དུས་རབས་བར་མའམ་བོད་བཙན་པོའི་སྐབས་ཀྱི་རི་མོའི་རྒྱུ་ཆ་ད་བར་དུ་སོར་འཇོག་བྱས་པ་ཤིན་ཏུ་དཀོན་ཞིང་། སྔོན་ཆད་རིག་གཞུང་སྨྲ་བའི་སྡེ་ནས་བོད་མི་རིགས་ཀྱི་རྒྱན་གོས་ནི་གཙོ་བོར་རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ལ་ཁུངས་གཏུགས་ནས་གླེང་བ་ཡིན། གལ་སྲིད་ཐད་ཀར་རི་མོའི་རྒྱུ་ཆར་གཞི་བཅོལ་དགོས་ཚེ་ཏུན་ཧོང་མའོ་ཀའོ་བྲག་ཕུག་གི་བོད་བཙན་པོའི་དུས་སྐབས་ཀྱི་ལྡེབས་རིས་ཁག་ཅིག་དང་གཏེར་ཁུང་(ཏུན་ཧོང་བྲག་ཕུག་ཨང་བཅུ་བདུན་པའི་མཚན)ནས་བུད་པའི་མི་སྣའི་རི་མོ་ཁ་ཤས་ལ་བརྟེན་དགོས་པ་ཡིན། དེ་ཡང་དུར་ལམ་དང་གོར་མོའི་བོད་ཀྱི་བང་སོ་ཁག་ལས་པུར་སྒམ་ཚོན་ཁྲ་མ་སྐོར་ཞིག་(དེའི་ཁྲོད་དུ་དུར་རྫོངས་སུ་བཅུག་པའི་དངོས་པོ་ཚོན་ཁྲ་མའང་འདུ)རྙེད་པ་དེས། ང་ཚོས་བོད་བཙན་པོའི་དུས་སྐབས་ཀྱི་རྒྱན་གོས་ལ་ཞིབ་འཇུག་བྱེད་པར་གོ་སྐབས་ཡག་པོ་ཞིག་བྱུང་བ་རེད།
མགོ་རྒྱན།
སྐྱེས་པའི་མགོ་ལ་མགོ་དཀྲིས་ཡོད་ཅིང་། དེ་ནི་པུར་སྒམ་བདག་པོའི་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན། མགོ་དཀྲིས་ཀྱི་དཀྲི་སྟངས་ལ་ཟོ་དབྱིབས་ཅན་དང་ལེབ་དཀྲིས་ཅན་རིགས་གཉིས་མཆིས། དཔེར་ན་གོར་མོ་ཨང་རྟགས་དང་པོའི་པུར་སྒམ་གྱི་ཤིང་ལེབ་Aཡི་པར་རིས་གཡོན་ངོས་སུ་སྔ་གཞུག་འབྲེལ་བའི་སྦྲ་གུར་ཟླུམ་པོ་གཉིས་བྲིས་ཡོད་ལ། མདུན་ཕྱོགས་ཀྱི་སྦྲ་གུར་ནང་དུ་ཕོ་མོ་གཉིས་ཁ་གཏད་ནས་བཞུགས་ཤིང་། དེའི་ཁྲོད་ཀྱི་སྐྱེས་པའི་མགོ་ལ་ཟོ་དབྱིབས་ཅན་གྱི་མགོ་དཀྲིས་དཀར་པོ་དཀྲིས་ཡོད་པ་རེད།
མགོ་དཀྲིས་དཀྲི་སྟངས་འདི་རིགས་ནི་ཟོ་དབྱིབས་ཅན་དུ་གཏོགས་ཤིང་། བོད་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་སྐུ་བརྙན་ཁྲོད་ནས་འདི་དང་ཆ་འདྲ་བ་མང་དུ་མཐོང་རྒྱུ་ཡོད་དེ། དཔེར་ན། བོད་ལྗོངས་ཤར་ཕྱོགས་ཀྱི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཁོངས་ནས་རྙེད་པའི་བོད་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་སྐུ་བརྙན་དང་། དེ་དང་ཁད་ཉེ་བའི་སྤང་མདའ་ཤང་ནས་རྙེད་པའི་རྣམ་པར་སྣང་མཛད་དང་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་བརྙན། དེ་མིན་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལེབ་ཁོག་ནས་རྙེད་པའི་བཙན་པོའི་སྨོན་ལམ་གསོལ་བའི་ཁྲོད་ཀྱི་བྲག་བརྐོས་མི་སྣ་བཞི་ཡི་སྣང་བརྙན་བཅས་ཡོད། ཏུན་ཧོང་གི་བྲིས་རིས་དང་ལྡེབས་རིས་ཁྲོད་དུའང་བོད་ཀྱི་མི་སྣ་མང་པོ་ཞིག་གིས་མགོ་དཀྲིས་ཟོ་དབྱིབས་ཅན་དཀྲིས་ཡོད་པ་མཐོང་ཐུབ།
བསྟན་པ་ཕྱི་དར་གྱི་དུས་མགོར། དབུས་གཙང་ས་ཁུལ་གྱི་ལྡེབས་རིས་སུའང་བསྟན་པའི་སྦྱིན་བདག་གི་སྣང་བརྙན་ཁྲོད་དུ་མགོ་དཀྲིས་འདི་འདྲ་བ་བྲིས་ཡོད་པ་མཐོང་ཐུབ་སྟེ། དཔེར་ན། ལྷོ་ཁ་གྲ་ནང་རྫོང་གྲྭ་ཐང་དགོན་གྱི་འདུ་ཁང་གི་ལྡེབས་རིས་ལྟ་བུ།མཁས་པ་ཁ་ཅིག་གིས་“བོད་བཙན་པོའི་དུས་སྐབས་ཀྱི་མགོ་དཀྲིས་འདི་རིགས་ཀྱིས་གྲྭ་ཐང་གི་ལྷ་རིས་པ་རྣམས་ཀྱིས་བོད་བཙན་པོའི་རྒྱལ་བློན་ལ་རྗེས་དྲན་ཞུ་བ་མཚོན་ཡང་སྲིད།”ཅེས་ངོས་འཛིན་གྱིན་ཡོད།
གཞན་ཡང་། པུར་སྒམ་ཚོན་ཁྲ་མའི་བདག་པོའི་མི་རིགས་ཀྱི་སྣང་བརྙན་ཁྲོད། སྐྱེས་པ་རྣམས་ཀྱི་མགོ་དཀྲིས་དེ་ལེབ་མོར་དཀྲིས་པའང་མཐོང་མང་། འདིའི་དཀྲི་སྟངས་ནི་མགོ་དཀྲིས་གང་དེ་མགོ་ལ་ཐེངས་གཉིས་ནས་གསུམ་དཀྲིས་རྗེས་སྟེང་ནས་མདུད་ཅིང་ཀླད་དུ་ལེབ་མོ་མངོན་པར་བྱེད། རི་མོར་ཞིབ་ཏུ་བལྟས་ཚེ། མི་སྣ་འདི་རིགས་ཀྱི་ཐོབ་ཐང་ནི་སྤྱིར་བཏང་གི་གཡོག་པོ་དང་དྲག་རྩལ་པ་ཡིན་ལ། མགོ་དཀྲིས་ཟོ་དབྱིབས་ཅན་རྣམས་དང་བསྡུར་ན་ཐོབ་ཐང་ཅུང་དམའ་བ་ཤེས་ཐུབ།
ལྭ་རིང་།
པུར་སྒམ་ཚོན་ཁྲ་མའི་བདག་པོའི་མི་རིགས་ཀྱི་སྐྱེས་ཕོ་མོ་སུ་ཡིན་ཡང་ཕྱི་རྟིང་བར་དུ་སླེབས་པའི་ལྭ་རིང་གྱོན་གྱི་ཡོད། ལྭ་རིང་གི་ཁྱད་པར་ནི་གཙོ་བོ་གོང་བ་ལས་འབྱེད་དགོས་ཤིང་། གོང་བ་ལའང་གོང་བ་ཟུར་གསུམ་ཅན་དང་། གོང་བ་དྲང་མོ་སྣོལ་མ་ཅན། གོང་བ་སྒོར་དབྱིབས་ཅན་བཅས་རིགས་གསུམ་ཙམ་ཡོད།
གོང་བ་ཟུར་གསུམ་ཅན་གྱི་ལྭ་རིང་ནི་བཙན་པོའི་དུས་སྐབས་སུ་རྒྱུག་ཤིན་ཏུ་ཆེ། གོང་དུ་གླེང་ཟིན་པའི་མཚོ་སྔོན་དང་བོད་ཤར་རྒྱུད་ཀྱི་བོད་བཙན་པོའི་སྐབས་ཀྱི་རྡོ་བརྐོས་སྐུ་བརྙན་ལས་མཐོང་བ་ལྟར། ཁོང་ཚོས་མགོ་དཀྲིས་ཟོ་དབྱིབས་ཅན་དཀྲི་བ་ལས་གཞན་ད་དུང་ལུས་ལ་གོང་བ་ཟུར་གསུམ་གྱི་ལྭ་རིང་གྱོན་ཞིང་རྐེད་པར་སྐ་རགས་བཅིངས་ཡོད་པ་མཐོང་ཐུབ།
གོང་བ་ཟུར་གསུམ་ཅན་ཆེ་གྲས་ལས་གཞན། པུར་སྒམ་ཚོན་ཁྲ་མར་གོང་བ་ཟུར་གསུམ་ཅན་ཆུང་གྲས་ཤིག་ཀྱང་ཡོད་དེ། དེ་རིགས་ཀྱི་གོང་བ་ནི་ཅུང་ཆུང་ལ། གོང་བའི་འདབས་རོལ་ནས་ཕྱིར་སློག་སྟེ་ཟུར་གསུམ་མ་ཆུང་ཆུང་ཞིག་གྲུབ་ཡོད། དེ་ནི་གོང་བ་ཕྱིར་ཕྲག་པའི་བར་དུ་སློག་ནས་ཟུར་གསུམ་དབྱིབས་ཆེན་པོ་གྲུབ་པའི་ལྭ་རིང་དང་བསྡུར་ན་ཁྱད་པར་གསལ་པོ་ཡོད།
གོང་གསལ་ལྭ་རིང་གི་རྣམ་པ་ནི་གོར་མའི་པུར་སྒམ་ཚོན་ཁྲ་མའི་སྟེང་མང་ཤོས་ཡིན་ལ། སྤྱིའི་ཆ་ནས་རྣམ་པ་རིགས་གཅིག་ཏུ་བསྡུ་ཆོག དེ་ཡང་ཏུན་ཧོང་ནས་རྙེད་པའི་བྲིས་རིས་ཀྱི་རྒྱུ་ཆར་བལྟས་ན། རྒྱན་གོས་འདི་རིགས་ནི་བོད་བཙན་པོའི་དུས་སྐབས་སུ་རྒྱུག་ཤིན་ཏུ་ཆེ་བའི་རྒྱན་གོས་ཀྱི་རིགས་ཤིག་ཡིན་པར་སྙམ་ཆོག བཙན་པོའི་རྒྱལ་རབས་སིལ་བུར་འཐོར་རྗེས། བཙན་པོའི་ཕྱི་རབས་རྒྱལ་སྲས་ཀྱིས་བོད་ལྗོངས་ཀྱི་ནུབ་རྒྱུད་མངའ་རིས་ས་ཁུལ་ནས་གུ་གེ་རྒྱལ་རབས་བཙུགས་ཤིང་། ཁོང་ཚོའི་སྔ་དུས་ཀྱི་རྒྱལ་རྒྱུད་སྐུ་དྲག་རྣམས་ཀྱི་རྒྱན་གོས་ཀྱང་བཟོ་དབྱིབས་དེ་འདྲ་རྒྱུན་འཛིན་བྱས་འདུག
གོང་བ་དྲང་མོ་སྣོལ་མ་ཅན་གྱི་ལྭ་རིང་གི་དཔེ་མཚོན་ནི་གོར་མོ་ཨང་རྟགས་དང་པོའི་པུར་སྒམ་ཚོན་ཁྲ་མ་ངོས་Aསྟེང་གི་སྦྲ་གུར་དགྱེས་སྐྱེམས་རི་མོའི་ཁྲོད་ཀྱི་སྦྲ་གུར་སྒོ་འགྲམ་གྱི་གཡོག་པོ་གཉིས་ཀྱི་རྒྱན་གོས་ལྟ་བུ་ཡིན། དེ་དང་ཆ་འདྲ་བ་སྦྲ་གུར་གྱི་ཕྱི་རོལ་ན་འབྲོང་བཀུམ་མཁན་གྱི་སྐྱེས་པ་དེའི་གྱོན་ཆས་ཀྱང་ཡོད།
ཨང་རྟགས་འདིའི་པུར་སྒམ་ཚོན་ཁྲ་མར་ལྭ་རིང་རིགས་གསུམ་པ་གོང་བ་སྒོར་དབྱིབས་ཅན་ཡང་མཐོང་ཐུབ། འདི་ལས་ང་ཚོས་ཡན་ལི་པིན་གྱི་《མགར་སྟོང་བཙན་རྒྱ་རྗེར་མཇལ་བའི་རི་མོ》ཁྲོད་ཀྱི་བོད་ཀྱི་ཕོ་ཉ་མགར་སྟོང་བཙན་གྱི་ཕྱུ་ལྭའང་དྲན་ཡོང་། འདི་དང་ཐང་གི་རྒྱ་རིགས་ཀྱི་གྱོན་གོས་གཉིས་ཆ་མཚུངས། གཞན་ཡང་ཞི་ཨན་ནས་རྙེད་པའི་རྒྱལ་སྲས་ཐང་ཀྲང་ཧུའེ་ཡི་བང་སོའི་ལྡེབས་རིས་ལས་“ཕོ་ཉ་བསུ་བའི་རི་མོ”ཞེས་ཡོད་པ་དེའི་མི་སྣ་ལྔ་པ་དེའང་བོད་ཀྱི་ཕོ་ཉར་ངོས་འཛིན་བཞིན་ཡོད། རི་མོ་འདི་གཉིས་ཀ་ནི་རྒྱ་རིགས་དང་འབྲེལ་འདྲིས་བྱེད་པའི་སྐབས་སུ་ལྭ་རིང་འདི་ལྟ་བུ་གྱོན་ཡོད་པས། བོད་བཙན་པོའི་དུས་སྐབས་སུ་གྱོན་གོས་ཀྱི་གདམ་གའི་ཐད་ནས་ཀྱང་གུས་ལུགས་ནན་མོ་ཡོད་པ་མཚོན་གྱི་ཡོད་སྲིད།
པུར་སྒམ་ཚོན་ཁྲ་མར་བྲིས་པའི་བུད་མེད་རྣམས་ཀྱིས་ལྭ་རིང་གྱོན་གྱི་ཡོད། ལྭ་རིང་གི་བཟོ་དབྱིབས་ལའང་གོང་བ་ཟུར་གསུམ་ཆེ་གྲས་རིགས་དང་ཐུ་བ་དྲང་མོ་གོང་བ་མེད་པ་ཅན་རིགས་གཉིས་ཡོད། ཏུན་ཧོང་བྲག་ཕུག་ཨང་159རུ་བྲིས་པའི་བོད་ཀྱི་སྐུ་དྲག་བུད་མེད་ཀྱི་རྣམ་པ་དང་པུར་སྒམ་ཚོན་ཁྲ་མའི་སྟེང་གི་བྲིས་དབྱིབས་གཉིས་ལ་འདྲ་བའི་ཆ་འདུག
གྱོན་ཆས་སྟེང་གི་གཙག་དྲུབ།
པུར་སྒམ་ཚོན་ཁྲ་མའི་སྟེང་གི་སྐྱེས་པ་དང་བུད་མེད་གཉིས་ཀའི་རྒྱན་གོས་ལ་མི་རྣམས་ཀྱིས་མཉམ་འཇོག་བྱེད་པ་ཞིག་ནི་ལྭ་རིང་གི་གནས་གང་རུང་ཞིག་སྟེ་དཔེར་ན་གོང་བ་དང་། ཕུ་རུང་། ཐུ་བ་སོགས་ལ་གཙག་དྲུབ་ཀྱིས་བརྒྱན་ཡོད་པ་དེ་ཡིན། སྣང་ཚུལ་འདིས་ང་ཚོས་རྒྱལ་རབས་བྱང་མ་དང་སུའེ་ཐང་ནས་བཟུང་ནུབ་བྱང་དང་མཚོ་བོད་ས་ཁུལ་གྱི་བཏགས་ཆ་གཙག་དྲུབ་ཅན་གྱི་དར་ཁྱབ་གནས་ཚུལ་ལ་ངེས་ཤེས་གསར་པ་འདྲོང་ནུས།
ནུབ་བྱང་དང་མཚོ་བོད་མཐོ་སྒང་གི་ཚོ་བ་སོ་སོའི་རྒྱན་གོས་ཀྱི་ཆ་ནས་བཏགས་ཆ་གཙག་དྲུབ་ཅན་སྤྱོད་པ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་ལ་ཡིག་ཚང་དུའང་དེ་ལྟར་བཀོད་ཡོད། འོན་ཀྱང་ཧུའུ་རིགས་ཀྱི་“རྒྱན་གོས་སུ་དར་གོས་གཙག་དྲུབ་ཀྱིས་བརྒྱན་པའམ་ཡང་ན་ཐང་མི་རྣམས་ཀྱིས་རི་མོ་ཆེན་པོ་གཙགས་པ་གང་ཡིན་ཡང་། བཏགས་ཆར་གཙག་གྲུབ་བྱས་པ་འདི་དག་ལྭ་རིང་སྟེང་ལ་དུས་ནམ་ཞིག་བྱུང་ངམ་ཞེ་ན་འདི་ལ་སུ་ཡང་གསལ་ཆ་མེད། སྐུ་ཞབས་ཧྲེན་ཚུང་ཝུན་གྱིས་སྔོན་ཆད་ཞི་ཨན་རྡོ་བརྐོས་རི་མོ་ལས《ལིན་ཡན་ཀི་ནས་བློན་གྱི་བྱས་རྗེས་བཀོད་པ》ཞེས་པའི་བློན་བྱས་རྗེས་ཅན་ལི་ཅི་ཡི་སྐུ་བརྙན་ཁྲོད། ཕུ་རུང་གཉིས་ཀའི་འདབས་ཕྱོགས་སུ་རིན་ཆེན་རིལ་བུའི་འཕྲེང་བ་གཙག་དྲུབ་ཀྱིས་བརྒྱན་ཡོད་ལ། སྔོན་ཆད་འདི་ཡི་དཔེ་བརྗོད་གཞན་ནས་མཐོང་དཀའ་ནའང་། མཚོ་སྔོན་ནས་རྙེད་པའི་པུར་སྒམ་ཚོན་ཁྲ་མའི་སྟེང་གི་རི་མོ་ལས་འདི་དང་ཆ་འདྲ་བ་རྒྱན་གོས་སྟེང་ལ་རིན་ཆེན་རིལ་བུའི་འཕྲེང་བ་གཙག་དྲུབ་ཀྱིས་བརྒྱན་ཡོད་པ་མཐོང་ཐུབ།
གལ་སྲིད་སེམས་པ་སྔར་བས་ཀྱང་རྣལ་དུ་ཕབ་སྟེ་ཞིབ་ལྟ་བགྱིས་ཚེ། ཕུ་རུང་གི་འདབས་སུ་དར་གོས་འཇོག་པའི་སྲོལ་ལ་རིགས་གསུམ་ཙམ་མཆིས་ཏེ། རིགས་དང་པོ་ནི་དཔེར་ན་ལི་ཅིའི་སྐུ་བརྙན་ལས་མཐོང་བ་ལྟ་བུ། རིགས་གཉིས་པ་ནི་ད་ལྟའི་ཕུ་རུང་ཐོག་གི་གྱོན་ཤུབས་ལྟ་བུ། རིགས་གསུམ་པ་ནི་དཔུང་རྟགས་དབྱིབས་ཅན་ཏེ་དར་གོས་གཙག་དྲུབ་བྱས་པ་དེ་དཔུང་བའི་མཚམས་སུ་སྦྱོར་བ་དེ་ཡིན། རིགས་གསུམ་པ་ནི་སྐྱེས་པ་ཁོ་ནས་སྤྱོད་པ་ཞིག་ཡིན་པས། དེས་རྒྱན་ཆ་མཚོན་པ་མ་ཟད་ད་དུང་རང་གི་ཐོབ་ཐང་མཚོན་བྱེད་ལའང་གོ་ཆོད་པ་འདྲ།།