ལྷ་སའི་ས་གཙང་ཐོན་རྫས་པེ་ཅིང་གྲོང་ཁྱེར་གྱི་ཁྲོམ་རར་ཞུགས་ནས་དངོས་གཟུགས་ཚོང་ཁང་16ཕྱེས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།  སྤེལ་དུས། 12-20


རི་མོ་ནི་འགྲེམ་སྟོན་ཐོག་ལྷ་སའི་ས་གཙང་ཐོན་ལས་ཀུང་སིའི་ཐོན་རྫས་བཤམས་པ་ཡིན།
        “ང་ཚོས་ཞི་ཏན་དང་། ཧི་ཕེང་སྒོ། ཆན་མིན། དབྱིས་ཀྲོང་སོགས་སུ་དངོས་གཟུགས་ཚོང་ཁང་16བཙུགས་པ་དང་། ད་ལོའི་ལོ་གསར་སྔོན་དུ་སྒོ་ཕྱེ་བའི་ལས་ཀ་ཚང་མ་བསྒྲུབ་ཚར་དགོས། ད་ལྟ་ཞི་ཏན་གྱི་ཚོང་ཁང་དང་ཆན་མིན་གྱི་ཚོང་ཁང་ནི་དངོས་སུ་ཚོང་གཉེར་བྱེད་ཀྱིན་ཡོད། མིག་སྔར་དགའ་བསུ་ཐོབ་ཤོས་ཀྱི་ཐོན་རྫས་ནི་བོད་སྨན་རེད། དེ་ནས་བདེ་ཐང་གི་ཟས་རིགས་ཏེ། དེའི་ནང་འབྲུ་རིགས་ལི་སྨི་དང་། སྦྲང་རྩི། ཆུ་སོགས་ཡོད་པ་རེད། ང་ཚོར་པེ་ཅིང་གི་ཁྲོམ་རར་ཞུགས་པའི་ཡིད་ཆེས་བརྟན་པོ་ཡོད།”ཅེས་ལྷ་ས་གྲོང་ཁྱེར་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ཡོན་ཁྲུན་ཡུན་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།  
          ཟླ་12པའི་ཚེས་14ཉིན་ནས་ཚེས་17ཉིན་བར། 2017ལོའི་པེ་ཅིང་གྲོང་ཁྱེར་གྱི་རོགས་སྐྱོར་མཉམ་ལས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་ཐོག བོད་ལྗོངས་དང་། ཞིན་ཅང་། མཚོ་སྔོན་སོགས་ཞིང་ལྗོངས་11གི་ཁེ་ལས་320ཞུགས་ཏེ།  ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་1000ལྷག་གཅིག་སྡུད་ཀྱིས་བཀྲམས་ནས་བཙོངས། དེའི་ཁྲོད་དུ་ལྷ་ས་གྲོང་ཁྱེར་དུ་ཁེ་ལས་26གི་ཐོན་རྫས་100ལྷག་འགྲེམ་ཚོང་དུ་ཞུགས་ཤིང་། དེ་དག་ཚང་མ་ནི་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་ཁོར་ཡུག་དང་རང་བྱུང་གི་ཆ་རྐྱེན་འོག་ནས་ཐོན་སྐྱེད་བྱས་པའི་བདེ་ཐང་། ལྗང་མདོག ལྷད་མེད་ཀྱི་ཐོན་རྫས་ཡིན་ལ། དེའི་ནང་འབྲི་གཡག་གི་ཐོན་རྫས་དང་། ཁུ་ལུའི་ཐོན་རྫས། ཁ་གདན། ས་མཐོའི་དཀར་ཆུའི་ཐོན་རྫས། ས་མཐོའི་གཏེར་ཆུ། བོད་སྤོས། བོད་སྨན། ཨ་རག་སོགས་ཡོད། དེ་ཡང་ལྷ་ས་གྲོང་ཁྱེར་གྱི་སྣེ་འདྲེན་ཁེ་ལས་ཡིན་པའི་ཆ་ནས། ལྷ་ས་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིས་རྒྱུན་ཆགས་ཀྱི་ཐོན་རྫས་རྣམས་ལ་ཚོང་ར་ནས་དེ་བས་ཀྱང་དགའ་བསུ་ཐོབ་ཡོད་པ་རེད། ཚེས་15ཉིན་གྱི་འགྲེམ་ཚོང་གན་རྒྱ་འཇོག་པའི་མཛད་སྒོའི་ཐོག ལྷ་སའི་ས་གཙང་ཐོན་ལས་ཀུང་སི་དང་པེ་ཅིང་ཚོང་གཉིས་ཚོགས་པའི་ཚད་ཡོད་འགན་འཁྲི་ཀུང་སིས་མ་རྩ་སྒོར་ཁྲི་500ཡི་མཉམ་ལས་སྒྲིག་གཞི་བཟོས། 
རི་མོ་ནི་འགྲེམ་ཚོང་ཐོག་ལྷ་སའི་ས་གཙང་ཐོན་ལས་ཀུང་སིས་ཐོན་རྫས་བཤམས་པ་ཡིན།
          ཡོན་ཁྲུན་ཡུན་གྱིས“ན་ནིང་གི་ཟླ་9པར། ལྷ་སའི་ས་གཙང་ཐོན་ལས་ཀུང་སི་འགྲེམ་ཚོང་འདིར་ཞུགས་ཤིང་། ཚོང་བརྒྱབ་པ་སྒོར་ཁྲི་200སླེབས། ཉིན་གསུམ་གྱི་ཚོང་ཟོག་བཙོང་ཚད་ཀྱང་སྒོར་ཁྲི་80ལ་སླེབས་པ་རེད། ད་ལོར་ང་ཚོས་ཚོང་རྒྱག་པའི་དམིགས་འབེན་ནི་སྒོར་ཁྲི་500ཡིན།”ཞེས་བཤད།
          ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སི་ནི2014ལོར་བཙུགས་པ་དང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཐད་གཏོགས་གཞུང་གཉེར་ཁེ་ལས་ཆེ་གྲས་ཤིག་ཡིན། དེའི་འོག་ཏུ་ཡན་ལག་ཀུང་སི་ཁྱོན་བསྡོམས18ཡོད་པ་དང་། ལས་བཟོ་པ་289ཡོད། འདི་ནི་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་ཆུ་དང་། ཞིང་ས།  མཁའ་རླུང་། རིག་གནས་ཁོར་ཡུག་བཅས་ཀྱི་ཐོན་ཁུངས་ཁྱད་པར་ཅན་གྱི་ལེགས་ཆར་བརྟེན་ནས་ཐོན་ལས་བཙུགས་ཏེ་འཕེལ་བ་ཞིག་ཡིན། 
རི་མོ་ནི་འགྲེམ་སྟོན་ཐོག་ལྷ་སའི་ས་གཙང་ཐོན་ལས་ཀུང་སིའི་ཐོན་རྫས་བཤམས་པ་ཡིན།  
          ཡོན་ཁྲུན་ཡུན་གྱིས“ང་ཚོའི་ཐོན་སྐྱེད་བྱས་པའི་ཁོངས་སུ་གཙོ་བོ་བཟའ་བཅའ་དང་། སྐོམ་ཆུ། སྨན་རྫས། རྒྱན་ཆ་བཅས་རིགས་ཆེན་པོ་བཞིར་བགར་ཡོད། ཟས་རིགས་ནི་ལྗང་མདོག་དང་ལྷད་མེད་སྐྱེ་ལྡན་ཐོན་རྫས་འབའ་ཞིག་ཡིན་ཞིང་། མིག་སྔར་ཅུང་ལེགས་འགྲུབ་བྱུང་བའི་ཐོན་རྫས་ལ་མཱ་ག་དང་། འབྲས་ལི་སྨི། བོད་བྱ། སྦྲང་རྩི་སོགས་ཡོད། བཏུང་བྱར་ལྷ་ལྡན་གཏེར་ཆུ་ཡོད་ཅིང་། མིག་སྔར་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་འབོར་ཆེན་གྱིས་བཙོང་བཞིན་ཡོད། བོད་ཁུལ་ནས་ཐོན་པའི་བོད་སྨན་སྨན་རྩྭའི་ཐད་ནས། མིག་སྔར་ཐུང་རིན་ཐང་སྨན་ཁང་ལ་མཉམ་ལས་བྱེད་བཞིན་ཡོད་ཅིང་། དེའི་ནང་དབྱར་རྩྭ་དགུན་འབུ་དང་། ཁ་ཆེ་གུར་གུམ། བེ་ཤ་སོགས་ཡོད། རྒྱན་ཆའི་ཐད་ནས་གཡུ་དང་། མ་ནོ། ཐང་ག་སོགས་ཡོད། ཐེངས་འདིར་མཉམ་ལས་སྒྲིག་གཞིའི་སྐོར་གྱི་གན་རྒྱའི་ཁྲོད་དུ་གོང་གསལ་ཐོན་རྫས་རིགས་བཞི་པོ་འདུས། དེ་ཡང་གཙོ་བོ་ཁྲོམ་ར་དང་ཚོང་ཁང་ཆེ་གྲས་རིགས་ཀྱིས་ཉོ་སྒྲུབ་བྱས་པ་དང་ཆབས་ཅིག པེ་ཅིང་ཚོང་གཉིས་ཚོགས་པའི་ཚད་ཡོད་འགན་འཁྲི་ཀུང་སི་དང་། པེ་ཅིང་རྒྱལ་སའི་ཞིང་ལས་ཚོགས་པ་ཚད་ཡོད་ཀུང་སི། པེ་ཅིང་ཕྱིར་འཚོང་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་སོགས་ལ་ཉོ་ཚོང་འབྲེལ་མཐུད་བྱས་པ་ཡིན།”ཞེས་ངོ་སྤྲོད་བྱས།
རི་མོ་ནི་འགྲེམ་ཚོང་ཡུལ་དངོས་ཀྱི་པར་རིས་ཁག་ཅིག་ཡིན།
          འགྲེམ་ཚོང་གིས་ཁེ་ལས་ལ་ཕན་ཐོགས་པའི་ཕྱོགས་ནས་ཡོན་ཁྲུན་ཡུན་གྱིས་བཤད་རྒྱུར། “ཐོག་མར་ཚོང་རྟགས་ཀྱི་ཤུགས་རྐྱེན་ཇེ་ལེགས་སུ་གཏོང་ཐུབ་པ་དང་། དེ་ནས་བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཐུབ། དེ་ཡང་ལྷ་སའི་ས་གཙང་ཐོན་ལས་ཀུང་སིས་བོད་ཀྱི་སྤུས་ཀ་ལེགས་ཤིང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་68ཀྱི་ཐོན་རྫས་ལྷ་སའི་ས་གཙང་ལས་སྟེགས་དང་ཤུགས་རྐྱེན་འདིར་བརྒྱུད་དེ་ཁྱབ་གདལ་བྱུང་བ་ཡིན་ལ། གཞན་ཡང་འདི་ལྟར་བསྒྲུབས་པས་ས་གནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ཡོད། རྒྱལ་གཉེར་ལས་རིགས་ཡིན་པའི་ལྷ་སའི་ས་གཙང་ཐོན་ལས་ཀུང་སི་ཡིས་འགྲེམ་ཚོང་གི་གོ་སྐབས་བཟང་པོ་སྤྱད་ནས། རྣམ་པ་དང་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཐོན་རྫས་ཁྱབ་གདལ་དུ་བཏང་། དབུལ་ཕོངས་ས་ཁུལ་ཞིག་ཡིན་པའི་ཆ་ནས། ང་ཚོས་རང་གི་ཐོན་རྫས་བཟང་པོ་དེ་ལས་སྟེགས་འདི་འདྲ་ཞིག་བརྒྱུད་ནས་ཁྱབ་གདལ་དུ་བཏང་སྟེ་ཐུན་མོང་གིས་ལོངས་སུ་སྤྱོད་པ་དང་ཐུན་མོང་གིས་རྒྱལ་ཁ་ལེན་པར་རེ་བ་བཅངས་ཡོད་པ་དང་། མིག་སྔར་འདི་ལ་གྲུབ་འབྲས་མངོན་གསལ་བྱུང་ཡོད་དེ། དངོས་གཟུགས་ཚོང་ཁང་16གི་སྒོ་ཕྱེས་རྗེས། མི་འགྱངས་པར་ལྷ་སའི་ས་གཙང་གི་ཐོན་རྫས་རྣམས་པེ་ཅིང་གི་མི་སེར་ཁྱིམ་ནང་དུ་སླེབས་ངེས་ཡིན།”ཟེར།
          རྒྱུས་ལོན་བྱུང་བ་ལྟར་ན། 2017ལོར། པེ་ཅིང་གྲོང་ཁྱེར་གྱིས་རོགས་སྐྱོར་མཉམ་ལས་ས་ཁུལ་གྱི་དབུལ་ཐར་འགག་གཏོར་ལ་ཡང་བསྐྱར་ཤུགས་བསྣན་ནས། དབུལ་སྐྱོར་ས་ཁུལ་གྱི་ཐོན་ལས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། དེའི་ནང་ཆེད་སྤྱོད་མ་དངུལ་སྒོར་ཁྲི་1000བཏང་ནས་བོད་ལྗོངས་ལྷ་སས་པེ་ཅིང་ནས་ས་གཙང་བདེ་ཐང་གི་ཐོན་རྫས་ཆེད་ཚོང་ཁང་ཕྱེ་རྒྱུ་རེད་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1