ལི་ཐང་རྫོང་གིས་ཞིང་སྡེའི་གསང་སྤྱོད་ཁང་ལེགས་བཅོས་བྱས་ནས་འཚོ་བ་གསར་པ་བསྐྲུན།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-26


      ཉེ་ཆར་སྨྱུག་འཛིན་པ་ལི་ཐང་རྫོང་དགའ་བ་གྲོང་རྡལ་གདོང་གྲུབ་གྲོང་སྡེའི་མི་རྒན་བཀྲ་ཤིས་དོན་འགྲུབ་ཚང་གི་ཁྱིམ་དུ་སླེབས་སྐབས། སྒོ་ར་ཆེན་པོའི་གྱང་ཟུར་དུ་ཡོད་པའི་གསང་སྤྱོད་ཁང་ཆུང་ཆུང་འདི་མིག་ལམ་དུ་མངོན་བྱུང་། གསང་སྤྱོད་ཁང་གི་ཕྱི་ནང་ཚང་མ་ཧ་ཅང་གཙང་མ་དང་སྒྲིག་སྦྱོར་ཆ་ཚང་བས་སྔོན་ཆད་ཆ་རྐྱེན་ཧ་ཅང་ཞན་པའི་གྲོང་གསེབ་ཀྱི་གསང་སྤྱོད་ཁང་དང་བསྡུར་ན་འགྲན་ཐབས་ཡེ་ནས་མེད་པ་རེད།
      གསང་སྤྱོད་ཁང་ལེགས་བཅོས་བྱས་རྗེས་ཀྱི་དགེ་མཚན་སྐོར་བཤད་སྐབས། ལོ་ན82ལ་སོན་པའི་མི་རྒན་བཀྲ་ཤིས་དོན་འགྲུབ་ཀྱིས་གསང་སྤྱོད་ཁང་ལེགས་བཅོས་བྱས་རྗེས་ཁྲོམ་ལམ་དང་ཁང་པའི་ནང་དྲི་ངན་དང་སྦྲང་ནག་མེད་པར་གྱུར་ནས་འཕྲོད་བསྟེན་གྱི་ཆ་རྐྱེན་ཧ་ཅང་བཟང་བ་དང་བེད་སྤྱོད་གཏོང་དུས་ཀྱང་ཧ་ཅང་སྟབས་བདེ་པོ་རེད་ཅེས་བཤད། དང་ཐོག་ཁོས་གསང་སྤྱོད་ཁང་ལེགས་བཅོས་བྱེད་དང་མི་བྱེད་ཁྱད་པ་ཅི་འདུག ཆུ་གཏོང་ས་མེད་པའི་གསང་སྤྱོད་ཁང་ཅུང་ཙམ་བཙོག་ནའང་འཚོ་བར་ཤུགས་རྐྱེན་མེད་ཅིང་། ང་ཚོ་མི་རབས་ནས་མི་རབས་བར་འདི་ལྟར་བྱས་ཏེ་འཚོ་བ་རོལ་བ་རེད་སྙོམ་པའི་རྣམ་འགྱུར་འཛིན་པ་རེད། ཡིན་ནའང་གྲོང་སྡེའི་ནང་མི་གཞན་གྱིས་ལེགས་བཅོས་བྱས་པའི་གསང་སྤྱོད་ཁང་ལ་བལྟས་རྗེས་ཁོའི་རྣམ་འགྱུར་རིམ་བཞིན་འགྱུར་ལྡོག་བྱུང་ནས་རང་ཉིད་ཀྱི་གསང་སྤྱོད་ཁང་ཡང་ལེགས་བཅོས་བྱས་པ་རེད།
      ཐོག་མར་གསང་སྤྱོད་ཁང་ལེགས་བཅོས་བྱེད་སྐབས། གྲོང་རྡལ་དེས་ཚན་པ་དང་པོའི་གྲོང་སྡེ་གཅིག་གི་དུད་ཚང40ལྷག་བདམས་ནས་ཚོད་ལྟ་དཔེ་སྟོན་གྱི་སྣེ་ཁྲིད་བྱས། དེའི་རྗེས་གྲོང་སྡེ་རེར་གསང་སྤྱོད་ཁང་ཚོད་ལྟ་ལེགས་བཅོས་བྱ་ཡུལ་དུད་ཚང5རེ་བདམས་ནས་བསྒྱུར་བཀོད་བྱས་པར་མ་ཟད། གྲོང་རྡལ་སྲིད་གཞུང་གིས་གྲོང་སྡེ་སོ་སོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་སྡེའི་ཨུ་ལྷན་གྱི་ཀྲུའུ་རེན་དང་མཉམ་དུ་ཚོད་ལྟའི་གྲོང་སྡེའི་ནང་ཕྱིན་ནས་གསང་སྤྱོད་ཁང་ལེགས་བཅོས་བྱེད་པའི་ཉམས་མྱོང་སློབ་སྦྱོང་བྱས་པ་རེད།གསང་སྤྱོད་ཁང་ལེགས་བཅོས་བྱས་ནས་བྱུང་བའི་འགྱུར་ལྡོག་དང་ཐོབ་པའི་ཕན་པར་ཉམས་སུ་མྱོང་རྗེས། རྒྱ་ཆེ་བའི་གྲོང་སྡེའི་ལས་བྱེད་པའི་གསང་སྤྱོད་ཁང་ལེགས་བཅོས་བྱེད་པའི་ཧུར་བརྩོན་རང་བཞིན་ཀྱང་སློང་བྱེད་ཐུབ་པར་མ་ཟད། ཡུལ་དེ་གའི་མང་ཚོགས་ཀྱི་གསང་སྤྱོད་ཁང་ལེགས་བཅོས་བྱ་རྒྱུའི་ངར་ཤུགས་སློང་བ་རེད།
      ན་ལོར་དགའ་བ་གྲོང་རྡལ་དུ་རིམ་རྩིས་བྱས་ན་ཞིང་སྡེའི་དུད་ཚང98ཀྱི་གསང་སྤྱོད་ཁང་ལེགས་བཅོས་བྱེད་པའི་ལས་འགན་ལེགས་འགྲུབ་བྱུང་ནས་དབུལ་ཕོངས་གྲོང་སྡེ3ལ་ཕན་ཐོགས་པ་རེད། 2017ལོར་ཞིང་པའི་དུད་ཚང54ཡི་གསང་སྤྱོད་ཁང་ལེགས་བཅོས་བྱེད་པའི་ལས་འགན་ལེགས་འགྲུབ་བྱུང་ཡོད། མིག་སྔར།གྲོང་རྡལ་ཡོངས་ཀྱི་དུད་ཚང152ཚང་མས་ལེགས་བཅོས་བྱས་པའི་གསང་སྤྱོད་ཁང་གསར་པ་སྤྱོད་ཐུབ་པ་རེད།གྲོང་རྡལ་སྲིད་གཞུང་གིས་ད་དུང་ཞིང་སྡེའི་གསང་སྤྱོད་ཁང་ལེགས་བཅོས་བྱ་རྒྱུ་དང་དབུལ་ཐར་འགག་སྒྲོལ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཤིང་། མང་ཚོགས་ཀྱི་རེ་འདོད་ལ་བརྩི་བཀུར་བྱས་པའི་རྨང་གཞིའི་ཐོག་གྲོང་རྡལ་ཡོངས་ཀྱི་དབུལ་ཕོངས་དུད་ཚང་ཁྱོན་བསྡོམས166ཚང་མ་གསང་སྤྱོད་ཁང་ལེགས་བཅོས་བྱ་རྒྱུའི་འཆར་གཞི་ནང་བཞག་པར་མ་ཟད་དམིགས་སུ་བཀར་ནས་བསྒྱུར་བཀོད་བྱས་མཐར། ཞིང་དུད་དབུལ་ཕོངས་ཚོར་འཕྲོད་བསྟེན་ཆ་རྐྱེན་ལེགས་བཅོས་བྱས་ཏེ་འཚོ་བའི་སྤུས་ཀ་ཇེ་ཡག་བྱུང་བའི་ཁེ་ཕན་ཉམས་སུ་མྱོང་དུ་བཅུག་པ་རེད།
      ཤེས་རྟོགས་བྱུང་བར་གཞིགས་ན། ཕྱིན་ཆད་དགའ་བ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་གཞན་གྱིས་གསང་སྤྱོད་ཁང་ལེགས་བཅོས་བྱས་པའི་ཉམས་མྱོང་ལ་དཔེ་ལྟ་ས་བྱས་པ་དང་། ཡུལ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལོ་ལྔའི་ནང་ཞིང་སྡེའི་གནོད་མེད་གསང་སྤྱོད་ཁང་བསྒྱུར་བཀོད་དང་འཚོ་བའི་བཙོག་ཆུ་ཐག་གཅོད་བྱ་རྒྱུའི་ལས་ཀ་ལག་བསྟར་བྱ་རྒྱུའི་འཆར་འགོད་གཏན་འབེབས་བྱས་ཤིང་། ཞིང་སྡེའི་གསང་སྤྱོད་ཁང་ལེགས་བཅོས་བྱ་རྒྱུར་ལྟ་སྐུལ་ཞིབ་བཤེར་དང་ཕན་ཡུན་རིང་བའི་དོ་དམ་ནང་རྐྱེན་འཚོལ་ཞིབ་དང་འཛུགས་གཉེར་བྱས་ནས། གསང་སྤྱོད་ཁང་ལེགས་བཅོས་བྱེད་པའི་ལས་ཀར་ལས་ཆོད་དེ་བས་མཐོ་ལ་གོ་རིམ་ལྡན་པའི་སྒོས་སྤེལ་བར་སྐུལ་འདེད་གཏོང་གང་ཐུབ་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1