༄༅།། མི།

རྡོ་སྦིས་ཀླུ་རྒྱལ་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཟླ་ཟེར། སྤེལ་དུས། 12-25



རྡོ་སྦིས་ཀླུ་རྒྱལ་དོན་གྲུབ། (གཙོས)


ཟག་བཅས་ལས་གྲུབ་པའི་མི་རྣམས་ལ།
རང་ཉིད་ལ་དབང་བའི་འཇིག་རྟེན་ཆུང་ཆུང་རེ་ཡོད་ཅིང་།
འཇིག་རྟེན་ཆུང་ཆུང་དེ་ན།
སྤྲིན་དཀར་ལ་བཅིབས་པ་ལྟ་བུའི་སྐྱིད་སྣང་ལྡན་ཞིང་།
རི་བོ་ཡིས་མནན་པ་ལྟ་བུའི་སྡུག་སྣང་ཡང་མངའ།
འཇིག་རྟེན་ཆུང་ཆུང་དེ་ན།
ཚེ་སྲོག་ལ་ངེས་གཏན་གྱི་དུས་ཆད་མེད་ལ།
ལོངས་སྤྱོད་ལ་རྟག་བརྟན་གྱི་བདག་པོ་ཡང་མེད།
འཇིག་རྟེན་ཆུང་ཆུང་དེ་ན། ད་དུང་།
རང་སྣང་མཁའ་ལས་མཐོ་ཞིང་།
རྟག་སྣང་མཚོ་ལས་ཟབ་པ།
ཐོག་མ་དང་མཐའ་མ་མེད་པའི་འཁོར་བའི་འདུ་འཛིའི་ཁྲོད་དུ།
ལང་ཚོ་ནི་མེ་ཏོག་རྐང་གཅིག་དང་འདྲ་བར།
ལྷང་འཇགས་སེ་བཞད་རྒྱུ་ཡོད་ལ།
ཁ་རོག་གེ་ཡོལ་རྒྱུ་ཡང་ཡོད།
དེ་བས་སྟོང་གསུམ་གྱི་འཇིག་རྟེན་འདི་ནས།
དུག་གསུམ་མ་སྤངས་པར་བདེ་བའི་མཆོག་འདོད་པ་ནི།
སྨིག་རྒྱུ་ཆུ་ལ་འཁྲུལ་བའི་དཔེ་ལས་མ་འདས་མོད།
སྡུག་བསྔལ་ལས་མ་ཐར་བའི་མི་རྣམས་ཀྱིས།
སྐད་ཅིག་གི་བདེ་བ་ཙམ་ལ།
མཐར་ཐུག་གི་བདེ་བར་སེམས་ནས།
རྒྱུ་འབྲས་ཀྱི་རྒྱ་མར་གཡོ་གཟུར་བྱེད་མྱོང་ལ།
བྱང་སེམས་ཀྱི་ཡོལ་གོ་ལ་དུག་ཆུའང་བླུགས་མྱོང་།
སྣང་བར་སིམ་པའི་སྙིགས་དུས་ཀྱི་གང་ཟག་ལགས།
རང་ཉིད་འཇིག་རྟེན་གཞན་ཞིག་ནས།
རྣམ་པ་ཀུན་ཏུ་རྟག་པའི་མེ་ཏོག་ཞིག་ཏུ་བཞད་འདོད་ན།
ས་ལམ་གྱི་རྣམ་བཞག་བརྒྱུད་དེ།
སྤྱོད་འཇུག་གི་འཁར་བར་རྟེན་ཞིང་།
དྲང་ངེས་ཀྱི་གྲུ་གཟིངས་ལ་བསྐྱོན་ནས།
འཁོར་མཚོའི་ཕ་མཐར་སྙེགས་ཤིག་ཨང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1