སྡུག་བསྔལ།
རྨོག་རུ་སངས་རྒྱས་རྒྱ་མཚོ། (དཔའ་ལུང་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15
སྡུག་བསྔལ་གྱི་དེ་དང་།
འགྱུར་བའི་དེ་དང་།
ཁྱབ་པ་འདུ་བྱེད་དེ་དག་གིས།
མིག་ཆུ་ཞིག་ཤམ་ཤམ་དུ་བཞུར་དུ་བཅུག
མིག་ཆུ་བཞུར་དོན་ཅི།
དེ་ཡི་རྩ་བ་མི་ཤེས་སམ།
ཤེས་ཀྱང་། དེ་ཡི་གཉེན་པོ་མེད་པས།
མིག་ཆུ་ཞིག་ཤམ་ཤམ་དུ་བཞུར།
བྲང་ཁ་རུ་གྲི་བསྣུན་པའི་ན་ཟུག
དཔྲལ་བ་ཡི་མིག་ལོང་བའི་སྐྱོ་བ།
ཆ་ཚང་སྐད་ཅིག་གི་སྡུག་བསྔལ་རེད།
སྙིང་ལ་མི་འཆར་བའི་ཡི་གེ
བློ་ཡིས་མི་ཆོད་པའི་བརྗོད་བྱ།
ལམ་བུར་སྐྱེ་བ་དུ་མར་འདུར་འདུར་བ།
ད་དུང་བསྙེག་མ་ཐུབ་པའི་རྩེ་མོ་དེ་སྒྲིབ་བྱེད།
ཆ་ཚང་སྡུག་བསྔལ་རེད།
སྡུག་བསྔལ་རེད།
ང་སྡུག་བསྔལ་གྱི་གོམ་ཁར་འགྲོ་དུས།
མིག་ཆུ་མ་བཞུར་མོད།
ང་སྡུག་བསྔལ་གྱི་པང་ལ་སླེབས་དུས།
ངའི་མིག་ཆུ་ལ་རང་དབང་མ་ཡོད།
བློ་ལ་མཐུན་པའི་བདེན་པར་གྲུབ་པ་དག
སྙིང་ནས་གཅེས་པའི་ཞེན་པའི་གོང་བུ་དག
ནམ་ཡང་འཇོག་མ་ཐུབ་པའི་རྒྱུ་རུ་གྱུར་བས།
སྡུག་བསྔལ་གྱིས་ང་ལ་རང་དབང་མ་བྱིན།
རང་དབང་མ་བྱིན།
ངས་དྲང་བདེན་དང་སྙིང་རྗེ་ཡི་མིག་ཟུང་ཕྱེས་ཀྱང་།
ངས་བརྩེ་སེམས་དང་ཞི་བ་ཡི་འཛུམ་མདངས་བསྟན་ཀྱང་།
ང་དོ་སྣང་མ་ཐེབས་པའང་།
སྡུག་བསྔལ་གྱི་རྐྱེན་རེད།
༢༠༡༦.༠༧.༠༩ སྐུ་འབུམ་ནས།