༄༅།། བོད་མིའི་གནའ་དུས་ཀྱི་རུས་མིང་དང་མི་མིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། 12-28


༡  གདོད་མའི་སྤྱི་ཚོགས་ཀྱི་དུས་སྐབས་སུ་ཁྱོ་ཤུག་བཟའ་ཚང་གཏན་འཇགས་ལྟ་བུ་མ་ཡིན་པར་སྐྱེས་པ་རྣམས་ཀྱིས་གང་བྱུང་དུ་སྤྱོད་པ་ལ་བརྟེན་ནས་ཕྲུ་གུའི་ཕ་སུ་ཡིན་བརྗོད་པར་དཀའ་བས་རུས་མིང་སྟེ་ཕ་རྒྱུད་ཀྱི་མིང་བརྗོད་དུ་མེད་པས་མ་ཡི་མིང་ཟུར་བུ་ལ་འདོགས་སྲོལ་ཞིག་དར་བ་དང་། དེ་ལྟ་བུའི་མིང་འདོགས་ཚུལ་གྱི་སྲོལ་དེ་ཡང་དུས་ཡུན་རིང་པོ་ཞིག་གི་རིང་ལ་འགྱུར་བ་མ་བྱུང་བར་ཕྱིས་སུ་བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་སོགས་གནམ་གྱི་ཁྲི་བདུན་གྱི་སྐབས་སུའང་རྒྱལ་པོའི་རིགས་རྒྱུད་རྣམས་ཀྱི་མཚན་ཟུར་ལ་ཡུམ་གྱི་མཚན་ཟུར་འདོགས་སྲོལ་བྱུང་འདུག་པ་དཔེར་ན། གནམ་མུག་མུག་གི་སྲས་མུ་ཁྲི་བཙན་པོ། དེ་དང་ས་དིང་དིང་གི་སྲས་དིང་ཁྲི་བཙན་པོ། དེ་དང་སོ་ཐམ་ཐམ་གྱི་སྲས་སོ་ཁྲི་བཙན་པོ་ཞེས་སོགས་ཀྱི་མཚན་བྱུང་ཚུལ་ནི་ཆོས་འབྱུང་རྒྱལ་རབས་མང་པོར་ཡོངས་གྲགས་སུ་གསལ་བ་ལྟར། གནམ་མུག་མུག་དང་། ས་དིང་དིང་སོགས་ནི་ཡུམ་གྱི་མཚན་ཡིན་པས་མ་ཡི་མིང་ཟུར་བུ་ལ་འདོགས་སྲོལ་ཡོད་པ་ཤིན་ཏུ་གསལ།
༢  རུས་མིང་དང་མི་མིང་། ཕ་རྒྱུད་རུས་དང་། མ་རྒྱུད་ཤ་ཞེས་བརྗོད་པ་ལྟར་རིགས་རུས་ཞེས་པ་ཕ་རྒྱུད་ཀྱི་དོན་དང་། ཆོ་འབྲང་ཞེས་པ་མ་རྒྱུད་ཀྱི་དོན་ཡིན་པས་ཕ་རྒྱུད་ཀྱི་མིང་ལ་རུས་མིང་ཞེས་བརྗོད་པ་ཡིན། གོང་དུ་གནམ་གྱི་ཁྲི་བདུན་གྱི་སྐབས་སུ་མ་རྒྱུད་ཀྱི་མིང་ཟུར་བུ་ལ་འདོགས་ཚུལ་བཤད་པ་ནི་སྐབས་དེ་ཙམ་ནའང་མ་ཡི་མིང་ཟུར་བུ་ལ་འདོགས་སྲོལ་ཡོད་པ་ཙམ་བཤད་པ་ལས་རུས་མིང་བརྗོད་སྲོལ་མེད་པ་ནི་མ་ཡིན་ཏེ། དེ་ཡང་བཀའ་ཆེམས་བཀའ་ཁོལ་མ་ལས་ལྡོང་དང་སྟོང་གཉིས། སེ་དང་སྨུ་གཉིས་ཏེ་བོད་ཡུལ་ཁ་བ་ཅན་གྱི་མི་ལ་སྔ་བ་དེ་རྣམས་ཡིན་ཅེས་གསུངས་པ་ལྟར་སེ་དང་། སྨུ། ལྡོང་། སྟོང་བཅས་རུས་ཆེན་བཞི་དང་། དེ་ལས་རིམ་པར་ལྡོང་གི་རུས་ཆེན་བཅོ་བརྒྱད་སོགས་སུ་མཆེད་ཚུལ་ལོ་རྒྱུས་ཡོངས་གྲགས་སུ་གསལ་བ་ལྟར་རུས་མིང་དེ་དག་མི་མིང་གི་གོང་དུ་སྦྱར་ནས་འབོད་སྲོལ་ཡོད་པ་ནི་སྣུབས་རྗེ་སྲིད་པ། ཁྱུང་པོ་སྤུང་སད། མྱང་ཙེང་སྐུ། རྔོག་གླིང་ཁམས་ཞེས་སོགས་བྱུང་བ་ལས་སྣུབས་གནུབ་དང་། ཁྱུང་པོ། རྔོག་སོགས་ནི་རུས་མིང་དང་། སྲིད་པ་དང་། སྤུངས་སད། གླིང་ཁམས་སོགས་ནི་མི་མིང་ཡིན་པ་ལྟ་བུའོ།
        (རྡོ་དགོན་གསང་བདག་རྡོ་རྗེ་དང་དགའ་བ་པ་སངས་ཀྱིས་བརྩམས་པའི《བོད་ཀྱི་ཡུལ་སྲོལ་རྣམ་བཤད》ལས་བཏུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1