༄༅།། གསར་འགྱུར་རྩོམ་ལུས་དང་དེའི་ཁྱད་ཆོས་འགའ་གླེང་བ།

དཔལ་ཆེན་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-02


        གསར་འགྱུར་ཞེས་པ་ནི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཡུལ་དུས་གང་རུང་དུ་བྱུང་བའི་གསར་བྱུང་གི་དོན་བྱ་མཐའ་དག་ལ་གོ་ཞིང་། དེ་ནི་ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ། ཁ་པར་སོགས་གཙོར་བྱས་ནས་དྲིལ་བསྒྲགས་དང་བརྒྱུད་བསྒྲགས་བྱེད་པ་ཞིག་ཡིན། ཡུན་རིང་གི་བཀོལ་སྤྱོད་དང་འཕེལ་རྒྱས་ཁྲོད་དུ་དེ་ལ་རང་རྐྱ་འཕེར་བའི་རྩོམ་ལུས་ཤིག་གྲུབ་ཡོད། དེ་ནི་རྩོམ་རིག་མ་ཡིན་པའི་རྩོམ་ལུས་རིགས་མང་པོའི་ཁྲོད་ཀྱི་གཅིག་ཡིན། སྲིད་འབྱོར་རིག་གསུམ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ང་ཚོའི་བོད་ཀྱི་གསར་འགྱུར་ལས་རིགས་སུའང་རྩོམ་ལུས་དེ་གྲུབ་ནས་ཡོད། ང་ཚོས་རྩོམ་ལུས་དེ་དང་དེའི་ཁྱད་ཆོས་ལ་རྒྱུས་ལོན་དང་ངོས་འཛིན་གསལ་པོ་ཞིག་མ་བྱས་ན། གསར་འགོད་པ་དང་། ལོ་ཙཱ་བ། གསར་འགྱུར་ལས་དོན་པ་མང་པོ་ཞིག་གི་བྱ་བ་ལ་དཀའ་རྙོག་དང་ནོར་འཛོལ་འབྱུང་སྲིད། ཕྱིའི་རྒྱལ་ཁབ་དག་དང་རྒྱལ་ནང་དུ་གསར་འགྱུར་རྩོམ་ལུས་དེ་ལ་ཞིབ་འཇུག་མི་དམན་པ་ཞིག་བྱས་འདུག་མོད། ང་ཚོ་བོད་ཀྱི་རིག་གནས་ཁྱབ་ཁོངས་སུ་ད་དུང་གསར་འགྱུར་རྩོམ་ལུས་དེ་ལ་གཞུང་ལུགས་ཀྱི་ཆ་ནས་ཞིབ་འཇུག་དང་། སྒོས་སུ་ཚགས་པར་གྱི་གསར་འགྱུར་རྩོམ་ལུས་སོགས་ལ་ཞིབ་འཇུག་བྱས་པ་སྐས་རིམ་དང་པོའི་ཚོད་དུ་ཡོད། དེ་བས་རྒྱལ་ནང་གི་རྒྱ་བོད་ཡིག་རིགས་ཟུང་གི་གཙོ་རྒྱུགས་ཚགས་པར་ཁ་ཤས་ལ་གཞི་བཅོལ་ནས་གསར་འགྱུར་རྩོམ་ལུས་ནི་ཅི་འདྲ་ཞིག་ཡིན་པ་དང་དེའི་ཁྱད་ཆོས་རིགས་འགའ་ཤས་གླེང་བ་བྱའོ། །
དང་པོ། གསར་འགྱུར་རྩོམ་ལུས་དང་དེའི་རིགས་བརྗོད་པ།
        གསར་འགྱུར་ཞེས་པའི་མིང་བརྡ་འདི་ནི་བོད་རང་ལ་སྔ་མོ་ནས་ཡོད་པའི་མིང་བརྡ་ཞིག་མིན། དེ་ནི་དང་ཐོག་བོད་ལ་ཚགས་པར་གསར་སྤེལ་བྱེད་སྐབས་རྒྱའི་མིང་བརྡ་སྟེ“报纸”ཞེས་པ་ལོ་ཙཱ་བྱས་ནས་བྱུང་བ་དང་། རྗེས་སུ་གསར་འགྱུར་ལས་དོན་གྱི་འཕེལ་རྒྱས་དང་བསྟུན་ནས་མིང་བརྡའི་གོ་དོན་ལ་འགྱུར་ལྡོག་བྱུང་སྟེ། ད་ལྟ་དེ་ནི་རྒྱ་སྐད་ཀྱི་“新闻”ཞེས་པའི་མིང་བརྡ་འདིའི་སྐད་དོད་དུ་གྱུར་འདུག རྒྱ་སྐད་ལྟར་ན། “新闻”ཞེས་པའི་སྐབས་ཀྱི་“新”ནི་“新近”ཏེ་ཉེ་ལམ་དང་། “闻”ནི་“见闻”ཏེ་མཐོང་ཐོས་སུ་གོ་ཞིང་། གཞི་གཅིག་དུ་སྦྲེལ་ནས་འགྲེལ་ན་ཉེ་ལམ་གྱི་མཐོང་ཐོས་ཞེས་པའི་དོན་ལ་འཇུག་པ་ཡིན། གསར་འགྱུར་རྩོམ་ལུས་ནི་རྩོམ་ལུས་གཞན་དང་མི་འདྲ་བར་དེ་ལ་རང་རྐྱ་འཕེར་བའི་སྒྲིག་གཞི་དང་ཚིག་གི་སྤེལ་སྟངས། མིང་གི་སྦྱོར་བ་སོགས་ཐུན་མིན་གྱི་ཁྱད་ཆོས་ཡོད་ལ། དེས་ནི་ཚིག་བསྡུས་ཤིང་ཁ་གསལ་བའི་སྒོ་ནས་དོན་ཞིབ་བརྗོད་བྱེད་པ་དང་སྤྱི་ཚོགས་དང་འཚོ་བའི་གྲུ་ཟུར་རེ་རེ་ཡི་གསར་བྱུང་གི་དོན་བྱ་མཐའ་དག་མྱུར་འགྱོགས་སྒོས་དྲིལ་བསྒྲགས་དང་བརྒྱུད་སྤེལ་བྱེད་པ་དམིགས་ཡུལ་དུ་བྱེད་པ་ཞིག་ཡིན་པས། དེ་ལ་རིན་ཐང་དང་ཁྱད་ཆོས་ངེས་ཅན་ལྡན་ཡོད། གསར་འགྱུར་ལས་དོན་ནི་ཕྱི་ལ་དྲིལ་བསྒྲགས་བྱེད་པ་དམིགས་ཡུལ་དུ་འཛིན་པ་ཞིག་ཡིན་པས་རང་སྟེང་དུ་ཆབ་སྲིད་ཀྱི་མཁའ་དབུགས་སྟུག་པོ་ཞིག་ཡོད་ལ། དེ་ནི་སྟེང་གི་བཀོད་པ་མང་པོའི་ཁྲོད་ཆབ་སྲིད་དང་འབྲེལ་བ་ཆེས་ཆེ་བ་ཞིག་ཡིན། ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་གིས་གསར་འགྱུར་ནི་སྤྱི་ཚོགས་ལ་བསྒྱུར་བཀོད་གཏོང་བའི་སྟོབས་ཤུགས་གཙོ་ཆེ་བ་ཞིག་ཏུ་འདོད་ཅིང་། རང་རྒྱལ་དུ་གསལ་འགྱུར་ལས་དོན་གྱི་རང་བཞིན་ཤིན་ཏུ་གསལ་པོ་ཡིན་ཏེ། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་མགྲིན་ཚབ་པ་ལྟ་བུ་ཡིན་པས་ངེས་པར་དུ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཁ་ཕྱོགས་ནས་དེ་དག་ལ་ཞབས་འདེགས་ཞུ་དགོས། དེ་བས་གསར་འགྱུར་ལས་དོན་ནི་ཆབ་སྲིད་འཚོ་བ་དང་འབྲེལ་ཡོད་པས་རྒྱུན་ལྡན་གྱི་གསར་འགྱུར་ལས་དོན་ཁྲོད་ཚགས་པར་གཙོ་སྒྲིག་པ་དང་གསར་འགོད་པ། རྩོམ་སྒྲིག་པ། ལོ་ཙཱ་བ་ལྟ་བུ་དག་ལ་རྨང་གཞིའི་ཤེས་བྱ་བརྟན་པོ་ཞིག་ཡོད་པས་མི་ཆོག་པར་ངེས་པར་དུ་ཆབ་སྲིད་ཀྱི་གོ་རྟོགས་མཐོན་པོ་ཞིག་དགོས་རྒྱུ་ཤིན་ཏུ་གལ་ཆེའོ། །
ཚགས་པར་གྱི་གསར་འགྱུར་རྩོམ་ལུས་ལ་རྣམ་པ་མང་པོ་ཡོད་དེ། གསར་འགྱུར་དྲིལ་བསྒྲགས་དང་། གསར་འགྱུར་གློག་འཕྲིན། སྤྱི་ཚོགས་དཔྱད་བརྗོད། གླེང་མོལ། ཆེད་བྲིས། རིག་གཞུང་དང་ཚན་རྩལ་སྐོར་གྱི་རྩོམ་ཡིག སྒྱུ་རྩལ་རང་བཞིན་གྱི་བརྩམས་ཆོས། བརྡ་ཁྱབ་སོགས་ཡོད་ཅིང་། གཞན་ཡང་སྲིད་གཞུང་དང་རྒྱལ་ཕྱི་རྒྱལ་ནང་གི་རྩ་འཛུགས་དང་ཚོགས་པ་སོགས་ཀྱི་སྤྱི་བསྒྲགས་དང་། སྤྱི་ཆིངས་སོགས་བརྒྱུད་འགོད་བྱས་ཡོད། དེ་ཡང་ཚགས་པར་གྱི་གསར་འགྱུར་རྩོམ་ལུས་དེ་དམིགས་ཡུལ་གྱི་སྒོ་ནས་ཞིབ་ཏུ་རྣམ་པ་གསུམ་དུ་དབྱེ་ན། གསར་འགྱུར་དྲིལ་བསྒྲགས་ཀྱི་རིགས་ལ། གསར་འགྱུར་ཆེད་བྲིས་དང་། བརྡ་འཕྲིན། གློག་འཕྲིན། སྤྱི་ཆིངས། སྤྱི་བསྒྲགས། བརྟག་དཔྱད་སྙན་ཞུ། བཅར་འབྲི་སོགས་ཡོད་པ་དང་། གསར་འགྱུར་དཔྱད་བརྗོད་ཀྱི་རིགས་ལ། དཔྱད་བརྗོད་དང་། གླེང་མོལ། གཙོ་སྒྲིག་པའི་ཆེད་རྩོམ། ཆེད་ལས་དཔྱད་བརྗོད་པའི་རྩོམ་ཡིག ཆབ་སྲིད་དཔྱད་གླེང་། གཞུང་ལུགས་གསུང་རྩོམ་སོགས་ཡོད། གསར་འགྱུར་བརྒྱུད་བསྒྲགས་ཀྱི་རིགས་ལ། སྙན་ཞུ་རྩོམ་ཡིག་དང་། བརྡ་ཁྱབ། ལྷུག་རྩོམ། འབོལ་རྩོམ། བརྩམས་སྒྲུང་། སྙན་ངག འཁྲབ་གཞུང་། འདྲ་པར། ཡིག་གཟིགས། བརྗེད་ཐོ་སོགས་ཡོད་དོ། །
        གསར་འགྱུར་གྱི་སྒྲིག་གཞི་ནི་སྤྱིར་བཏང་དུ་ཁ་བྱང་། གླེང་གཞི། བརྗོད་བྱའི་དོན། རྒྱབ་ལྗོངས། མཇུག་བསྡུའི་གཏམ་བཅས་ཡིན་ལ། རྩོམ་འབྲིའི་དུས་སུ་ཁ་བྱང་འདེམས་པ་ནི་ཆེས་གཙོ་བོ་ཞིག་ཡིན་ཏེ། ཚིག་བསྡུས་ཤིང་ཚགས་དམ་པའི་སྒོ་ནས་བརྗོད་བྱའི་དོན་དེ་བལྟས་མ་ཐག་ནས་ཤེས་ཐུབ་པ་ཞིག་དང་མི་ལ་བློ་རྒྱ་བསྐྱེད་ཐུབ་པ་ཞིག་ཡིན་དགོས། གླེང་གཞི་ནི་ཚིག་གཅིག་གམ་ཚིག་དུམ་ཞིག་གིས་བརྗོད་དོན་གཙོ་བོ་དེ་སྟོན་ཐུབ་དགོས་ལ། སྤྱིར་བཏང་དུ་གསར་འགྱུར་ཀློག་པ་པོར་ཡུལ་དང་། དུས། མི་སྣ། དོན། དོན་གྱི་བྱུང་རིམ་དང་མཇུག་འབྲས་བཅས་སྟོན་པ་ཞིག་ཡིན། བརྗོད་དོན་དངོས་ཀྱི་སྐབས་སུ་གླེང་གཞི་རྒྱ་བསྐྱེད་དེ་དངོས་དོན་གླེང་དགོས་ལ་འུར་སྒྲོག་དང་རབ་རྟོགས་ཀྱི་ཆ་གཏན་ནས་ཡོད་མི་ཆོག་ཅིང་དེ་ཡང་ཚིག་དོན་གསལ་བ་དང་རིགས་ལམ་གསལ་བ། ཚགས་དམ་ཞིང་གསོན་ཉམས་ལྡན་པ་ཞིག་ཡིན་དགོས། རྒྱབ་ལྗོངས་ནི་བརྗོད་དོན་དང་འབྲེལ་བའི་ལོ་རྒྱུས་དང་ཁོར་ཡུག་གི་རྒྱབ་ལྗོངས་ལ་ཟེར་བ་དང་། དེས་བརྗོད་དོན་གསལ་བར་བྱེད་པ་དང་མངོན་པར་མཚོན་པར་རམ་འདེགས་ཀྱི་ནུས་པ་ཐོན་ཡོད། མཇུག་བསྡུའི་གཏམ་གྱིས་བརྗོད་དོན་སྤྱི་བསྡོམས་ཀྱིས་དྲིལ་སྒྲོག་གི་ནུས་པ་ཐོན་པ་དང་མི་ལ་བློ་བསྐྱེད་ཐོབ་ཐུབ་པ་ཞིག་ཡིན་དགོས། གཞན་ཡང་སྐབས་ལ་ལར་གསར་འགྱུར་སྤེལ་བའི་སྨྱན་རྫས་ཀྱི་ཁྱད་གཤིས་དང་ཚགས་པར་སོགས་ཀྱི་པར་ངོས་བཀོད་སྒྲིག་གི་དགོས་དབང་གིས་གླེང་གཞི་དང་། རྒྱབ་ལྗོངས། མཇུག་བསྡུའི་གཏམ་སོགས་བསྡུས་ནས་མ་བཀོད་ཀྱང་ཆོག་གོ །
གཉིས་པ། གསར་འགྱུར་རྩོམ་ལུས་ཀྱི་མིང་གི་ཁྱད་ཆོས་བརྗོད་པ།
        གསར་འགྱུར་རྩོམ་ལུས་ཀྱི་མིང་དང་དེའི་སྦྱོར་བ་ལ་རྩོམ་ལུས་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ལ་གོང་གི་ཚགས་པར་དག་ལ་གཞི་བཅོལ་ནས་འདིར་འགའ་ཤས་བཀོད་ན། 1.གསར་འགྱུར་རྩོམ་ལུས་ཀྱི་ཁྲོད་དུ་ཆེད་སྤྱོད་ཀྱི་མིང་དང་ཆབ་སྲིད་རང་བཞིན་གྱི་མིང་ཡང་མང་པོ་ཡོད། 2.གསར་འགྱུར་རྩོམ་ལུས་ཀྱི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་བས་བཀོལ་སྤྱོད་བྱེད་པའི་མིང་གི་ཁྱབ་རྒྱ་ཡང་ཤིན་ཏུ་ཆེ་སྟེ། དེ་རུ་ལུས་རྩལ་དང་། དམག་དོན། ཚོང་ལས། ཚན་རྩལ། རྩོམ་རིག དམངས་སྲོལ། རོལ་རྩེད་ལས་རིགས་ཀྱི་མིང་བརྡ་བཅས་མང་པོ་བཀོལ་སྤྱོད་བྱས་ཡོད། དེ་ནི་དངོས་ཡོད་སྤྱི་ཚོགས་དང་དེང་རབས་གསར་འགྱུར་སྐད་བརྡ་གཉིས་ཀྱི་བར་ཐག་ཇེ་ཉེར་གཏོང་བ་དམིགས་ཡུལ་དང་ཀློག་པ་པོ་སོ་སོའི་དགའ་ཕྱོགས་དང་མོས་པ་ལ་བསྟུན་ཆེད་དུ་ཡིན། 3.དྲིལ་བསྒྲགས་ཀྱི་དགོས་དབང་གིས་གསར་འགྱུར་རྩོམ་ལུས་ཁྲོད་དུ་མིང་རྣམ་པ་སྣ་ཚོགས་ཡོད་ལ། དུས་རབས་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་གྱི་དབང་གིས་མིང་གསར་པ་དང་དོན་མཚར་ཅན། བསྡུས་བརྗོད་ཅན། ཡིད་འགུགས་དང་གསོན་ཉམས་ཀྱིས་ཕྱུག་པའི་མིང་བརྡ་རབས་དང་རིམ་པ་མང་པོ་བྱུང་དང་འབྱུང་བཞིན་ཡོད། 4.གསར་འགྱུར་རྩོམ་ལུས་ཀྱི་ཁྲོད་དུ་བསྡུས་མིང་ཧ་ཅང་མང་པོ་ཡོད།
གསུམ་པ། གསར་འགྱུར་རྩོམ་ལུས་ཀྱི་ཚིག་གི་ཁྱད་ཆོས་བརྗོད་པ།
        1.གསར་འགྱུར་རྩོམ་ཡིག་ནི་བརྡ་འཕྲིན་རྨང་གཞི་བྱས་སྟེ་རྩོམ་འབྲི་བྱས་པ་ཞིག་ཡིན་པས་གསར་འགྱུར་རྩོམ་ལུས་ཀྱི་ཚིག་སྦྱོར་ཡང་བརྡ་འཕྲིན་ཞིབ་འབྲིའི་རིམ་པ་ཇི་བཞིན། དུས་ཚོད། ས་གནས། མི་སྣ། དོན་བྱ། བརྒྱུད་རིམ། རྒྱུ་རྐྱེན་བཅས་ལྟར་སྤེལ་ཡོད། 2.གསར་འགྱུར་རྩོམ་ལུས་སུ་སྤྱིའི་ཆ་ནས་བདག་དབང་ཅན་གྱི་ཚིག་གི་སྦྱོར་བས་གཙོར་བྱས་ཡོད་པ་དང་གཞན་དབང་ཅན་གྱི་ཚིག་གི་སྦྱོར་བས་རམ་འདེགས་བྱས་ཡོད། 3.གསར་འགྱུར་རྩོམ་ལུས་སུ་ལུང་འདྲེན་དང་གྲངས་ཀ་ཅན་གྱི་ཚིག་མང་པོ་བཀོལ་ནས་ཡོད། 4.གསར་འགྱུར་རྩོམ་ལུས་ཀྱི་གསར་འགྱུར་སྙན་སྒྲོན་དང་གསར་འགྱུར་དཔྱད་གླེང་། གསར་འགྱུར་ཆེད་བྲིས་བཅས་ཀྱི་ཚིག་སྦྱོར་སྤེལ་བར་ཆ་རྐྱེན་ཅིག་ཡོད་པ་ནི་ཚིག་དོན་དག་དོན་དངོས་དང་མཐུན་པ་དང་བདེན་པ་བདེན་རྐྱང་། དངོས་ཐོག་བདེན་འཚོལ་ཞིག་བྱེད་པ་ལས་གསར་འགྱུར་རྩོམ་འབྲི་བ་རང་ཉིད་ཀྱི་འདོད་བློ་དང་དགའ་སྐྱོ་ཆགས་སྡང་སོགས་བསྲེས་མེད་པ་ཞིག་ཡིན་དགོས་ལ། དགའ་སྡུག་གི་ཚོར་བ་དང་བསྟོད་སྨད་ཀྱི་ཚིག་སྦྱོར་དག་ཀྱང་འོས་འཚམས་ཀྱིས་སྤེལ་དགོས།
        མདོར་ན། མིའི་འཚོ་བའི་ཁྲོད་དུ་གསར་འགྱུར་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ། གསར་འགྱུར་བརྒྱུད་བསྒྲགས་ཀྱིས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བདེ་འཇགས་ལ་ནུས་པ་གལ་ཆེན་ཐོན་བཞིན་ཡོད། སྤྱི་ཚོགས་དང་ཚན་རྩལ་ལས་རིགས། ཆ་འཕྲིན་ལག་རྩལ་བཅས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་ང་ཚོ་བོད་ཀྱི་གསར་འགྱུར་ལས་རིགས་ཀྱང་འཕེལ་རྒྱས་ཆེན་པོ་ཕྱིན་པ་དང་ཚགས་པར་ཀྱང་རབས་དང་རིམ་པ་མང་པོ་བྱུང་ཡོད་ལ་ཉེ་ཆར་ཆ་འཕྲིན་ལག་རྩལ་ཐོན་རྫས་དང་སྦྲེལ་ནས་སྤེལ་འགོ་ཚུགས་ཡོད་པ་རེད། ཡིན་ནའང་ཆེད་ལས་ཀྱི་རྩོམ་སྒྲིག་པ་དང་། རྩོམ་འབྲི་བ། གསར་འགོད་པ། ཞིབ་འཇུག་པ་སོགས་ཉུང་རྐྱེན་རང་རེའི་ཚགས་པར་ལས་རིགས་སུ་གསར་འགྱུར་རྩོམ་ལུས་ཞེས་པ་ཞིག་གྲུབ་མེད་པ་དང་། གསར་འགྱུར་རྩོམ་ཡིག་དག་ཏུ་སྒྲིག་གཞི་འཐུས་སྒོ་མི་ཚང་བ་དང་ཚགས་མི་དམ་པ། མིང་སྦྱར་བ་དང་ཚིག་སྦྱོར་སྤེལ་བ་ནོར་བ། དོན་གསལ་པོར་མ་བསྟན་པ་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་གནས་རྐྱེན། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་རྩོམ་ལུས་གཞུང་ལུགས་དང་ཚགས་ཤོག་གི་གསར་འགྱུར་རྩོམ་འབྲི། རྩོམ་སྒྲིག་དང་གསར་འགོད། ལོ་ཙཱ་བཅས་ཀྱི་ཤེས་བྱར་སློབ་སྦྱོང་དང་ཞིབ་འཇུག་གོང་སྤེལ་བྱས་ནས་རང་མི་རིགས་ཀྱི་རིག་གནས་ཤིག་ཏུ་གྲུབ་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་སོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1