སྙན་ངག་སྒྱུར་ཚུལ་དང་དགེ་སྐྱོན་སྐོར་ རགས་ཙམ་གླེང་བ།

སྒྲོལ་མ་ཚེ་རིང་། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15


        《མགོན་པོ་བཀྲ་ཤིས་ཀྱི་སྙན་ངག་ཕྱོགས་བསྒྲིགས》སྐད་གཉིས་ཤན་སྦྱར་མ་དེབ་གཅིག་ལག་སོན་བྱུང་བས། སྙན་རྩོམ་ལ་དགའ་བའི་ང་རང་སྤྲོ་བ་འབུམ་གྱིས་བརྟས་ཏེ་མགོ་ནས་མཇུག་བར་ཡང་ཡང་བལྟས་པ་མ་ཟད་བོད་འགྱུར་མ་དང་མ་རྩོམ་ལའང་ཞིབ་བསྡུར་ནན་མོ་བྱས་པས་སྙན་ངག་སྒྱུར་ཚུལ་གྱི་ལྟ་སྟངས་དང་དགེ་སྐྱོན་འགའ་གླེང་རྒྱུའི་སྤོབས་པ་སྐྱེས།
        སྤྱིར་སྙན་ངག་ལ་གོ་བ་འདྲ་མིན་སྣ་ཚོགས་ཡོད་མོད། གང་ལྟར་ཚང་དགོས་པ་ནི“སྲོག་ལུས་རྒྱན”གསུམ་ཡིན་པ་རླུང་ལྟར་གྲགས་ལ་དོན་དུ་གནས། སྲོག་ཅེས་པ་ནི་བརྗོད་བྱའི་དོན་ཡིན་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་ལྟ་བ་བསྟན་པ་དང་འགྲོ་འདུག་ཉལ་ཆགས། ཡུལ་སྲོལ་གོམས་གཤིས་ལ་སོགས་པ་སྟེ་མཁས་པ་སྔ་མ་དག་གིས་ཆོས་ནོར་ཐར་འདོད་ཏེ་སྡེ་བཞི་རུ་བསྡུ་བ་དེ་ཡིན་ལ། སྙན་ངག་གི་ལུས་ཞེས་པ་ནི་མེ་ལོང་མར“ལུས་ནི་རེ་ཞིག་འདོད་པ་ཡི།། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་།། དེ་ཡང་ཚིགས་བཅད་ལྷུག་པ་དང་།། སྤེལ་མ་རྣམ་གསུམ་ཉིད་དུ་གནས།།”ཞེས་རིགས་གསུམ་དུ་དབྱེ་མོད། དེང་སང་ལག་ལེན་ཁྲོད་ཀྱི་རྩོམ་གྱི་རིགས་དངོས་ལ་དབྱེ་ན་སྲོལ་རྒྱུན་སྙན་ངག་དང་། རང་མོས་སྙན་ངག ལྷུག་པ་དང་སྤེལ་མ་བཅས་རིགས་བཞི་རུ་གནས། རྒྱན་ཞེས་པ་ནི་ཚིག་དང་དོན་གྱི་ཉམས་སྦྱོར་ཚུལ་ཡིན་ཏེ། ཐུན་མོང་ལ་དོན་རྒྱན་དང་སྒྲ་རྒྱན། གབ་ཚིག་གི་རྒྱན་བཅས་རིགས་གསུམ་དུ་དབྱེ་བ་དང་མེ་ལོང་མར་རྒྱན་སྦྱོར་ཚུལ་སུམ་བརྒྱ་ལྷག་དངོས་སུ་བསྟན་ཡོད་པ་ལྟར་རྩོམ་པ་བོའི་བློ་གྲོས་ཀྱི་རྩལ་ལ་རག་ལས་པ་ལས་ངེས་པ་ནི་མེད་དོ། དེ་དག་ལས་ལུས་རྒྱན་ནི་སྲོག་གི་རྗོད་བྱེད་ཡིན་ལ། སྲོག་ནི་ལུས་དང་རྒྱན་གྱི་བརྗོད་བྱ་ཡིན། རྒྱན་ནི་སྲོག་དང་ལུས་ངོ་བོ་དབྱེར་མེད་དུ་སྟོན་པའི་ཐབས་ཡིན་ལ། སྲོག་དང་ལུས་ནི་རྒྱན་གྱི་ཞབས་འདེགས་ཞུ་ཡུལ་ཡིན་པས་དེ་གསུམ་གཅིག་ལ་གཅིག་བརྟེན་གྱིས་སྙན་ངག་གྲུབ་པ་ལས་གཅིག་ཆད་ཀྱང་སྙན་ངག་མིན་ནོ། དཔེར་ན་ལོ་རྒྱུས་དང་ཆབ་སྲིད། དཔལ་འབྱོར་སོགས་ཀྱི་གསུང་རྩོམ་ཡིག་ཆར་སྲོག་དང་ལུས་ཡོད་མོད། རྒྱན་ལྡན་པའི་ངེས་པ་མེད་ཕྱིར་སྙན་ངག་ལ་བརྩི་མི་རུང་། དེ་ཕྱིར་སྙན་ངག་གི་ཁྱད་ཆོས་གཙོ་བོའང“སྲོག་ལུས་རྒྱན”གསུམ་གྱི་རྒྱན་ཡིན་པས། སྙན་ངག་སྒྱུར་སྐབས་ངེས་པར་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་གཙོ་བོར་འཛིན་དགོས། དེ་ལས་ལྡོག་ན། རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་།། རྒྱན་གོས་མེད་ན་སྐྱེ་བོས་གླེང་།། དེ་བཞིན་སྙན་ངག་མི་ལྡན་པའི།། བསྟན་བཅོས་མཁས་ལ་རྩིས་སུ་མེད།། ཅེས་པ་ལྟར་རྒྱན་མི་ལྡན་པའི་སྙན་ངག་ནི་དོན་ཅི་འདྲ་ཟབ་ཀྱང་གཅེར་བུ་དང་འདྲ་བའོ། དེའི་ཕྱིར“སྲོག་ལུས་རྒྱན” གསུམ་ཡང་དག་པ་དང་ཆ་ཚང་བར་བསྒྱུར་རྒྱུ་ནི་སྙན་ངག་སྒྱུར་བའི་ཚད་ཐིག་ཏུ་འཇོག་ཆོག ཧྲ་ཧྲི་པི་ཡ་དང་ཕི་ཞི་ཅིན་གྱི་སྙན་ངག་རྒྱ་འགྱུར་མ་དང་《དཔག་བསམ་འཁྲི་ཤིང》《སྤྲིན་གྱི་ཕོ་ཉ》བོད་འགྱུར་མ་སོགས་ཀྱིས་མི་རིགས་ཀྱི་སྙན་ངག་གར་སྟེགས་སུ་གོ་གནས་ཆེན་པོ་ཟིན་ཡོད་པ་མ་ཟད། སྙན་ངག་ལ་སྐུལ་འདེད་ཆེན་པོ་ཐེབས་པ་ནི་སྒྱུ་རྩལ་གྱི་ཆ་ནས་ཡིན་པ་ལས་གཞན་མ་ཡིན་ཏེ། དཔེར་ན། “འདོད་ལྡན་དེ་ནི་མཛེས་མ་སྤངས་ཤིང་ཟླ་བ་འགའ་ཡི་རི་བོ་དེར་ནི་ཕྱིན་བྱས་པས།། ལག་པ་ཕྲ་བར་གྱུར་ནས་གསེར་གྱི་གདུ་བུ་དག་ནི་དཔུང་བའི་བར་དུ་རྒྱུ་བར་བྱེད།། ཆུ་སྟོད་ཟླ་བ་རྫོགས་པའི་ཉིད་ལ་སྤྲིན་རྣམས་རི་ཤོར་རི་སྟེང་ཉལ་བར་གྱུར་པ་ནི།། མཆོག་ཏུ་རོལ་ཅིང་མཛེས་པར་གྱུར་པའི་གླང་ཆེན་ཡིན་ནམ་སྙམ་དུ་རྟོག་ཅིང་མཐོང་བར་གྱུར།།”ཅེས《སྤྲིན་གྱི་ཕོ་ཉ》ཞེས་པ་ལས་མ་རྩོམ་མི་ཤེས་ཀྱང་བསྒྱུར་རྩོམ་གོ་བདེ་ཞིང་དོན་གསལ་ལ་ཉམས་ཕུན་སུམ་ཚོགས་པས་བརྒྱན་ཡོད་དེ་འདོད་ལྡན་གྱི་སྐྱེ་བོ་དེས་དགའ་མ་དྲན་ཞེས་དངོས་སུ་མ་བརྗོད་ཀྱང་ལུས་ཀྱི་ཤ་ཉམས་པར་སོང་ནས་གསེར་གྱི་གདུ་བུའང་དཔུང་བའི་བར་དུ་རྒྱུ་བ་ལས་ཤུགས་ཀྱིས་བསྟན་ཏེ་དོན་གྱི་རང་མཚན་གློག་བརྙན་ལྟ་བུར་མིག་ལམ་དུ་འཆར་ཐུབ་པས་ཀུན་གྱིས་བསྟོད་པའི་མཐེ་བོང་སྒྲེང་བ་ལྟ་བུའོ།།
        དེ་ཡང་མགོན་པོ་བཀྲ་ཤིས་ལགས་ཀྱི་སྙན་ངག་ནི་རང་རྒྱལ་གྱི་སྙན་ངག་མང་བོ་དང་འདྲ་བར་རྒྱ་ནག་གི་ཡི་གེར་བྲིས་པ་ཡིན་མོད། འོན་ཀྱང་དེ་ལ་སྙན་ངག་གཞན་དང་མི་འདྲ་བར་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་ཏེ། རང་རེའི་ཁ་བའི་ལྗོངས་ཀྱི་རི་ར་བ་ཁོ་ར་ཁོར་ཡུག་དང་ལྟ་བ་མཛེས་ཆོས། ཡུལ་སྲོལ་གོམས་གཤིས་བཅས་སྲོག་ཏུ་བཟུང་ཞིང་། རང་གི་མེས་རྒྱལ་དང་རང་གི་མི་རིགས་ལ་བཅངས་པའི་བརྩེ་སེམས་དང་རེ་བ། ཡིད་ཆེས་བཅས་མཚོན་པ་མ་ཟད། རྗོད་བྱེད་ཚིག་སྦྱོར་ཚགས་དམ་ལ་ཁ་གསལ་བ། ཚིག་ཉུང་ལ་དོན་ཟབ་པ། བརྗོད་བདེ་ལ་གཅོད་མཚམས་ལེགས་པ། ཚིག་སྦྱོར་གྱི་རྒྱན་ཕུན་སུམ་ཚོགས་པ་བཅས་ཀྱིས་ཀློག་པ་ཙམ་གྱིས་ཡིད་དབང་འཕྲོག་པ་མ་ཟད་དབང་མེད་དུ་རང་ཉིད་ཀྱང་མཐའ་ཡས་རྒྱ་མཚོའི་མཁའ་དབྱིངས་སུ་འཕུར་བའམ་མུ་མཐའ་མེད་པའི་སྤང་ཐང་ཆེན་མོར་སླེབས་པ་ལྟ་བུ། ཡང་ན་དགའ་བའི་ཐལ་མོ་རྡེབ་པའམ་སྐྱོ་བའི་མཆི་མ་འབྱིན་དུ་བཅུག འོན་ཀྱང་བོད་འགྱུར་མ་དེར་གོང་ལྟ་བུའི“སྲོག་ལུས་རྒྱན”གསུམ་ཉམས་པ་མ་ཟད། ཆད་བསྒྱུར་དང་ལྷག་བསྒྱུར། ལོག་བསྒྱུར་མང་དྲགས་པས་ཚིག་ལྷད་ལྷོད་དུ་གྱུར་པ་རྩྭ་ཡི་ཐག་པ་ལྟ་བུ་དང་དོན་ལ་ངེས་པ་མེད་པ་རྨ་ཆུའི་བྱེ་མ་ལྟ་བུ། རྒྱན་ལ་སྙན་ཆ་མེད་པ་ནེ་ཙོའི་མ་ཎི་ལྟ་བུ། ཚིག་ལ་སྡེབ་སྦྱོར་ཉམས་པ་བྱིས་པའི་ཁ་བརྡ་ལྟ་བུར་གྱུར་པས་མ་རྩོམ་གྱི“སྲོག་ལུས་རྒྱན”གསུམ་ཡོངས་སུ་ཉམས། འདིར་དཔེ་འགའ་རེ་མ་དྲངས་ན་ཀློག་པ་བོ་ཡིད་ཆེས་དཀའ་བ་ཡིན།
དང་བོ། ལོག་བསྒྱུར་གྱི་དཔེ་འགའ་དྲངས་ན།
“卟嗖嗖的冷风/传递他心底深沉的思绪/沉醉的目光在眼眶里/扑闪着悲伤的酸泪/仿佛倾诉着品尝失恋的辣味!”
—《他……》
“ཕྱོགས་ཀུན་ངལ་མེད་རྒྱུ་བའི་གྲང་རླུང་གི་བུ་མོས།། ཁོ་ལ་སྙིང་དུ་ཉལ་བའི་བསམ་ཚུལ་ཀུན་བརྗོད་ཚེ།། རབ་ཏུ་མྱོས་པའི་འདྲེན་བྱེད་གཡོ་བ་ཡི་གཟི་འོད།། སྐྱོ་ཞིང་དུབ་པའི་མཆི་མར་འཁྱུད་པ་དེ་མཐོང་ན།། གཉེན་ཟླར་འགལ་བའི་སྡུག་བསྔལ་བརྗོད་པ་དང་མཚུངས་སོ།།”
——《ཁོ……》
ཞེས་པ་ལས་རླུང་གིས་ཁོའི་སེམས་སུ་ཉལ་བའི་བསམ་ཚུལ་རྩོམ་པ་བོར་བརྗོད་པ་ཡིན་ནམ། རླུང་གིས་ཁོ་ལ་སྙིང་དུ་ཉལ་བའི་བསམ་ཚུལ་བརྗོད་པ་ཡིན། བསམ་ཚུལ་རླུང་གི་ཡིན་ནམ་ཁོའི་ཡིན། དེ་ལྟར་བསམ་ཚུལ་གྱི་བདག་པོ་དང་བརྗོད་ཡུལ་ལོག་སོང་བ་ལྟ་བུ་དང་།
ཡང་།“唯那宁可信其有不可信其无的巅魂麓灵/却一直地无视我眷眷的纯情/蓦地有了山风长啸短鸣/豁感魂醒灵动早铸在我心中。”
—《玛卿叙怀》
“ཡིད་རྟོན་རུང་ཡང་བསླུ་བའི་གཡོ་འཕྲུལ་སྟོན་པར་མཁས་པའི་སྦྲང་ནག་གིས།། ཁོ་བོ་ཞེན་པའི་ལྷད་མེད་བརྩེ་བར་ཡུན་རིང་མཐོང་ཆུང་ཟུར་མིག་གཡོས།། གློ་བུར་རི་སུལ་རྒྱུ་བའི་རླུང་གིས་གདངས་སྙན་ཡུད་ཙམ་བསྒྲགས་པ་ཡང་།། རྫུན་དུ་ཤེས་པའི་རྣམ་ཤེས་གཉིད་སད་བདག་ཡིད་ཁང་བཟང་རྩེན་པར་བྱེད།།”
——《རྨ་ཆེན་གྱི་སེམས་རྒྱ》
ཞེས་པ་ལས“巅魂麓灵”དེ“སྦྲང་ནག”ཏུ་བསྒྱུར། སྦྲང་ནག་ནི་ཤ་སྦྲང་ནག་པོ་སྟེ་འབུ་སྲིན་གྱི་རིགས་སུ་གཏོགས་ཤིང་།“巅魂麓灵”ནི་རི་ལུང་ལ་འཁྱམས་པའི་རྣམ་ཤེས་ཡིན་ཕྱིར་ཤེས་པའི་རིགས་སུ་གཏོགས། དེ་ལྟར་ན་ཚིག་དང་བོ་དོན་མེད་པ་ལས་ཡོད་པར་ཡིད་ཆེས་རུང་བ་རི་ལུང་གི་རྣམ་ཤེས་ཞེས་པའི་དོན་ཡིན་མོད།“ཡིད་རྟོན་རུང་ཡང་བསླུ་བའི་གཡོ་འཕྲུལ་སྟོན་པར་མཁས་པའི་སྦྲང་ནག་གིས”ཞེས་ཚིག་དོན་ལོག་པར་བསྒྱུར་བ་མ་ཟད།“ཡིད་རྟོན་རུང་བ”དང་“བསླུ་བའི་གཡོ་འཕྲུལ་སྟོན་མཁས་པ”དོན་འགལ་ཡིན། ད་དུང“有了山风长啸短鸣”ཞེས་པ་ནི་རླུང་གི་ངར་སྒྲ་མཚོན་པ་ལས་ཆགས་སྡང་གི་བསམ་བློ་མེད་མོད། འགྱུར་རྩོམ་དུ“གདངས་སྙན་ཡུད་ཙམ་བསྒྲགས”ཞེས་དགའ་བའམ་བསྟོད་པའི་བསམ་བློ་མངོན་པར་མཚོན་པ་དང“ཡུད་ཙམ”ནི་ལྷག་མའོ།།
ཡང་།“在被火燃烧的岁月里/甘南成了历史的一部分/红旗从井岗山插到这里/这艰难的跋涉/永远是我们草原至高无上的真理。”——《 腊子口,不灭的爱》
“མེ་ལྕེའི་རླབས་ཀྱིས་བསྲེག་པའི་ལོ་ཟླའི་ནང་།། ལོ་རྒྱུས་ཕྱེད་ཙམ་མཚོན་པའི་དར་དམར་མཆོག ཅིན་ཀང་རི་ནས་ཀན་ལྷོའི་ཡུལ་དུ་བཙུགས།། དཀའ་ཚེགས་སྤྱོད་བཞིན་བགྲོད་པའི་གོམ་སྟབས་དེ།། རྩྭ་ཐང་སྟེང་གི་བླ་ན་འཕགས་པ་ཡི།། ནམ་ཡང་མི་འགྱུར་གཏན་གྱི་བདེན་ལུགས་ཡིན།།”
——《ལ་རྩེའི་ཁོག་ལ་ཉམས་མེད་དགའ་སེམས་བཅངས》
ཞེས་པར་མ་རྩོམ་དུ་ཀན་ལྷོ་ལོ་རྒྱུས་ཀྱི་གྲུབ་ཆར་གྱུར་པའི་མཚོན་རྟགས་སུ་དར་དམར་ཅིན་ཀང་རི་བོ་ནས་ཀན་ལྷོའི་ཡུལ་དུ་བཙུགས་པའི་དོན་ཡིན་མོད། “ལོ་རྒྱུས་ཕྱེད་ཙམ་མཚོན་པའི་དར་དམར་མཆོག”ཅེས་རྒྱུ་མཚན་མེད་པར་ལོ་རྒྱུས་ཕྱེད་ཙམ་དར་དམར་ལ་ལོག་པར་སྦྱར། དེ་ལྟར་ན་ལོ་རྒྱུས་ཧྲིལ་བོ་མཚོན་པའི་དར་དམར་ཞིག་ཡོད་ཆོག་ཆོག་ཡིན་པས་གང་ཡིན་ནམ། “腊子口”ཞེས་པ་འདི“ལ་གཟར་འགག”ཡིན་པ་ལས“ལ་རྩེ”མིན་ནོ།།
ཡང་། “故乡正在依次绽开的莲花上/向着我/向着帆方飘然走来。”
——《靠近大海》
“པད་མ་བཞད་པའི་སྟེང་དུ་ཕ་ཡུལ་སྔ་ཕྱིར་རིམ་པར་ཕྲེང་བསྒྲིགས་ཏེ།། བདག་དང་ཤར་གྱི་ཕྱོགས་སུ་འཁོར་ནས་དལ་བུའི་འགྲོས་ཀྱིས་འོང་བར་རྩོམ།།”
——《རྒྱ་མཚོ་ཆེན་པོའི་ཉེ་སར་འགྲོ》
ཞེས་པ་ལས“སྔ་ཕྱིར་རིམ་པར་ཕྲེང་བསྒྲིགས”པའི་ཁྱད་ཆོས་འདི་པད་མའི་ཡིན་ནམ་ཕ་ཡུལ་གྱི་ཡིན། འགྱུར་རྩོམ་ལས་ཕ་ཡུལ་ལ་ལོག་པར་སྦྱར་བས་རྩོམ་པ་བོ་ལ་ཕྲེང་བསྒྲིགས་པ་ལྟ་བུའི་ཕ་ཡུལ་མང་བོ་ཡོད་པ་གསལ། དེ་ལྟར་ན་རྩོམ་པ་བོར་དངོས་ནས་ཕ་ཡུལ་དུ་ཡོད་ཅེས་འདྲི་ཆོག་ཆོག་ཡིན།
ཡང་།“我要拥抱的/是新世纪的星斗/和阿妈深情的微笑。”
——《阿妈 我在天空想起了您》
“ངས་དུས་རབས་གསར་བའི་སྐར་ཆེན་དང་། །
བཀའ་དྲིན་ཆེ་བའི་ཨ་མ་ལ་འཁྱུད་ནས། ། བརྩེ་དུང་རབ་ཏུ་ཟབ་པའི་འཛུམས་མདངས་ཅིག་སྟོན་རྒྱུ་ཡིན། །”
——《ཨ་མ་ལགས། ངས་ནམ་མཁའ་ནས་ཁྱེད་དྲན་བྱུང་།》
ཞེས་པར“འཛུམ་མདངས”ཀྱི་བདག་པོ་ལོག་སོང་། ཨ་མའི་འཛུམ་མདངས་དེ“ང”ལ་སྦྱར་བ་མ་ཟད་སྟོན་རྒྱུ་ཡིན་ཞེས་རང་བློས་ལྷག་མར་བཏགས།
གཉིས་པ། ཆད་སྒྱུར་གྱི་དཔེ་འགའ་དྲངས་ན།
“在大地不能站立的地方/站立天空/在天空不能站立的地方/站立着你/阿尼玛卿/和我一束深情的目光……”
——《阿尼玛卿 我的兄弟》
“གསེར་ལྡན་དགའ་མ་གྱེན་དུ་འགྲེང་བར་མི་ནུས་ཤིང་།། མཐའ་བྲལ་ནམ་མཁའ་འདེགས་པར་མི་སྤོབས་པ་ཡི་གནས།། ཁྱོད་ཉིད་ཞུམ་མེད་ལངས་སོ་ཨ་མྱེས་རྨ་ཆེན་ལགས།། བདག་གི་བརྩེ་དགའི་ཟུར་མིག་གཡོ་བའི་གཟི་མདངས་དང་།། ལྷན་ཅིག་འཁྱུད་པའི་རྩེད་འཇོའི་དཔལ་ལ་ཅི་དགར་རོལ།།”
——《ཀྱེ་ཨ་མྱེས་རྨ་ཆེན། བདག་གི་ཕུ་བོ་ལགས》
ཞེས་ས་གཞི་འགྲེང་མི་ཐུབ་པའི་གནས་སུ་ནམ་མཁའ་ཡོད་པ་དང་། ནམ་མཁའ་འགྲེང་མི་ཐུབ་པའི་གནས་སུ་ཨ་མྱེས་རྨ་ཆེན་འགྱིང་ཡོད་པའི་གནས་ལུགས་ཟབ་མོ་དང་སྒྲིག་གཞི་དམ་པོ་བོར་ཏེ་ས་གཞི་དང་ནམ་མཁའ་འགྲེང་མི་ཐུབ་པ་གཞི་གཅིག་ཏུ་བཤད་པས་ཆད་སྐྱོན་དང་། གཞན་ཡང་རྩོམ་བྱང་གི“兄弟”ནི་སྤུན་ཟླ་ཞེས་བསྒྱུར་ན་འོས་མོད། འོན་ཀྱང་སྒྱུར་པ་བོས་འོལ་ཚོད་ཀྱིས་ཕུ་བོ་ལ་བསྒྱུར་བ་ནི་ཤིན་ཏུ་མི་འོས་སོ།།
ཡང་།“我有一位兄弟/他住在碌曲的一条山沟里/洮河是他的妹妹 /这位骑在马上的英雄/我把他叫做则岔”
——《则岔景观》
“ཀླུ་ཆུའི་ལུང་བའི་ཁང་བཟང་དུ།། བདག་གི་སྤུན་ཟླ་བཞུགས་པ་དང་།། མགྱོགས་འགྲོར་ཞོན་པའི་དཔའ་བོ་དེར།། བདག་གིས་གཟི་ཚ་ཞེས་སུ་འབོད།།”
——《གཟི་ཚའི་མཛེས་ལྗོངས》
ཞེས་པ་ལས་ཀླུ་ཆབ་སྔོན་མོ་ནི“ཁོ་བོའི”སྲིང་མོ་ཡིན་པ་ཆད་སོང་། རྩོམ་པ་བོས་སྙན་ངག་གི་ལམ་ནས་ཕུ་བོ་དང་སྲིང་མོའི་འབྲེལ་བ་ལྟར་རི་དང་ཆུའི་འབྲེལ་བ་བརྗོད་ནས་རྫས་ཚ་ནི་རི་ཆུ་འཛོམས་པའི་མཛེས་ལྗོངས་ཤིག་ཡིན་པར་རྨང་བཏིང་བ་ཡིན་མོད། འགྱུར་རྩོམ་དུ་རྨང་རྡོ་ཡ་གཅིག་ཆད། ཚིག་དང་བོ“ཀླུ་ཆུའི་ལུང་བ”ཞེས་པའི་མིང་ལ་གོ་དགོས་པ་ལས་ཆུ་མིང་ལ་གོ་མི་ཐུབ། ཀླུ་ཆུ་ཞེས་པ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་ས་གནས་ཤིག་ཡིན་པས་དེའི་ཁོངས་གཏོགས་ཡིན་ན་ཀླུ་ཆབ་སྔོན་མོ་འབབ་རྒྱུན་ཡིན་པའི་ངེས་པ་མེད་པས་སོ།། ས་མིང་ཡང་ལོག་བསྒྱུར་བྱས་ཡོད།则岔ཞེས་པ་ནི“རྫས་ཚ”ཡིན་པ་ལས“གཟི་ཚ”མིན་ནོ།།
ཡང་།“随着远去的夕阳/父亲和一个部族勇猛的历史/被慢慢的星河淹没” ——《飞向遥远的地方》
“ཐག་རིང་རྒྱང་དུ་བཞུད་པ་ཡི།། ཕྱི་དྲོའི་རྟ་ལྗང་དང་འགྲོགས་ཏེ།། ས་ལ་བཀྲམས་པའི་ཚོ་བ་འདིའི།། དཔའ་མཛངས་ལྡན་པའི་ལོ་རྒྱུས་ཤིག། རྒྱུ་སྐར་གཟུགས་བརྙན་རྣམ་བཀྲ་བའི།། ཆུ་བོའི་སྟོབས་ཀྱིས་བསྣུབས་པར་བྱས།།”
——《ཡུལ་གྱི་བསྐལ་བའི་གནས་སུ་འཕུར》
ཞེས་པར་རྩོམ་པ་བོས་ཡང་ནས་ཡང་དུ་ནན་གྱིས་བརྗོད་པའི་ཨ་ཕ་ཆད་སོང་། རྩོམ་པ་བོས་ཨ་ཕ་དང་འཚོ་བ་དེའི་འབྲེལ་བ་གཞི་བྱས་ནས་འཚོ་བ་དེ་ནི་ཁོང་དང་ཨ་ཕའི་འཚོ་བ་ཡིན་པ་ཕུགས་སུ་སྦས་མོད། འོན་ཀྱང་འགྱུར་རྩོམ་དུ་ཚིག་དང་དོན་གྱི་གནད་ཆེ་བ“ཨ་ཕ”བོར་སོང་བས་ཀློག་པ་བོར་ཐེ་ཚོམ་ཆེན་པོ་བཟོས།
ཡང་།“挖呀,挖/一片逐一片/拾呀,拾/一颗连一颗/拾一袋秋的硕果/连同春的气息”
——《挖蕨麻的姑娘们》
“ས་བརྐོ་བཞིན་གྲོ་མ་འཐུ་བར་བྲེལ།། ཟས་གྲོ་མའི་སྟོན་འབྲས་གཡུར་ཟ་བ།། དཔྱིད་དཔལ་ཡོན་ལྷན་ཅིག་སྣོད་དུ་བཅུག།”
——《གྲོ་མ་བརྐོ་བའི་བུ་མོ》
ཞེས་པར། རྩོམ་བྱང་དུ་གྲོ་མ་བརྐོ་བའི་བུ་མོ་མང་བོ་ཡོད་པ་སྟོན་པའི“རྣམས”ཡིག་ཆད་མོད། རྩོམ་བྱིངས་ལ་གནོད་པ་མེད་པས་སྐྱོན་ཆུང་ཡང་བླང་བྱ་མིན་ནོ།། ཡང་བུ་མོ་ཚོས་ས་ཤུར་མོ་ཤུར་མོ་བརྐོ་བའི་ཉམས་དང་གྲོ་འབྲུ་རེ་རེ་འཐུ་བའི་ཉམས་བོར་སོང་བས། སྙན་ངག་གི་རྒྱན་ནམ་ཉམས་བོར་བའི་ཆད་སྐྱོན་ནོ།།
ཡང་།“圣人最后的书简还有雕就的图腾/那传说中不朽的人物和故事/都要在海面醒来/都要在浪花中深沉歌/一切的一切都仅仅开始/刚刚开始” ——《在太平洋上空》
“མཇུག་མཐའི་ཡི་གེའི་ངོས་སུ་བླ་ཟོག་ཀྱང་བྲིས་ཡོད།། དེ་འདྲའི་མི་དང་གཏམ་རྒྱུད་མཚོ་ངོས་ལས་སད་ཅིང་།། རླབས་ཀྱི་མེ་ཏོག་ཁྲོད་ནས་གླུ་དབྱངས་ནི་ལེན་བཞིན།། ཐམས་ཅད་འགོ་རྩོམ་པ་ཡི་སྟ་གོན་ཞིག་བྱེད་དོ།།”
——《ཞི་བདེ་རྒྱ་མཚོའི་མཁའ་དབྱིངས་སུ》
ཞེས་པ་ལས་སུའི་ཡི་གེ་ཡིན་པ་དང་ཅི་འདྲའི་མི་སྣ་དང་གཏམ་རྒྱུད་ཡིན་པ་ཆད་སོང་བ་མ་ཟད། འགོ་དངོས་སུ་ཚུགས་པའང་སྟ་གོན་ལ་བསྒྱུར་འདུག སྟ་གོན་ནི“准备”ཡི་དོན་ཡིན་པ་ལས“开始”ལ་ནམ་ཡང་མི་འཇུག
གསུམ་པ། ལྷག་སྒྱུར་གྱི་དཔེ་འགའ་དྲངས་ན།
“礼赞着你的果敢追求/轻风扯响我心头的诗/我想慷慨地装进/藏家姑娘的褡裢里……”
——《达里嘉湖边的歌》
“ཨེ་མ་མ་ཁྱོད་ཀྱི་ཉི་ཟླ་ལྟར།། ཁྱད་འཕགས་པའི་སྤྱོད་པ་རྣམ་དག་ལས།། ཉམས་འགྱུར་བ་དག་གིས་ཕྱུག་པ་ཡི།། སྙན་ཚིག་འདི་ལེགས་པར་བྱུང་བ་ཡིན།། ཡུལ་གངས་ཅན་ལྗོངས་ཀྱི་གཞོན་ནུ་མས།། དཔའ་ཞུམ་མེད་སྙིང་སྟོབས་སྟེར་བ་ཡི།། སྙན་ཚིག་གི་མེ་ཏོག་སིལ་མ་འདི།།ཏ་ལེན་ཀྱི་སྣོད་དུ་འཇུག་གོ་སྙམ།།”
——《དར་རྒྱལ་མཚོ་ཁའི་གླུ་དབྱངས》
ཞེས་རྩོམ་པ་བོས་ཚིག་ཉུང་ལ་གནད་འདུས་པར་དགོས་མེད་ཀྱི་ཁ་སྣོན་མང་པོ་བྱས་པས་རྩོམ་པ་བོའི་སྙན་ངག་ཡིན་ནམ་སྒྱུར་པ་བོའི་སྙན་ངག་ཡིན་པ་ཤེས་དཀའ།
ཡང་།“我所捧起的泥土/既然你给了我山岗般的坚强/为我还要给一双时常被泪水打湿的眼/既然你给了我蓝天般的胸怀/为我还要给一颗水一般脆弱的心” ——《眼泪汪汪》
“ང་ཡིས་ས་འདམ་ལག་རྩེར་བཏེགས་པའི་ཚེ།། ཁྱོད་ཀྱིས་བདག་ལ་རི་འདྲའི་བརྟན་བརླིང་གཅིག། དུས་རྒྱུན་མཆི་མས་བརླན་པའི་འདྲེན་བྱེད་གཉིས།། སྔོ་བསངས་ནམ་མཁའ་ལྟ་བུའི་བློ་རྒྱ་གསུམ།། ཆུ་དང་འདྲ་བའི་དྲན་འཛིན་དབང་བོ་བཞི།། འཇུངས་པ་མེད་པར་སྟེར་བའི་ཕྱག་ཟུང་གཡོས།།”——《མིག་ཆུ་ཁྲོམ་ཁྲོམ་བཞུར་བྱུང་།》
ཞེས་པ་འདིས་གྲངས་བརྗོད་པའི་ཚིག་རྒྱན་ནམ་མ་རྩོམ་ན་མེད་པའི་ཚིག་ལྷག་ལ་དམིགས་པ་གཏད་ཕྱིར་མ་རྩོམ་གྱི་དགོངས་པ་དང་ཡོངས་སུ་འགལ། མ་རྩོམ་དུ་རྩོམ་པ་བོས་བྲག་རི་ལྟ་བུའི་བརྟན་བརླིང་རང་བཞིན་དང་དུས་རྒྱུན་མིག་ཟུང་མཆི་མས་བརླན་པའི་ཁྱད་ཆོས། ནམ་མཁའ་ཇི་བཞིན་མཐའ་མེད་པའི་བློ་རྒྱ་དང་ཆུ་བོ་ཇི་བཞིན་འགྱུར་ཆེ་བའི་སེམས་ཁམས་བཅས་གཉིས་རེ་གཉིས་རེ་འགལ་ཟླའི་ཚུལ་དུ་གཞི་གཅིག་གི་སྟེང་ལ་གྲུབ་པ་བརྗོད་མོད། འགྱུར་རྩོམ་དུ་ཉ་ཉུང་མཉམ་བསྲེས་ཀྱིས་ཚང་མ་འདྲ་མཉམ་སྒོས་གཞི་གཅིག་ལ་སྦྱར་བ་མ་ཟད། ཚིག་ལྷག་དོན་ལྷག་མང་བོས་སྤྲོས།
ཡང་།“给炎热的美洲带去绿荫/ 在另一种梯子上登上天空/帕萨迪娜需要我们的放牧和耕种/许多影星在这里高举‘奥斯卡’金奖。”
——《帕萨迪娜大剧院》
“……མེ་གླིང་ལ་ལྗོན་པའི་གྲིབ་བསིལ་ཞིག་བསྟབས་པས།། སྐས་གཞན་པ་བརྒྱུད་ནས་ནམ་མཁའ་ལ་སོང་ངོ་།། བརྗིད་ཕའེ་ས་ཏི་ན་ཟློས་གར་ཁང་ཆེན་མོར།། ངེད་ཁ་བ་ཅན་གྱི་ནོར་ལུག་དག་འཚོ་ཞིང་།། ཞིང་རྨོ་འདེབས་བྱེད་པའི་སྲོལ་བཟང་དག་མཁོ་བ།། བློས་ཚེགས་མེད་བདེ་བླག་རྟོགས་པ་ཙམ་བྱུང་ངོ་།། མཚན་སྙན་མོ་སྤྲིན་གྱི་སྒྲ་དབྱངས་ལྟར་ལྡིར་བའི།། གླིང་འདི་ཡི་ཟློས་གར་མཁན་པོ་ཡི་ཚོགས་ཀྱིས།། ཨའོ་སི་ཁའི་གསེར་གྱི་རྟགས་མ་མཐོར་བཏེགས་ཤིང་།།”…… —— 《ཕའེ་ས་ཏི་ན་ཟློས་གར་ཆེན་མོ》
ཞེས་པར་རྩོམ་དུ་ཕྱུགས་སྐྱོང་དང་རྨོ་འདེབས། ཟློས་གར་མཁན་བཅས་ལ་བསྟོད་སྨད་ཀྱི་ཆ་དངོས་སུ་མ་འདྲེས་པར་ཐད་ཀར་ཇི་བཞིན་བརྗོད་སྟངས་ཀྱིས་མཚོན་པ་ཡིན་ཡང་འགྱུར་རྩོམ་དུ་རང་གི་དགའ་ཕྱོགས་དང་འདོད་ཕྱོགས་ཀྱིས་ཚིག་ལྷག་མང་བོས་ཉོག་པའོ།།
ཡང་།“你没有归期的双眸/使我的手帕匆匆淋湿。”——《天边的眺望》
“ཕ་ཡུལ་ལོག་པར་འདོད་ཀྱང་།། འགྲོ་བའི་དུས་ཚོད་མ་སླེབས།། ཁྲ་ཆུང་མིག་གི་མཐའ་ལ།། ཡང་ཡང་ཕྱིས་པའི་ལག་རས།། བརླན་གྱིས་ཟིན་པར་བྱས་སོང་།། ”
——《ནམ་མཁའི་མཐའ་ནས་རྒྱང་ལྟ་བྱེད་པ》
ཞེས་ཁ་གསལ་ལ་དོན་འདུས་པ་རིན་པོ་ཆེའི་རིལ་བུ་ལྟ་བུའི་ཚིག་གཉིས་དེ་ཚིག་ལྔ་རུ་བསྒྱུར་ཀྱང་དོན་ལ་ཁེལ་ན་ཆོག་མོད། འོན་ཀྱང་ནང་དོན་གཙོ་བོ་གསལ་བཤད་བྱེད་མ་ཐུབ་སྟེ། ཐ་ན་མི་སྣ་གཙོ་བོ་གཉིས་ཏེ་ཁྱོད་དང་བདག་ཀྱང་གསལ་བོར་དབྱེ་མེད་པ་ལྟ་བུའོ།།
ཡང་།“渤海最初是无法跨越的/因为它造就了神话和一个个在海的怀抱中最先醒来的不朽民族/他们把海看作是另一种天空/另一个膜拜的图腾。”——《 渤海启示录》
“གནའ་ཐོག་མའི་དུས་སུ་ཕ་རོལ་ཏུ་བརྒལ་ཐབས་མེད་པ་ནི་རླབས་ཕྲེང་མཁའ་ལ་འཕྱུར་བའི་རྩེ་དགའ་འཛིན་ཞིང་རླབས་སྒྲའི་རྒྱུད་མངས་འཁྲོལ་བའི་རྒྱ་མཚོ་ཡིན། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། ནོར་འཛིན་ཕང་བར་སྔོན་མེར་འཁྱིལ་བའི་རྒྱ་མཚོ་ལས་ཡིད་ལ་ངོ་མཚར་རྒྱ་ཆེར་སྟེར་བའི་ལྷ་སྒྲུང་བྱུང་བའི་ཁར། ཆུ་སྲིན་གྲོང་ཁྱེར་གྱི་ལྟོ་བ་ནས་ཐོག་མར་གཉིད་ལས་སད་ཅིང་ནམ་ཡང་ཉམས་པ་མེད་པའི་མི་རིགས་རེ་རེ་བཞིན་ལེགས་པར་བྱུང་ཙ་ན། ཁོ་ཚོས་གཏིང་དཔག་དཀའ་བའི་རྒྱ་མཚོ་ནི་ས་གསུམ་མཛེས་པའི་རྒྱན་དུ་བསྔགས་པའི་འཇིག་རྟེན་གཞན་པ་ཞིག་དང་གཏན་པ་མེད་པའི་མཆོད་སྦྱིན་གྱིས་བསྙེན་བཀུར་བར་བྱ་བའི་ཡུལ་གཞན་པ་ཞིག་ཏུ་བརྩི་བཞིན་མཆིས།།”
——《པོ་ཧའེ་རྒྱ་མཚོས་བློ་ཡི་སྒོ་མོ་ཕྱེ》
ཞེས་པ་ལས་མ་རྩོམ་དུ“海”དང་“它”ཞེས་པ་སྡོམ་པས་ཐེངས་བཞིར་བྱུང་བ་ལས་དོན་གྱི་སྙིང་བོ་ཁབ་རྩེ་ཙམ་མེད་པའི་ཡིག་འབྲུ་བཞི་བཅུ་ཙམ་གྱི“བརྒྱན”པས། ངོ་མ“ཚིག་གི་སྙེ་མའི་འཕོན་པོ་ལ།། དོན་གྱི་འབྲས་བུ་རེ་རྡོག་ཙམ།།”ཞེས་པར་འགྱུར་བའོ།།
བཞི་བ། དུམ་མཚམས་དང་གཅོད་མཚམས་ཉམས་པའི་དཔེ་འགའ་དྲངས་ན།
“如今,清新强劲的风/倏然掠走高远的浓雾/在那生命长河的绿波上/燃起绚丽夺目的火焰/朝向灿烂的明天扩展、扩展。” ——《篝火》
“དེང་སང་དྲི་བཞོན་གྱི་བུ་མོ་རྒྱུའོ་ཞེས་ཚིག་དེ་དོན་ཚན་གོང་མར་ཡར་སྦྱར་ནས། དོན་ཚན་གཉིས་པར་ས་མཐོའི་ན་བུན་ཀུན་རིམ་གྱིས་ཡལ་ཚེ།། ཚེ་སྲོག་ཆུ་ཀླུང་གི་རླབས་སྔོན་སྟེང་ནས།། སླར་ཡང་མཛེས་སྡུག་གི་མེ་ལྕེ་འབར་བ།། མ་འོངས་འབྱུང་འགྱུར་གྱི་ཕྱོགས་ལ་མཆེད་དོ།།” ——《མེ་ལྕེ》
ཞེས་པར་ཚིག་གི་གཅོད་མཚམས་ནོར་སོང་བས་དོན་ཡང་ནོར་སོང་། མ་རྩོམ་དུ་དཔྱིད་རླུང་གསར་བས་ན་བུན་གཏོར་བ་ཡིན་མོད་འགྱུར་རྩོམ་དུ་ན་བུན་རང་བཞིན་གྱིས་“ཡལ”བར་འཁྲུལ་ལོ།།
ཡང་།《ཉི་མར་བསྟོད་པ》ཞེས་པའི་མ་རྩོམ་ལ་ཚན་པ་གཉིས་ཡོད་དེ། ཚན་པ་རེ་རེའི་རྗེས་སུ་“每当我歌唱美好的生活/便想起太阳的崇高精神。”——《太阳颂》ཞེས་ཚིག་ལ་བསྐོར་བ་ཡིན་མོད། འགྱུར་རྩོམ་དུ་རྩོམ་ཧྲིལ་བོ་ཚན་པ་གསུམ་ལ་དབྱེ་བ་མ་ཟད། མ་རྩོམ་ཚན་པ་གཉིས་པོའི་མཇུག་བསྡུ་བའི་ཚིག་ལོགས་སུ་དགར་ནས་ཚན་པ་གཉིས་པར་བཞག དེ་ལྟར་མ་རྩོམ་གྱིས་སྦས་པའི་དོན་དང་སྙན་པའི་རོ་མྱོང་ཐབས་བྲལ། སྤྱིར་སྙན་དེབ་ཧྲིལ་བོར་ཚིག་ལྷུག་སྙན་ངག་ཁག་བཞི་དང་དེང་རབས་ཚིགས་བཅད་སྙན་ངག་ཁག་ང་བདུན་བསྡུས་ཡོད་མོད། འགྱུར་རྩོམ་དུ་སྙན་ངག་ཁག་ང་བདུན་ལས་བཞི་ཆ་སུམ་གྱི་ལུས་མ་རྩོམ་དང་མི་མཐུན་པ་མ་ཟད། འགྱུར་རྩོམ་སུམ་ཅུ་ལྷག་གི་ཚན་པ་དབྱེ་སྟངས་དང་མ་རྩོམ་གྱི་ཚན་པ་དབྱེ་སྟངས་དང་མི་འདྲ། དེའི་ཕྱིར་སྲོག་ལུས་རྒྱན་གསུམ་རེ་རེ་ལ་ཆད་སྒྱུར་དང་ལྷག་སྒྱུར། ལོག་སྒྱུར་གྱི་སྐྱོན་མངའ་བས་དེ་དག་ནི་སྙན་ངག་ལོ་ཙཱ་བ་སུ་དང་སུ་ཡིན་རུང་དོ་སྣང་བྱ་དགོས་པའི་གནས་སོ།།
མདོར་ན། ཡིག་སྒྱུར་གྱི་དམིགས་ཡུལ་ནི་མ་རྩོམ་ཀློག་མི་ཤེས་པའི་ཀློག་པ་བོར་འགྱུར་རྩོམ་གྱི་ལམ་ནས་མ་རྩོམ་གྱི“སྲོག་ལུས་རྒྱན”གསུམ་ཤེས་སུ་འཇུག་ཕྱིར་ཡིན་པས། མིའམ་ཅིའི་གོས་གོན་སྲོལ་དང་རྒྱན་འདོགས་ཚུལ། མིག་གི་ལྟ་ཚུལ་དང་བཞིན་གྱི་མཛེས་སྡུག ཐ་ན་ཁའི་ཆེ་ཆུང་དང་སྐྲའི་རིང་ཐུང་སོགས་ཇི་བཞིན་དུ་མཚོན་དགོས་པ་དཔེར་བླངས་པ་ལྟར་ལས་ལོ་ཙཱ་བའི་རང་འདོད་ཀྱིས་མཚོན་མདངས་བསྣན་ཏེ་རང་ཉིད་ཀྱི་མོས་ཕྱོགས་ལྟར་ཇེ་མཛེས་སམ་ཇེ་སྡུག་ཏུ་གཏོང་མི་རུང་། གལ་སྲིད་མ་རྩོམ་ན་སྤྱི་ཚོགས་འཚོ་བ་དངོས་དང་མི་མཐུན་པར་མེ་ལས་ཆུ་འབྱུང་བ་དང་རྒོད་མ་ལས་ཕག་སྐྱེས་པ་ལྟ་བུ་ཡོད་ནའང་དེ་དེ་བཞིན་དུ་བསྒྱུར་དགོས་ཏེ། ངེས་པར་དུ་འགྱུར་རྩོམ་དེ་མ་རྩོམ་དང་མཐུན་གང་ཐུབ་བྱེད་དགོས་པ་ལས་མ་རྩོམ་དེ་འགྱུར་རྩོམ་དང་མཐུན་ཐབས་མེད། དེ་ལྟར་དུ་ལོ་རྒྱུས་དང་ཆོས་ལུགས་ལྟ་བུའི་གཞུང་ལུགས་ཡིན་ན་གཙོ་བོ་དོན་ལ་བསྙེག་རྒྱུ་དང་། སྒྱུ་རྩལ་རྩོམ་རིག་ཡིན་ན“སྲོག་ལུས་རྒྱན”གསུམ་གར་གཙོ་ཕལ་མེད་པར་སྙེག་དགོས་ཕྱིར། སྒྱུ་རྩལ་རྩོམ་རིག་སྤྱི་དང་ལྷག་པར་དུ་སྙན་ངག་བསྒྱུར་རྒྱུ་ནི་ཡིག་སྒྱུར་རིགས་མང་བོ་ལས་ཆེས་དཀའ་མོ་དང་ཁག་པོ་ཡིན་ཞེས་བཤད་ཆོག དེ་ལྟར་ན་མ་རྩོམ་གྱི་སྲུང་བྱ་ཐམས་ཅད་འགྱུར་རྩོམ་གྱི་སྲུང་བྱ་ཡིན་པ་དང་། མ་རྩོམ་གྱི་བླང་བྱ་ཐམས་ཅད་ཀྱང་འགྱུར་རྩོམ་གྱི་བླང་བྱ་ཡིན་ལ་མ་རྩོམ་གྱི་སྤང་བྱ་ཐམས་ཅད་འགྱུར་རྩོམ་གྱི་སྤང་བྱ་ཡིན་པ“དོན་འགལ་དོན་གཅིག་ཐེ་ཚོམ་ཅན།། རིགས་ཉམས་སྒྲ་ཉམས་གཅོད་མཚམས་ཉམས།། སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་ཉམས།། ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་།། རིགས་ལུང་དག་དང་འགལ་བའོ།།”ཞེས་སྙན་ངག་གི་སྐྱོན་བཅུ་འགྱུར་རྩོམ་གྱི་སྲུང་བྱ་ཡིན་པ་དང་། སྙན་རྩོམ་ལས་མཚོན་པའི་སྤྱི་ཚོགས་ནུས་པ་དང་སློབ་གསོའི་ནུས་པ་ནི་འགྱུར་རྩོམ་གྱི་བླང་བྱའོ།།
དཔྱད་གཞི།
①《མགོན་པོ་བཀྲ་ཤིས་ཀྱི་སྙན་ངག་ཕྱོགས་བསྒྲིགས》ནི༡༩༩༧ལོའི་ཟླ༡༠པར་མི་རིགས་དཔེ་སྐྲུན་ཁང་ནས་པར་གཞི་དང་བོ་བསྐྲུན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1