅུང་ཁོམ་པའི་དུས་ཤིག་ལ། གནས་དེར་དངོས་སུ་ཐེངས་གཅིག་བཅར་ནས་ཞིབ་པར་བལྟས་པས། དངོས་འབྲེལ་ཧ་ལས་དགོས་པ་ཞིག་འདུག ཡིག་གཟུགས་ཡག་པའི་ཡག་རབས་སྐོར་གནས་སྐབས་གླེང་མ་ནུས་ཀྱང་། བྱུང་བའི་ལོ་རྒྱུས་རིང་ལ་རིགས་དང་རྣམ་པ་མང་བའི་ཆ་ནས་ཀྱང་མི་རྣམས་ཧ་ལས་དགོས་ལ་མིག་འཕྲུལ་དགོས་པ་ཞིག་རེད། བལྟས་པ་ཙམ་གྱིས་གང་གི་སྙིང་པོ་དང་རིན་ཐང་གང་ཡིན་ལེགས་པར་རྟོགས་དཀའ་བས་ན། ངས་དེ་མུར་《གངས་ལྗོངས་ཡིག་གཟུགས་ཀུན་བཏུས་》ཞེས་པའི་དེབ་གཅིག་ཉོས་ནས་ཞིབ་པར་བལྟས་པས། དེ་བས་མྱོང་ཚོར་གཏིང་ཟབ་བྱུང་། བོད་ཀྱི་ཡིག་གཟུགས་ནི་གཞན་གྱིས་རྒྱུས་མངའ་མེད་པའི་གངས་ལྗོངས་ཡུལ་གྱི་ནོར་བུ་ཁྱད་པར་ཅན་ཞིག་རེད། བོད་ཡིག་འབྲི་བྱེད་སྨྱུ་གུ་མང་ཆེ་བ་སྨྱུག་མ་ཡིན་པ་མ་ཟད། དེ་ལ་སྨྱུག་རིལ་དང་སྨྱུག་ལེབས་ཀྱི་ཁྱད་པར་ཡོད། ཡི་གེ་ཆེ་རིགས་རྣམས་སྨྱུག་རིལ་དང་ཆུང་རིགས་རིལ་རྣམས་སྨྱུག་ལེབས་ཀྱིས་འབྲི་བ་མང་། སྨྱུག་མ་མེད་ན་མཁྲེགས་ཤིང་གཞན་པར་སྨྱུ་གུ་བཟོ་བ་ཡང་ཡོད། སྨྱུག་ཁ་ལ་རིགས་གསུམ་སྟེ། གསེག་གཡོན་ལ་བཏོན་པ་དང་། གཡས་ལ་བཏོན་པ། གསེག་མེད་པ་བཅས་སོ། དེ་ལས་དང་པོས་དབུ་ཆེན། གཉིས་པས་དབུ་མེད། གསུམ་པས་འབྲུ་ཚ་འབྲི་སྲོལ་ཡོད། ལོ་རྒྱུས་རིང་བའི་རང་རྒྱལ་གྱི་ཡིག་གཟུགས་སྒྱུ་རྩལ་ནི་རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། དེའི་ཆར་གཏོགས་པའི་བོད་ཡིག་གི་ཡིག་གཟུགས་སྒྱུ་རྩལ་དག་ནི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་གངས་ལྗོངས་ས་མཐོའི་ཐུན་མིན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། བཤད་རྒྱུན་ལྟར་ན། ལོ་ངོ་4000གི་གོང་ནས་བོད་ཀྱིས་མེས་པོ་རྣམས་ཀྱིས་སྟག་གཟིག་སྤུངས་ཡིག་སྤྱོད་སྲོལ་ཡོད་ཟེར། འདས་ཟིན་པའི་ལོ་ངོ་3000ཙམ་གྱི་དུས་སུ་གཡུང་དྲུང་བོན་གྱི་ཤིང་རྟའི་བྱེད་པོ་གཤེན་རབ་མི་བོ་ཆེས་སྟག་གཟིག་སྤུངས་ཡིག་ལ་དཔེ་བླངས་ནས་སྨར་ཡིག་ཞེས་པའི་ཡི་གེ་ཞིག་གསར་གཏོད་གནང་བ་དེ་རེ་ཞིག་ཞང་ཞུང་སྟེ་ད་ལྟའི་བོད་ལྗོངས་མངའ་རིས་ས་ཁུལ་དུ་དར། དེ་ལ་ཡང་སྨར་ཆེན་དང་སྨར་ཆུང་ཞེས་ཁྱད་པར་མི་འདྲ་བ་གཉིས་ཡོད། དེ་དུས་ཀྱི་གཡུང་དྲུང་བོན་གྱི་ཕྱག་དཔེ་མང་ཆེ་བ་སྨར་ཡིག་ཐོག་ནས་བྲིས་པ་ཤ་སྟག་ཡིན་པ་མ་ཟད། ད་ལྟའི་དུས་སུ་ཡང་བོན་གྱི་དགོན་པ་འགར་སྨར་ཡིག་གིས་བྲིས་པའི་ཕྱག་དཔེ་ཉུང་ཤས་ཡོད་སྐད་འདུག དེ་དང་དུས་མཚུངས་སུ་ད་དུང་གཟི་ཡིག་དང་ལྷ་བབ་ཡི་གེ་ཞེས་པའི་ཡིག་གཟུགས་རིགས་གཉིས་དར་བ་ནི་མཛེས་རྩལ་ཡིག་གཟུགས་སུ་གཏོགས་པ་སྙམ་ཞིང་། སྐབས་དེ་ནས་བཟུང་བོད་ཀྱི་ཡིག་གཟིགས་སྒྱུ་རྩལ་གྱི་འགོ་ཐོག་མ་བརྩམས་པ་རེད། སྤྱི་ལོའི་གོང་གི་དུས་རབས་གཉིས་པའི་སྐབས་སུ། གཉའ་ཁྲི་བཙན་པོས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་སིལ་བུ་བཞི་བཅུ་གཅིག་གྱུར་གྱིས་བཙན་པོའི་རྒྱལ་རབས་འཛུགས་གནང་མཛད་པའི་རྗེས། དེ་སྔ་ཞང་ཞུང་གི་ཡུལ་དུ་སྤྱོད་བྱེད་ཀྱི་སྨར་ཡིག་དེའང་བཙན་པོའི་རྒྱལ་རབས་ཀྱི་སྨར་ཡིག་དེའང་བཙན་པོའི་རྒྱལ་རབས་ཀྱི་ཆོས་སྲིད་གང་ཅིར་སྤྱོད་པའི་ཡི་གེ་ཞིག་ཏུ་གྱུར་ནས། བཙན་པོའི་སྲིད་དབང་གསར་འཛུགས་དང་། བོན་གྱི་རིག་གནས་དར་སྤེལ། བོད་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཆེན་པོ་ཐོན་པ་རེད། དེ་རྗེས་བོད་ཀྱི་སྤྱི་ཚོགས་རྣམ་པར་འགྱུར་བ་ཆེན་པོ་བྱུང་ནས། འཕེལ་མེད་རང་སོར་གནས་པའི་སྨར་ཡིག་གིས་འཕེལ་རྒྱས་ཤུགས་ཆེན་འགྲོ་བཞིན་པའི་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐབས་བྲལ་བས། སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ཏེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་འཚམས་ཆེད། རྒྱ་གར་དུ་སློབ་སྦྱོང་ལ་ཕེབས་ནས་ཕྱིར་ལོག་ཕེབས་པའི་བློན་པོ་ཐོན་མི་སམ་བྷོ་ཊས་གནའ་བོའི་ཞང་ཞུང་ཡི་གེར་བསྒྱུར་བཅོས་དུ་མ་བྱས་ནས། ཡར་ཀླུངས་སྐད་ཀྱི་རྨང་གཞིའི་ཐོག སྨར་ཡིག་མ་དཔེར་བཞག་པའི་རྨང་གཞིའི་ཐོགརྒྱ་གར་གྱི་བརྡ་སྤྲོད་དཔྱད་གཞིའི་མེ་ལོང་དུ་བཟུང་སྟེ། བོད་ཡིག་གི་གཟུགས་དང་བརྡ་སྤྲོད་ཀྱི་གཞུང་ལུགས་གཏན་ལ་ཕབ་ནས། ད་ལྟའི་བོད་ཡིག་དབུ་ཆེན་དབུ་མེད་གཉིས་དང་སུམ་རྟགས་ཀྱི་གཞུང་རྣམས་བྱུང་བས། དེར་ལོ་ངོ1300ལྷག་གི་ལོ་རྒྱུས་ཡོད། ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་གཏོད་བྱས་པའི་ཡིག་ཕུད་“ཨོྃ་མཎི་པདྨེ་ཧྰུྃ”སྲོང་བཙན་སྒམ་པོར་ཕུལ་བས། ཁོང་རབ་ཏུ་དགྱེས་པར་གྱུར་ནས་སྔོན་ལ་བཙན་པོ་རང་ནས་བོད་ཡིག་སྦྱང་རྒྱུའི་ཐུགས་ཐག་བཅད། དེ་ནས་སྲིད་དོན་རྣམས་བློན་པོར་མངགས་ནས་ཐོན་མི་སམ་བྷོ་ཊ་དང་མཉམ་དུ་ཕ་བོང་མཁར་བོད་ཡིག་སྦྱངས་ནས་ལོ4བཞུགས། དེའི་རིང་སྲོང་བཙན་སྒམ་པོས་ཐོན་མིའི་དྲུང་ནས་བོད་ཡིག་མཐར་ཕྱིན་པ་སྦྱངས་པ་མ་ཟད། ཐོན་མི་དང་མཉམ་དུ་ཡིག་ཐོག་ནས《མི་ཆོས་གཙང་མ་བཅུ་དྲུག》ཞེས་པའི་ཞལ་ལྕེ་གཏན་ལ་ཕབ་པ་རེད། དེ་ནི་བོད་ཀྱི་ཁྲིམས་ལུགས་ཨང་དང་པོ་རེད། དེ་རྗེས་སྲོང་བཙན་སྒམ་པོ་དང་ཐོན་མི་སམ་བྷོ་ཊ་གཉིས་ཀྱིས་ཐུན་མོང་ཐོག་སྐུལ་འདེད་གནང་བ་བརྒྱུད། བོད་ཡིག་དེ་བོད་ཀྱི་ས་ཆ་ཀུན་ལ་དར་ཁྱབ་བྱུང་ནས། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ལ་དུས་རབས་འབྱེད་པའི་འཕོ་འགྱུར་ཆེན་པོ་བྱུང་སྟེ། ཆབ་སྲིད། དཔལ་འབྱོར། ཁྲིམས་འཛིན། དམག་དོན། རིག་གནས། ཆོས་ལུགས། གསོ་རིག ས་གནས་བར་གྱི་འབྲེལ་བ་སོགས་གོང་དུ་འཕེལ་བར་སྐུལ་མ་ཆེན་པོ་ཐེབས་ཡོད། དེའི་ཁྲོད་ཐོན་མི་སམ་བྷོ་ཊས་བཞག་གནང་བའི་མཛད་རྗེས་ཧ་ཅང་ཆེ་བ་ནི་སྨོས་མི་དགོས་པས། སྲོང་བཙན་སྒམ་པོ་དང་བོད་རིགས་མི་དམངས་རྣམས་ཀྱིས་ཐོན་མིའི་བཀའ་དྲིན་བསམས་ནས་ཁོང་ལ་གུས་བཀུར་བླ་ན་མེད་པ་བྱས་པ་རེད།
བོད་ཡིག་ཚད་ལྡན་ཆགས་པའི་རྗེས། ཚང་མས་དེའི་ཡིག་གཟུགས་ཡག་པོ་ཡོང་བར་དོ་སྣང་ཆེན་པོ་བྱས་ཤིང་། ཐོན་མི་སམ་བྷོ་ཊས་བོད་ཡིག་ཐོག་མར་བཟོ་སྐབས་ཡིག་གཟུགས་གཙོ་བོ་དབུ་ཅན་དང་དབུ་མེད་གཉིས་གཏན་ལ་ཕབ་པ་དང་། ཁོང་གིས་གསར་གཏོད་མཛད་པའི་དབུ་ཅན་ལ་སྦལ་ནག་བགྲད་འདྲ་ཞུ་ཞིང་། བཙན་པོའི་དུས་སུ་བོད་ལ་ཡིག་གཟུགས་མཁས་པ་མི་བརྒྱད་བྱུང་ནས། ཁོང་རྣམ་པ་ཐོན་མིས་གསར་གཏོད་མཛད་པའི་དབུ་ཅན་སྦལ་ནག་བགྲད་འདྲ་གཞིར་བཟུང་སྟེ་སོ་ཕག་གཤིབ་འདྲ་དང་། ནས་སྔོན་ཕྱིང་དཀར་སྟེང་བཀྲམ་པ་འདྲ། མུ་ཏིག་སྟར་བརྒྱུས། བྱ་ཕོ་འཇོལ་འདྲ། ཉ་མོ་ཆུ་ནང་ནས་ཕྱུང་འདྲ། སེང་གེ་གནམ་ལ་འཕྱོངས་འདྲ། སྦུར་ནག་བགྲད་འདྲ་བཅས་དབུ་ཅན་གྱི་ཡིག་གཟུགས་གྲགས་ཅན་བརྒྱད་གསར་གཏོད་མཛད་པ་རེད། ཡིག་གཟུགས་དེ་རིགས་ཚང་མ་རང་བྱུང་གི་དངོས་པོར་དཔེ་བླངས་ནས་བཟོས་པ་ཤ་སྟག་རེད།
བཙན་པོའི་དུས་སུ་བོད་ཡིག་ཡིག་གཟུགས་ལ་ད་དུང་བརྡ་ཡིག་དང་། གཏེར་ཡིག འཕྲུལ་ཡིག་ལ་སོགས་པའི་ཡིག་གཟུགས་གཞན་པ་མང་པོ་བྱུང་བ་རེད། བརྡ་ཡིག་ཞེས་པ་ནི་སྔགས་གཞུང་རྣམས་ཡིག་ཐོག་ཏུ་འགོད་བྱེད་ཀྱི་ཡི་གེ་ཁྱད་པར་ཅན་ཞིག་ཡིན་ཞིང་། ཡིག་གཟུགས་རྒྱུན་དུ་སྤྱོད་པའི་བོད་ཡིག་གི་ཡིག་གཟུགས་དང་ཅུང་མི་འདྲ་བ་ནའང་འབྲི་སྟངས་དང་། ཀློག་སྟངས། བརྡ་སྤྲོད། དག་ཆ་བཅས་རྒྱུན་དུ་སྤྱོད་པའི་བོད་ཡིག་དང་འདྲ་མཚུངས་ཡིན་པས། བོད་ཡིག་གི་ཡིག་གཟུགས་དམིགས་གསལ་ཅན་ཞིག་ཡིན་ཞིང་། སྔར་བཞིན་བོད་ཡིག་རང་གི་ཁོངས་སུ་གཏོགས། དེ་ལ་ཡང་ཡིག་གཟུགས་མི་འདྲ་བ་བཅུ་ལྷག་ཙམ་ཡོད། གཏེར་ཡིག་དང་འཕྲུལ་ཡིག་ཀྱང་བཙན་པོའི་དུས་སུ་བྱུང་བའི་བོད་ཡིག་གི་ཡིག་གཟུགས་ཁྱད་པར་ཅན་ཞིག་རེད།
བཙན་པོའི་དུས་སུ་ཡིག་གཟུགས་རིགས་མི་འདྲ་བ་40ལྷག་ཙམ་ཡོད་པ་མ་ཟད། དེའི་ནང་ཚད་དང་ལྡན་ལ་ཀུན་གྱིས་ཁས་ལེན་པའི་ཡིག་གཟུགས་ཤིག་མེད་སྟབས། བཙན་པོའི་དུས་མཇུག་ཏུ་མཁས་དབང་གྲགས་ཅན་ཁྱུང་པོ་གཡུ་ཁྲི་ཞེས་པས་མཎྜལ་བཞེངས་པའི་ཐབས་ལ་བརྟེན་ནས་བོད་ཡིག་འབྲི་སྟངས་ཆ་ཚང་ཚད་དང་ལྡན་པར་བཟོས་ནས། འགོ་ག་ནས་འཛུགས་དགོས་པ་དང་། མཇུག་ཇི་ལྟར་བསྡུ་དགོས་པ་མིན། གཟུགས་ཆེ་ཆུང་། རྐང་པ་ཕྲ་སྦོམ་སོགས་ཞིབ་པར་གཏན་ལ་ཕབ་པས། དེར་ཀུན་གྱིས་ཁྱུང་བྲིས་ཞེས་བོས་པའོ། ། དུས་དེ་ནས་བཟུང་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་ལ་འགྱུར་བ་ཆེན་པོ་བྱུང་མེད།
ཡིག་གཟུགས་དབུ་མེད་ཞེས་པ་དེ་ནི་ཐོན་མིས་རྒྱ་གར་འཕགས་ཡུལ་གྱི་ཡི་གེ་ཝརྟུ་དཔེ་མཛད་ནས་གསར་གཏོད་གནང་བ་ཞིག་རེད། བཙན་པོའི་དུས་སུ་གཞུང་ཡིག་ལ་སོགས་པའི་བྱ་བ་གལ་ཆེ་རིགས་རྣམས་དབུ་ཅན་གྱི་ཐོག་ནས་འབྲི་བ་ཕུད། དེ་བྱིངས་དཔེར་ན་ཟིན་བྲིས་དང་དམངས་ཁྲོད་ཀྱི་འཕྲིན་ཡིག་ལ་སོགས་པའི་བྱ་བ་རྣམས་དབུ་མེད་ཀྱི་ཐོག་ནས་འབྲི་བ་མང་། དབུ་མེད་འདི་འབྲི་བདེ་ལ་མགྱོགས་པའི་དབང་གིས་བེད་སྤྱོད་བྱེད་མཁན་ཇེ་མང་དུ་སོང་བ་དང་སྦྲགས། གང་བྱུང་མང་བྱུང་དུ་འབྲི་བའི་གནས་ཚུལ་བྱུང་བ་རེད། དུས་རབས་བརྒྱད་པའི་སྐབས་སུ་ཡིག་མཁན་ཆེན་པོ་ལྡན་མ་རྩེ་མང་དང་ལེ་ལུགས་པ་རྣམ་གཉིས་ཀྱིས་དབུ་མེད་ཚད་ལྡན་བཟོས་པ་ལས། དབུ་མེད་ལ་ཡང་ལྡན་ལུགས་དང་ལེ་ལུགས་ཞེས་པའི་འབྲི་རྒྱུན་མི་འདྲ་བ་ཁག་གཉིས་གཏན་འཁེལ་མཛད། ལྡན་ལུགས་དེ་ད་བར་དར་ནས་རྒྱུན་འཛིན་ཐུབ་ཅིང་། ད་ལྟའི་དབུ་མེད་ཡིག་གཟུགས་ཀྱི་རྩ་བའི་རྨང་གཞིར་གྱུར་མོད། འོན་ཀྱང་ལེ་ལུགས་ཉམས་ནས་དོར་བར་གྲགས།
སྤྱི་ལོའི་དུས་རབས་བཅུ་གསུམ་པའི་སྔ་རྗེས་ཏེ། ས་སྐྱ་བའི་དུས་སུ་བོད་ཡིག་དབུ་མེད་ཀྱི་ཡིག་གཟུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། ཚུགས་རིང་། ཚུགས་ཐུང་། དཔེ་ཚུགས། འབྲུ་ཚ་ལ་སོགས་བྱུང་བ་རེད། ས་སྐྱ་གོང་མའི་བཀའ་རྒྱ་དང་། བསྒྲགས་ཡིག རྡོ་རིང་ཡི་གེ་ཚང་མ་འབྲུ་ཚ་ཞབས་སྒོང་མ་ཤ་སྟག་རེད། ས་སྐྱ་གོང་མའི་དུས་སུ་འབྲི་ཚ་ཞབས་སྒོང་མའི་ཡིག་གཟུགས་སྒྱུ་རྩལ་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ་རེད།
ཚུགས་ཐུང་ཟེར་བ་འདི་ནི་ཡིག་གཟུགས་སྦྱོང་བའི་ཐོག་མའི་རྨང་གཞི་ཡིན་ལ། ཚུགས་རིང་འདི་ནི་བོད་ཡིག་དབུ་མེད་ཀུན་གྱི་རྨང་གཞི་ལྟ་བུ་ཡིན། ཚུགས་རིང་གི་རྨང་གཞི་ཡག་པོ་ཡོད་ན། ཡིག་གཟུགས་གཞན་པའི་རིགས་ཡག་པོ་འབྲི་ཐུབ། དཔེ་ཆ་འབྲི་བྱེད་ཀྱི་ཡིག་གཟུགས་དཔེ་ཚུགས་ཞེས་པ་འདི་ནི་དུས་རབས་བཅུ་གསུམ་པའི་རྗེས་སུ་བྱུང་བ་རེད། སྐབས་དེར་ས་སྐྱ་པཎྜིཏ་དང་འགྲོ་མགོན་འཕགས་པས་ས་སྐྱ་ལྷོ་དགོན་བཞེངས་སྐབས། བོད་ཀྱི་ཡིག་གཟུགས་མཁས་པ་མང་པོ་གདན་འདྲེན་ཞུས་ནས། དཔེ་ཚུགས་ཐོག་ནས་དཔེ་ཆ་གྲངས་ལས་འདས་པ་ཤུས་ཏེ། པོ་ཏི་ཁྲི་8ལྷག་ཙམ་ལས་གྲུབ་པའི་དཔེ་ཆའི་གྱང་ཆེན་པོ་འདི་བཞེངས། དཔེ་ཚུགས་ལ་ཡང་རྐང་རིང་རྐང་ཐུང་འབྲུ་ཚུགས་ལ་སོགས་རིགས་མང་།
དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཏེ། དགའ་ལྡན་ཕོ་བྲང་གི་དུས་སུ། སྲིད་ཀྱི་སྒྲིག་གཞི་འཐུས་ཚང་དུ་སོང་བ་དང་སྦྲགས་ཡིག་ཆ་འབྲི་སྟངས་ཚད་ལྡན་བཟོ་རྒྱུར་དེ་བས་དོ་སྣང་ཆེན་པོ་བྱས་ནས། དེའི་ནང་དོན་དང་རྣམ་པ་གཉིས་ཀར་ཚད་གཞི་ནན་པོ་བཟོས་པ་མ་ཟད། ཡིག་གཟུགས་ཐོག་ནས་གོང་ལ་འབུལ་བྱེད་སྙན་ཞུ་དང་། གཤམ་ལ་འགྲེམས་བྱེད་ཡིག་ཆ། འདྲ་མཉམ་བར་ཡི་གེ་ཇི་ལྟར་གཏོང་སྟངས། དམངས་ཁྲོད་ཀྱི་གཏོང་ཡིག་སོགས་ཅི་འདྲ་བྱས་ནས་འབྲི་དགོས་པའི་སྐོར་གཏོན་འབེབས་གསལ་པོ་བྱས་པ་རེད། དེའི་དུས་སུ་འབྲུ་ཚ་ཞབས་རིང་དེ་དགའ་ལྡན་ཕོ་བྲང་ས་གནས་སྲིད་གཞུང་གི་བཀའ་རྒྱ་འབྲི་བྱེད་ཀྱི་ཡིག་གཟུགས་ཤིག་ལ་གྱུར་པ་དང་། གོང་འབུལ་གཤམ་འགྲེམས་ཀྱི་ཡིག་ཆ་མང་ཆེ་བ་ཚུགས་ཐུང་ཐོག་ནས་འབྲི་དགོས་པ་དང་། འདྲ་མཉམ་བར་འཁྱུག་ཆེན་འབྲི་དགོས། དམངས་ཁྲོད་ཀྱི་གཏོང་ཡིག་རྣམས་འཁྱུག་དང་ཚུགས་ཐུང་འབྲི་བ་ལས། འབྲུ་ཚ་བྲིས་ན་མི་ཆོག
དུས་རབས་ཉི་ཤུ་པའི་དུས་འགོར་འབྲུ་ཚ་ཞབས་ཐུང་འདི་མི་མང་ཆེ་བས་དགའ་པོ་བྱེད་པའི་ཡིག་གཟུགས་སུ་གྱུར་པ་རེད། འབྲུ་ཚ་ཞབས་ཐུང་ལ་རང་གི་ཐུན་མིན་ཁྱད་ཆོས་ལྡན་ལ། དེ་ལས་བྱུང་བའི་འཁྱུག་ཡིག་ནི་མགྱོགས་ལ་གཟུགས་མཛེས་པས། འདི་ནི་དུས་རབས་བཅུ་དགུ་པ་དང་ཉི་ཤུ་པའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐད་ཀྱི་མཛད་རྗེས་ཆེན་པོ་ཞིག་རེད། འཁྱུག་ཡིག་དེ་ལའང་འབྲེལ་མཐུད་ཆེ་ཆུང་གི་དབང་དུ་འཁྱུག་ཆེན་དང་འཁྱུག་ཆུང་ཞེས་འབྲི་སྲོལ་ཁག་གཉིས་ཡོད་དེ། འབྲེལ་མཐུད་ཆེ་བའི་རིགས་ལ་འཁྱུག་ཆེན་དང་འབྲེལ་མཐུད་ཆུང་བའི་རིགས་ལ་འཁྱུག་ཆུང་ཟེར། ད་ལྟ་བོད་རིགས་རྣམས་ཀྱིས་ལག་བྲིས་བྱེད་ཡས་མང་ཆེ་བ་འཁྱུག་ཡིག་དེ་རེད།
བོད་ཡིག་ཐོག་མར་བྱུང་བ་ནས་ད་བར་ལ་ཡིག་གཟུགས་མི་འདྲ་བ་དུ་མ་བྱུང་རུང་། རྒྱུན་ལྡན་སྤྱོད་བྱེད་མང་ཆེ་བ་དབུ་ཅན་དང་། ཚུགས་རིང་། ཚུགས་ཐུང་། འབྲུ་ཚ། དཔེ་ཚུགས། འཁྱུག་ཡིག་ལ་སོགས་རེད།
བ་གསར་ལ་སོགས་སྣ་ཁ་མང་། དེ་དག་ཚང་མ་བོད་ཡིག་གསར་བཟོ་བྱས་རྗེས་བྱུང་བ་མ་ཟད། ལྷག་པར་དུ་དུས་རབས་བཅུ་གསུམ་པ་ནས་བཟུང་བོད་ཀྱི་ལོ་ཆེན་དང་། མཁས་པ། ཡིག་གཟུགས་མཁན་པོ་བཅས་རིམ་བྱོན་རྣམས་ཀྱིས་གསར་དུ་གཏོད་པའི་ཡིག་རིགས་གསར་པ་དུ་མ་ཡོད་པས། དེ་རིགས་ལ་རང་རང་གི་ཁྱད་ཆོས་མི་འདྲ་བ་རེ་ཡོད།
ཡིག་རིགས་གཅིག་ལ་གཟུགས་མི་འདྲ་བ་དུ་མ་སྣང་བ་ནི་བོད་ཡིག་གི་ཁྱད་ཆོས་གལ་ཆེན་ཞིག་རེད། བོད་རིགས་ཀྱིས་སྔར་ནས་བཟུང་ཡིག་གཟུགས་ལ་དོ་སྣང་ཆེན་པོ་བྱས་ནས་ཆུང་ངུའི་དུས་ནས་ཡིག་གཟུགས་སྦྱོང་བའི་གོམས་སྲོལ་ཡོད། ཡིག་གཟུགས་ཀྱི་རྨང་གཞི་ཡག་པོ་ཡོད་ན། ཡིག་རིགས་མི་འདྲ་བ་དྲུག་བདུན་འབྲི་ཐུབ་པ་མ་ཟད། ཁོང་རྣམ་པས་འབྲི་བྱའི་ནང་དོན་ལ་གཞིགས་ནས་ཡིག་གཟུགས་མི་འདྲ་བ་འབྲི་ཐུབ། སྤྱིར་ན་བོད་རིགས་ཚོས་ཡིག་གཟུགས་དེ་གཞན་ལ་སྟོན་བྱེད་ཀྱི་རང་གི་ངོ་གདོང་ལྟ་བུར་བརྩིས་ནས། ཡིག་གཟུགས་ཡག་པོ་འབྲི་མཁན་རྣམས་ཡོན་ཏན་ཅན་ལ་བཀུར་སྲོལ་ཡོད། བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལས། ཡིག་གཟུགས་དེ་རིག་གནས་ཆེ་བ་ལྔའི་བཟོ་རིག་པའི་ཁོངས་སུ་གཏོགས་པས། དེ་རིགས་ཀུན་ལ་མཁས་དགོས་ན། ཡིག་གཟུགས་དེ་ཡང་ངེས་པར་དུ་མཁྱེན་དགོས་པའི་གཞུང་ཞིག་རེད།
བདེ་ལ་འཁྱུག་ཅིང་ཟོར་ཡང་བ་དང་མིག་ལ་མཛེས་པའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདིར་ཐུན་མོང་གྱི་ས་མཐོའི་ཁྱད་ཆོས་ལྡན་ལ། ལོ་ངོ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ནང་བོད་ཀྱི་མཁས་པ་རིམ་བྱོན་རྣམས་ཀྱིས་དེའི་སྐོར་མཛད་པའི་གསུང་རྩོམ་བརྒྱ་ལྷག་ཙམ་ཡོད་པས། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་ནི་མེས་རྒྱལ་གྱི་སྒྱུ་རྩལ་བང་མཛོད་ཆེན་པོའི་ནང་གི་ནོར་བུ་ཁྱད་པར་ཅན་ཞིག་རེད།
བོད་ཞི་བས་བཅིངས་འགྲོལ་བྱུང་བའི་རྗེས་དང་ལྷག་པར་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་རྗེས། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཁྱོན་ཡོངས་ནས་འཛིན་སྐྱོང་དར་འཕེལ་བྱུང་ཡོད། བོད་ཀྱི་རྨང་གཞིའི་སློབ་གསོ་རྒྱུན་ཆད་མེད་པར་གོང་འཕེལ་དུ་སོང་བ་དང་། བོད་ཡིག་ཡོངས་ཁྱབ་ཏུ་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་ཆབས་ཅིག་བོད་ཀྱི་ཡིག་གཟུགས་སྦྱོང་བའི་ལས་ཀ་དེ་བོད་ཀྱི་ཞིང་འབྲོག་ས་ཁུལ་གང་སར་ཁྱབ་སྟེ། ཡིག་གཟུགས་མཁས་པ་མང་པོ་ཐོན་དང་ཐོན་མུས་ཡིན་པ་མ་ཟད། དེའི་གྲངས་ཚད་ལོ་རྒྱུས་ཀྱི་དུས་སྐབས་གང་ལས་ཀྱང་མང་བར་གྱུར། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་དབུ་བརྙེས་པའི་བོད་ལྗོངས་ཡིག་གཟུགས་མཁན་པོའི་མཐུན་ཚོགས་ཀྱི་ཁོངས་མི་བོད་ཀྱི་ལས་རིགས་གང་སར་ཁྱབ་ཡོད། འདས་ཟིན་པའི་ལོ་ངོ་བཅུ་གྲངས་དུ་མའི་རིང་རང་སྐྱོང་ལྗོངས་ཡོངས་དང་རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་ཡིག་གཟུགས་འགྲེམས་སྟོན་ཐེངས་མང་གཉེར་ནས། རྒྱལ་ཡོངས་ཀུན་ལ་བོད་ཀྱི་ཐུན་མོང་མིན་པའི་ཡིག་གཟུགས་མཛེས་རིས་སྤྱན་འབུལ་ཞུས་པས། ཚང་མར་བག་ཆགས་གཏིང་ཟབ་བཞག་ནས། ཀུན་གྱིས་དོ་སྣང་དང་དགའ་པོ་བྱེད་སའི་ཡུལ་དུ་གྱུར་ཡོད། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1