༄༅།། འབྲས་དཀར་གྱི་བཤད་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་རྒྱང་སྒྲོག་ཁང་། སྤེལ་དུས། 12-25
ང་འབྲས་དཀར་བསམ་པའི་དོན་འགྲུབ་ཡིན།།
ང་འབྲས་ཕྲུག་ནོར་བུ་ཡིད་བཞིན་ནོོར་བུ་ཡིན།།
ང་ད་ནངས་ཡོང་ཡོང་ཤར་ནས་ཡོང་།།
ཤར་རྡོ་རྗེའི་སེམས་དཔའི་མདུན་ནས་ཡོང་།།
དགུང་ཉི་མ་དང་ནི་མཉམ་དུ་ཡོང་།།
ང་དོ་ནུབ་འགྲོ་འགྲོ་ནུབ་ལ་འགྲོ།།
ནུབ་སྣང་བ་མཐའ་ཡས་མདུན་ལ་འགྲོ།།
ཆོས་ཟབ་མོའི་ལུང་ལ་ཉན་གི་འགྲོ།།
རྗེ་ཇོ་སྐུ་སེར་པོ་བཞེངས་སར་འགྲོ།།
གཡུ་བྱུ་རུའི་མཎྡལ་འབུལ་སར་འགྲོ།།
གསེར་སེར་པོའི་མཁར་རྔ་བརྡུང་སར་འགྲོ།།
དངུལ་དཀར་པོའི་མཆོད་རྟེན་བཞེངས་སར་འགྲོ།།
ལྷ་ས་མ་ཆགས་ལྷ་ས་ཆགས།།
ལྷ་ས་རྒྱ་མཚོའི་ཁ་ན་ཆགས།།
ལྷ་སའི་རྟེན་གྱི་གཙོ་བོ་ནི།།
ལྷ་ཇོ་བོ་ཡིད་བཞིན་ནོར་བུ་རེད།།
དགའ་ལྡན་མ་ཆགས་དགའ་ལྡན་ཆགས།།
དགའ་ལྡན་རི་གསུམ་རྩེ་ན་ཆགས།།
དགའ་ལྡན་རྟེན་གྱི་གཙོ་བོ་ནི།།
གཡུ་ཡི་སྒྲོལ་མ་སྔོན་མོ་ཡིན།།
སེ་ར་མ་ཆགས་སེ་ར་ཆགས།།
སེ་ར་རྡོ་ཆའི་སྟེང་ན་ཆགས།།
སེ་རའི་རྟེན་གྱི་གཙོ་བོ་ནི།།
བྱུ་རུའི་རྟ་མགྲིན་དམར་པོ་ཡིན།།
བསམ་ཡས་མ་ཆགས་བསམ་ཡས་ཆགས།།
བསམ་ཡས་གཙང་བོའི་ཁ་ན་ཆགས།།
བསམ་ཡས་རྟེན་གྱི་གཙོ་བོ་ནི།།
དུང་གི་ཐུགས་རྗེ་ཆེན་པོ་ཡིན།།
རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།།
ལྷ་དཀོན་མཆོག་གསུམ་པོ་ལྷ་རྒྱལ་ལོ།།
སྟོད་ནམ་མཁའི་དབྱིངས་ཀྱི་ལྷ་རྒྱལ་ལོ།།
སྨད་ས་གཞིའི་འོག་གི་ཀླུ་རྒྱལ་ལོ།།
ངས་འབྲས་དཀར་བཤད་ན་འབྲས་དགར་བཤད།།
ང་འབྲས་དགར་བསམ་པའི་དོན་འགྲུབ་ཡིན།།
ཀི་སྭོ་སྭོ་ཆེན་པོ་ལྷ་རྒྱལ་ལོ།།
ལྷུ་ཆེན་ལྷུ་ཆུང་བཅུ་གཉིས་ཡོད།།
སྒལ་ཚིགས་བཞི་བཅུ་ཞེ་ལྔ་ཡོད།།
དང་རུ་ཨ་ཚོང་བཅོ་བརྒྱད་ཡོད།།
མཛུབ་གུ་རྒྱལ་བ་རིགས་ལྔ་ཡོད།།
ཡ་ཐོད་ཤེལ་གྱི་མེ་ལོང་ཡིན།།
དབུ་སྐྲ་རྒྱ་ལྕང་ལོ་མ་ཡིན།།
སྨིན་མ་དོམ་ནག་མཆོངས་འདྲ་ཡིན།།
མིག་གཉིས་སྐར་ཆེན་ཤར་འདྲ་ཡིན།།
རྣ་བ་གསེར་གྱི་མེ་ལོང་འདྲ།།
མ་ནེ་གསེར་གྱི་སྒ་རུ་འདྲ།།
ཡ་ཁ་གསེར་གྱི་པ་ཏྲ་འདྲ།།
མ་ཁ་དངུལ་གྱི་པ་ཏྲ་འདྲ།།
ཁའི་དུང་སོ་བན་ཆུང་སྒྲིག་འདྲ་ཡིན།།
ལྕེ་དར་དམར་གློག་དམར་འཁྱུག་འདྲ་ཡིན།།
ཨོལ་གྲོག་མཆོད་རྟེན་བརྩིགས་འདྲ་ཡིན།།
སྣ་ཁུང་ཟངས་ཐུར་བཤིབ་འདྲ་ཡིན།།
གློ་བ་གངས་རི་དཀར་པོ་ཡིན།།
མཆིན་པ་རྫ་རི་སྨུག་པོ་ཡིན།།
མཁལ་མ་ལྷ་ཕྲུག་ཀླུ་ཕྲུག་ཡིན།།
རྒྱུ་མ་ལྷ་ཀླུའི་ཞགས་པ་ཡིན།།
ཨོ་རྒྱན་པདྨའི་ཆ་ལུགས་ཡིན།།
ངའི་སྣ་མགོར་འགྲོན་བུ་བཏགས་པ་འདི།།
ཨ་ཙ་ར་ཡི་ཆ་ལུགས་ཡིན།།
ཨ་ཟེར་ནས་འབྲས་དཀར་རྒན་པོར་ལྟོས།།
ངའི་གཡས་ཀྱི་ཨ་ར་དཀར་པོ་འདི།།
སྟོད་རྒྱ་གར་རྒྱལ་པོའི་ཆ་ལུགས་རེད།།
ཞོ་འོ་མ་འཐུང་གི་རྟེན་འབྲེལ་རེད།།
ཨ་ཟེར་ནས་འབྲས་དཀར་ང་ལ་ལྟོས།།
ངའི་གཡོན་གྱི་ཨ་ར་ནག་པོ་འདི།།
སྨད་རྒྱ་ནག་རྒྱལ་པོའི་ཆ་ལུགས་རེད།
ཟས་ཞིམ་པ་ཟ་བའི་རྟེན་འབྲེལ་རེད།།
ངའི་མ་ནེ་མན་ཚར་རིང་ནོ་འདི།།
ར་མ་རྒྱ་མོའི་ཆ་ལུགས་རེད།
ངའི་མགོ་ལ་ར་ལྤགས་གྱོན་པ་འདི།།
འབྲས་དཀར་ང་ཡི་ཆ་ལུགས་རེད།།
ཆ་ལུགས་མི་གཅིག་ཁ་ཁ་རེད།།
ཆ་ལུགས་མི་གཅིག་སོ་སོ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1