གངས་ལྗོངས་ཉིན་གཞོན་དྲ་བའི་འཕྲིན། དེང་དུས་བོད་ཀྱི་འབྲོག་ཁུལ་རྣམས་སུ་དབྱར་དགུན་གྱི་འཚེར་རྩྭ་བདག་གཉེར་བྱ་བའི་ཆེད་དུ་གྲོང་སྡེ་སོ་སོ་ལ་རང་རང་གིས་འོས་འཚམས་ཀྱི་རྩྭ་ར་བདག་གཉེར་བྱེད་ཅིང་ཚད་ཡོད་ཀྱི་ས་གཞི་ལ་ལྕགས་རིབ་རྒྱེབ་རྒྱུའི་ལས་གཞི་ཞིག་ཡོད་པ་རེད། འོན་ཀྱང་ཚད་བཀག་མེད་པའི་ལུང་པ་ཚང་མ་ལ་ལྕགས་རིབ་བརྒྱབ་ན་མ་འོངས་པར་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། ས་རྩོད་ཆུ་རྩོད་ཀྱི་སྡེ་འཁྲུག་གི་འགལ་རྐྱེན་ཡོང་བའི་དོན་རྐྱེན་འགའ་ཞིག་མཐོང་སྟེ། ཨ་ཕྱུག་གྲོང་རྡལ་གྱི་ཏང་ཨུ་དང་། སྲིད་གཞུང་གི་འགོ་ཁྲིད་རྣམས་ཀྱིས་ཚད་གཞི་ཡོད་པའི་སྒོ་ནས་སྒོ་ཕྱུགས་ཀྱི་གྲངས་ཀ་དང་བསྡུར་ནས་ལྕགས་རིབ་བྱ་སའི་ས་གཞི་ཚད་བཀག་གཏན་འབེབས་བྱས་ཡོད། འཆར་གཞི་ཡོད་པའི་སྒོ་ནས་ལྕགས་རིབ་ཚོད་འཛིན་བྱས་པ་དེས་སྐྱེ་དངོས་སྲུང་སྐྱོབ་དང་། འགྲིམ་འགྲུལ་སྟབས་བདེ་བྱུང་བ་མ་ཟད། གྲོང་སྡེའི་བར་ལ་དགོས་མེད་ཀྱི་འཁོན་འཛིང་དང་འཁྲུག་རྩོད་མེད་པར་ཆགས་སྟབས། ཡུལ་སྡེ་ཚང་མས་དགའ་བསུ་ཆེན་པོ་ཐོབ་པ་རེད།
དེ་དང་དུས་མཚུངས་སུ་རི་ཀླུང་རྣམས་སུ་གང་བྱུང་གི་ཇོ་དར་དང་། ཀླུང་རྟ་སྒྲོན་པས་ཁོར་ཡུག་འབག་བཙོག་དང་། སྒོ་ཕྱུགས་ཤི་གོད་ཀྱི་རྐྱེན་དུ་གྱུར་པའི་དོན་རྐྱེན་དེ་དག་གཙང་སེལ་དང་ལེགས་བཅོས་ཡོང་པའི་ཆེད་དུ། གྲོང་རྡལ་གྱི་ཏང་སྲིད་འགོ་ཁྲིད་རྣམས་དང་ཚ་ཚ་དགོན་གྱི་དཔལ་རྒྱལ་སྤྲུལ་སྐུ་སོགས་གྲོང་སྡེ་སོ་སོའི་བླ་སྤྲུལ་རྣམས་དང་བཀའ་གྲོས་གནང་སྟེ། ཀླུང་རས་རྣམས་རྡོག་རྫིས་དང་། བགོམ་ཧྱུག་མི་འགྲོ་བ་དང་། སྒོ་ཕྱུགས་ཤི་གོད་ཀྱི་རྐྱེན་དུ་མི་འགྲོ་བའི་ཆེད་དུ། རི་རྩེ་དང་། བྲག་ཁྲོད་སོགས་ས་གཞི་གཙང་ཞིང་མི་དང་། སྒོ་ཕྱུགས་རྣམས་འགྲིམ་འགྲུལ་ཉུང་བའི་ས་གནས་གཙང་མ་ཞིག་ཀླུང་རྟ་སྒྲོན་ས་གཏན་འབེབས་བྱས་ཤིང་། རྒྱ་ལམ་དང་། རྩྭ་ར་སོགས་སུ་གང་མོས་ཀྱི་ཀླུང་རྟ་གཏོར་བ། ཀླུང་རས་སྒྲོན་པ་མི་ཆོག་པ་གཏན་འབེབས་བྱས་པས་ཆོས་ལུགས་རིག་གནས་ལ་གུས་བཀུར་དང་། མི་རིགས་རིག་གནས་ལ་སྲུང་སྐྱོབ་ཡག་པོ་ཐོབ་པ་རེད། །