སི་ཁྲོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པར་བརྒྱུད། ཁྲེང་ཏུའུ་ཡི་ཆུས་དང་རྫོང10ཡིས་དཀར་མཛེས་ཁུལ་གྱི་རྫོང10ལ་ཁ་གཏད་རོགས་སྐྱོར་བྱས་པའི་ནང་ནས་ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཆུས(ཅན་དབྱང)ཀྱིས་སྤྱི་ལེ་སྟོང་ཙམ་རྒྱང་བའི་སར་ཡོད་པའི་སྡེ་དགེ་རྫོང་ལ་རོགས་སྐྱོར་བྱས་ནས་རྨང་གཞིའི་སྒྲིག་ཆས་ཀྱིས་ཆ་རྐྱེན་བསྐྲུན་པ་དང་། ཐོན་ལས་འཕེལ་རྒྱས་ཀྱིས་དམངས་འཚོ་ལེགས་བཅོས་བྱ་རྒྱུར་སྐུལ་ཁྲིད་བྱས་པར་བརྒྱུད། སྡེ་དགེ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འགྱུར་ལྡོག་ཆེན་པོ་བྱུང་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བ་རེད།
སྡོད་ཁང་གསར་པར་སྡོད་ཐུབ་ནས་ཕྱུག་པོར་ཆགས་པའི་རེ་འདུན་ཁེངས།
ལོ་ལྔའི་རིང་ལ་ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཆུས་ཀྱིས་རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་ཁྲི17170དོན་འཁྱོལ་བྱས་ཏེ་བོད་སྐྱོར་ལས་གཞི36ལས་འགོ་བཙུགས་ནས་ལག་བསྟར་བྱས་ཡོད། ལས་གཞི་དེ་དག་ནི་འཆར་འགོད་བཟོ་འགོད་དང་། གྲོང་རྡལ་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ། ཐོན་ལས་འཕེལ་རྒྱས་དང་རིག་སྟོབས་རོགས་སྐྱོར་བཅས་རིགས་ཆེན་པོ་ལྔ་དང་འབྲེལ་བ་ཡོད་པར་བརྟེན། ཀའོ་ཞིན་ཆུས་ཀྱིས་བྱ་སྤྱོད་དངོས་དང་གྲུབ་འབྲས་དངོས་ཀྱི་ཐོག་ནས་སྡེ་དགེའི་མཐོ་སྒང་ཡུལ་ལྗོངས་འདིར་གསོན་ཤུགས་བསྣན་པ་རེད།
སྤྱི་ཟླ10པའི་མཐོ་སྒང་དུ་ནམ་མཁའ་གཡའ་དག་ཅིང་། འབྲི་ཆུ་བབས་རྒྱུད་ཏུ་ཆགས་པའི་སྡེ་དགེ་རྫོང་ལྕང་ར་ཤང་གཡུ་ཐོག་གྲོང་གསར་དུ་བཟོ་པ་ཚོས་བྲེལ་བ་ཆེན་པོས་ཁང་པའི་ནང་མཁོའི་རྒྱན་ཆ་སྒྲིག་སྦྱོར་བྱས་ཏེ་སྤྱི་ཟླ11པའི་ནང་ཚུད་དུ་གྲོང་མི་ཚོ་སྡོད་ཁང་གསར་པའི་ནང་སྤོ་རྒྱུར་གྲ་སྒྲིག་བྱེད་བཞིན་པ་རེད།
ལྕང་ར་ཤང་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཞུའེ་སུང་གིས་སྨྱུག་འཛིན་པར་ང་ཚོའི་གཡུ་ཐོག་གྲོང་གསར་ཧྲིལ་པོ་གནས་སྤོ་བྱ་ཡུལ་འདིར།ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཆུས་ཀྱིས་མ་དངུལ་སྒོར་ཁྲི1800རོགས་སྐྱོར་བྱས་ནས་གྲོང་སྡེ་ཡོངས་ཀྱི་མི་སེར་དུད་ཚང117གྱི་མི་གྲངས523ཚང་མ་གནས་སྤོ་བྱས་ཐུབ་པའི་རྣམ་པ་མངོན་འགྱུར་བྱུང་བ་རེད་ཅེས་བཤད་པ་རེད།
བོད་སྐྱོར་རུ་ཁག་གིས་ད་དུང་ཡུལ་དེ་གའི་གྲོག་རོང་གནམ་གཤིས་ཀྱི་དགེ་མཚན་དང་བསྟུན་ནས་མེ་ཏོག་འདེབས་འཛུགས་བྱེད་པའི་ཐོན་ལས་འཕེལ་རྒྱས་བཏང་ཞིང་། མཉམ་ལས་ཁང་བཙུགས་ནས་ངལ་རྩོལ་མི་ལག་ལྷག་མར་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས། གཡས་གཡོན་གཉིས་སུ་བཀོད་སྒྲིག་བྱས་ནས་ཡོད་པའི་དྲོད་ཁང་ཆེན་པོ5ཡི་ནང་དུ་མེ་ཏོག་རིགས20ལྷག་གི་སྐྱེ་ཚུལ་ཡག་པོ་ཡིན་པ་རེད།
ལྕང་ར་ཤང་གཡུ་ཐོག་གྲོང་སྡེའི་མེ་ཏོག་རྟེན་གཞིའི་ཞིང་ལས་ལག་རྩལ་པ་ཏེང་ཧའོ་ཡིས་དུས་རིམ་དང་པོར་མེ་ཏོག་སྡེར་མ་ཁྲི7ཐོན་སྐྱེད་བྱས་ཡོད་ཅིང་། གཙོ་བོ་སྡེ་དགེ་རྫོང་གི་གྲོང་ཁྱེར་ལྗང་འགྱུར་ཐད་སྤྱད་ནས་ཡོང་འབབ་སྒོར་ཁྲི20རག་ཡོད། དུས་རིམ་གཉིས་པའི་མེ་ཏོག་ང་ཚོས་སྡེབ་འཚོང་བྱ་རྒྱུའི་གྲ་སྒྲིག་ཡིན་ཞེས་བཤད་པ་རེད།
སང་ལོར་བོད་སྐྱོར་རུ་ཁག་གིས་མེ་ཏོག་དྲོད་ཁང་ཆེན་པོའི་ཟུར་དུ་མེ་ཏོག་ལྡུམ་ར་དང་། མེ་ཏོག་ལ་ལྟད་མོ་ལྟ་སའི་བསིལ་ཁང་། ཟ་ཁང་དང་སྡོད་ཁང་སོགས་བསྐྲུན་ནས་གྲོང་མིར་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཕན་འབྲས་དེ་བས་ཆེན་པོ་ཐོབ་ཐུབ་རྒྱུ་རེད།
དམངས་ཕྱུག་ཐོན་ལས་དར་སྤེལ་བཏང་ནས་འཚོ་བ་སྐྱིད་པོ་རོལ་རྒྱུའི་རེ་འདུན་ཁེངས།
མཚོ་འཕགས་སྨི3600ཡོད་པའི་ཁྲོ་ལའི་རི་འདབས་སུ་གནས་པའི་འཁོར་ལོ་མདོ་ཤང་རྡོ་མང་སྟེང་གྲོང་སྡེའི་འབྲོག་སྡེ་ཡུལ་སྲོལ་གྱི་དབུལ་སྐྱོར་གྲོང་སྡེ་གསར་པའི་ནང་བོད་ལུགས་མགྲོན་ཁང་དང་། ཟ་ཁང་ཆུང་གྲས། མཛེས་ལྗོངས་ལྟ་སྟེགས་སོགས་སྒྲིག་ཆས་གཙོ་བོ་སྒྲིག་བཀོད་བྱས་ཡོད་པ་རེད། 2018ལོར་འབྲོག་སྡེ་ཡུལ་སྲོལ་གྱི་གྲོང་སྡེ་འདི་ཁྱོན་ཡོངས་ནས་བེད་སྤྱོད་གཏོང་འགོ་འཛུགས་རྒྱུ་ཡིན་ཞིང་། དེའི་དུས་སུ་ས་གནས་དེ་གའི་དབུལ་ཕོངས་གྲོང་སྡེ4ལ་ཕན་འབྲས་ཐོབ་པ་དང་ལས་གནས300ལྷག་སྣོན་ཐུབ་རྒྱུ་ཡིན་པས།སྔོན་དཔག་བྱས་ན་ལོ་རེར་མི་རེས་ཡོང་འབབ་སྒོར7500རག་ཐུབ་རྒྱུ་རེད།
འཁོར་ལོ་མདོ་ཤང་གི་ཤང་ཀྲང་བཀྲ་ཤིས་ཨོ་རྒྱན་གྱིས་ང་ཚོ་འཁོར་ལོ་མདོ་ཤང་རྡོ་མང་སྟེང་གྲོང་སྡེར་ཆ་བཞག་ནས་བཤད་ན་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག ད་ལོར་བོད་སྐྱོར་རུ་ཁག་གིས་མ་དངུལ་སྒོར་ཁྲི2500བཏང་ནས་ཡུལ་སྐོར་ལས་རིགས་གསར་སྦོལ་བྱས་ཡོད་ཅིང་། ཀའོ་ཞིན་ཆུས(ཅན་དབྱང)ཀྱིས་ང་ཚོར་རོགས་སྐྱོར་བྱེད་གང་ཐུབ་བྱས་པར་ང་ཚོས་བསམ་པ་རྣམ་དག་གིས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
ལོ་ལྔ་ཡི་རིང་ལ་ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཆུས(ཅན་དབྱང)ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར1.23གཏོང་འཇོག་བྱས་ཏེ་སྡེ་དགེ་རྫོང་གི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་སྤྱད་ཡོད་ཅིང་། ཕྱིར་ཕྱོགས་སུ་འགྲོ་ཐུབ་རྒྱུ་ཡིས་དམིགས་ཡུལ་བྱེད་པའི་བསམ་ཕྱོགས་འཛིན་ནས་སྡེ་དགེའི་གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་བཏང་བ་རེད། སྔར་ལྷག་གིས་གྲོང་ཁུལ་གྱི་ཁོར་ཡུག་ལེགས་བཅོས་གཏོང་ཆེད་ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཆུས་(ཅན་དབྱང)ཀྱིས་ད་དུང་མ་དངུལ་སྒོར་ཁྲི2302བཏང་ནས་གེ་སར་ཁྲོམ་ལམ་ཆེན་པོའི་བསྒྱུར་བཀོད་ཨར་ལས་དང་སྡེ་དགེའི་པར་ཁང་གི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པའི་ཨར་ལས་ལས་འགོ་བཙུགས་ནས། ལོ་གཉིས་རིང་ལ་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད། པར་ཁང་གི་མཐའ་སྐོར་དང་གེ་སར་ཁྲོམ་ལམ་གྱི་རྣམ་པ་བསམ་ཡུལ་ལས་འདས་པའི་འཕོ་འགྱུར་བྱུང་ཡོད་པ་རེད།
སྡེ་དགེ་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་གཡང་དྲུང་གིས་ཀའོ་ཞིན་ཆུས(ཅན་དབྱང་)བོད་སྐྱོར་རུ་ཁག་གིས་ང་ཚོ་སྡེ་དགེ་རྫོང་ལ་མ་དངུལ་གྱི་རོགས་སྐྱོར་བྱས་ནས་ཕན་འབྲས་དངོས་སུ་ཐོབ་ཡོད། ང་ཚོ་སྡེ་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་། མང་ཚོགས་སོགས་ཀྱི་བློར་ཧ་ཅང་བབ་པས་བཀའ་དྲིན་ཆེ་ཞུ་བ་ཡིན་ཞེས་བཤད་པ་རེད།
ཕྱིན་ཆད་ཀྱི་ལོ་ལྔ་ཡི་རིང་ལ་ཀའོ་ཞིན་ཆུས(ཅན་དབྱང)ཀྱིས་རྒྱུན་མཐུད་དུ་སྒོར་དུང་ཕྱུར5.1བཏང་ནས་ལས་གྲྭ་ཆེན་པོ་བཅུ་ལག་བསྟར་བྱས་ཏེ་སྡེ་དགེ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་སྐུལ་འདེད་གཏང་རྒྱུ་རེད།།