འབྲོང་ཕྲུག་ལྷ་ཆེན་རྒྱལ། ཕ་ཡུལ་མདོ་སྨད་མང་ར། ད་ལྟ་མང་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་ལ་གཞོལ་གྱིན་ཡོད། ད་ལྟའི་བར་སྙན་ངག་གཙོས་སྒྲུང་གཏམ་སོགས་རྩོམ་ཡིག་མང་པོ་སྤེལ། དེ་དག་ལས་རེ་འགའ་རྒྱ་ཡིག་ཏུ་བསྒྱུར་ནས《མི་རིགས་ཀྱི་རྩོམ་རིག》སོགས་སུ་བཀོད་ཡོད། སྔ་ཕྱིར་སྦྲང་ཆར་སྨྱུག་གསར་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་ན་གཞོན་རྩོམ་པ་པོའི་རྩོམ་རིག་བྱ་དགའ། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སོགས་ཐོབ། བརྩམས་ཆོས་ལ་སྙན་དེབ《ཆང་དང་སྙན་ངག་གི་མཚན་མོ》དང
《བཞད་འཕྱི་བའི་མེ་ཏོག》སྒྲུང་ཐུང་དེབ《ལོ་དེའི་དགུན་ཁ》སོགས་ཡོད།
ད་ནས་བཟུང་།(ཞར་བཀོད་གསུམ)
འབྲོང་ཕྲུག་ལྷ་ཆེན་རྒྱལ།(མཚོ་ལྷོ)
འབྲི་ཤོག་ནག་པོ་འདིའི་སྟེང་དུ་ཁང་ཁྱིམ་དཀར་པོ་ཞིག་བཞེངས་དགོས
ཁང་ཁྱིམ་དཀར་པོ་འདིར་སྒོ་དང་སྒེའུ་ཁུང་འབྱེད་དགོས
སྒེའུ་ཁུང་ལས་རླུང་དང་མཁའ་དབུགས གྲང་ངར་དང་ཉི་འོད་དྲན་དགོས
དབུས་ལམ་གྱི་ཉི་མ་ད་དུང་དབུས་ལམ་དུ་དྲོ་དགོས
ཕ་ཡུལ་གྱི་ཟླ་བ་སྔར་བཞིན་ཕ་ཡུལ་དུ་གསལ་དགོས
མགོ་ཐོག་གི་སྐར་ཚོགས་ཀྱང་ནམ་ཡང་སེམས་ཁོང་དུ་འཚེར་དགོས
མུན་པ་ཡོད་ཚད་སྣང་བར་བརྗེ་དགོས
སྣང་བ་ཡོད་ཚད་ཕྱི་གསལ་ནང་གསལ་དུ་བཀྲུ་དགོས
རང་ཉིད་ཀྱང་སྙན་ངག་པ་ཞིག་ལྟར་ཕྱི་གསལ་ནང་གསལ་དུ་འཚོ་དགོས
མི་ཚེ་གཅིག་ལ་རྫོགས་མཐའ་མེད་པའི་འཆར་གཞི་དག་སྙན་ངག་གིས་བྲི་དགོས
སྙན་ངག་ཀྱང་སྙན་ངག་གིས་བྲི་དགོས
སྙན་ངག་མ་ཡིན་པ་ཡང་སྙན་ངག་གིས་བྲི་དགོས
དེ་ནས་ཆང་དཀར་དུ་འོ་མ་ལྟེམས་དགོས
མིག་ཆུ་འཁྱག་པ་དག་ཟུངས་ཁྲག་ཁོལ་མར་བྱོ་དགོས
ཟུངས་ཁྲག་ཁོལ་མ་དག་མེ་ལྕེ་དམར་པོར་སྒྲོན་དགོས
དེ་དག་གིས་མི་ཞིག་གསོན་ཡོད་པ་བདེན་དཔང་བྱེད་དགོས
[ཕྲན་དཔྱད།/ཀླུ་འབུམ་རྒྱལ། (མཚོ་ནུབ
)] ཉེ་ལམ། ཕ་སྐད་སྙན་ངག་བཀླག་པའི་གོ་སྐབས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་མཆིས། དུས་སྐབས་འདི་ནི་བོད་པའི་ཕ་སྐད་སྙན་ངག་ལ་གསོན་ཤུགས་རྒྱས་ཀྱིན་པའི་དུས་སྐབས་ཤིག་ལ་ངོས་འཛིན་གྱིན་ཡོད། རྒྱུ་མཚན་ནི། འཕྲིན་ཕྲན་དུས་རབས་ཀྱི་ཡོ་ལང་རྣམ་པར་འཁྲུག་ཅིང་འཕྱུར་བར་བརྟེན། ཀུན་གྱི་ལྟ་ཀློག་གོམས་གཤིས་ལ་འགྱུར་བ་ཐེབས་ཀྱིན་ཡོད་ལ། ཕྱོགས་གཅིག་ནས་ཕ་སྐད་རྩོམ་རིག་དང་། སྒོས་སུ་ཕ་སྐད་སྙན་ངག་ལ་འཁོར་རྒྱུག་གི་གནམ་ས་ཞིག་ཕྱེས་ཡོད་པ་ནི་དགའ་བའི་གནས་ཤིག་ཡིན་མོད་ཀྱང་། ཞིབ་ཏུ་བརྟགས་པའི་ཚེ་ན། ཚིག་དོན་གཉིས་ཆར་མཛེས་ཉམས་མངོན་པར་ཤར་ཡོད་པའི་སྙན་ངག་ནི་ཤིན་ཏུ་ཉུང་། ལ་ལ་ཞིག་མགོ་བོ་ལེགས་ཀྱང་རྐང་བ་སྐྱོན་དུ་སོང་ཡོད། ཡང་ལ་ལ་ཞིག་རྐང་བ་ལེགས་ཀྱང་མགོ་བོ་སྐྱོན་དུ་སོང་ཡོད་། ལ་ལ་ཞིག་མགོ་བོ་དང་རྐང་བ་ལེགས་ཀྱང་སྐེད་པ་སྐྱོན་དུ་སོང་ཡོད། ཡང་ལ་ལ་ཞིག་སྐེད་པ་ལེགས་ཀྱང་མགོ་བོ་དང་རྐང་བ་སྐྱོན་དུ་སོང་ཡོད་པས། མགོ་རྐང་སྐེད་གསུམ་ཚང་ཞིང་སྙོམ་ལ། ཤུགས་ཀྱིས་བརྟས་ཤིང་འཁྲིལ་བག་དང་ལྡན་པའི་སྙན་ངག་གི་ལུས་རྟེན་ཞིག་རྙེད་པར་བྱ་བ་ནི་དཀའ་ཚོད་དུ་གདའ།
ཁ་སྔོན་འབྲོང་ཕྲུག་གིས་བྲིས་པའི《ད་ནས་བཟུང》ཞེས་པའི་སྙན་ངག་ཅིག་བཀླགས་པ་ཡིན། སྐབས་དེར་ཚོར་བ་ཡག་པོ་ཞིག་བྱིན་མྱོང་། དེ་རིང་བསྐྱར་དུ་བཀླགས་པ་ན། ཚིག་ཕྲེང་ཁ་ཤས་བརྗོད་འདོད་སྐྱེས། སྤྱིར་སྙན་ངག་འདི་དང་འདི་ལྟ་བུ་ལ་གོ་བ་ལེན་རྒྱུ་ནི་དཀའ་ལས་ཁག་པོ་ཞིག་མ་ཡིན། རྒྱུ་མཚན་ནི། སྙན་ངག་འདི་ལ་ལྐོག་བརྡ་དང་བསྡུས་བརྗོད། ཟུར་མིག (ས་པཎ་མཁས་འཇུག་ནང་གི་ཚིག)གི་སྤྲོས་པ་རིང་དུ་དོར་འདུག་ཅིང་། འདྲིས་སླ་བའི་ཡིད་བརྙན་གྱི་ཕྲེང་བ་ལ་བརྟེན་ནས་བསྙད་འདོད་པ་དག་མངོན་སུམ་དང་ཁ་གསལ། དྲང་པོའི་ལམ་ནས་བརྗོད་ཡོད་པས་སོ།། སྙན་ངག་གི་ནང་སྙིང་སྔོག་སྟེ་བལྟས་ན། ཁྲ་ཁྲ་རིག་རིག་དང་སླ་ཆོས་རྩིས་ཆོས་ཀྱིས་མངའ་དབང་བསྒྱུར་བ་དང་བསླུ་བྲིད་གཏོང་བཞིན་པའི་དུས་སྐབས་འདིར། སྙན་ངག་འདི་ནི་མོས་པ་རྩོམ་ལ་བཅོལ་ཞིང་གདུང་བ་ཚིག་ལ་གཏོད་པའི་སྙན་ངག་པ་ཞིག་གི་འཚོ་བའི་འཆར་གཞི་དང་དམ་བཅའ་ཡིན་ལ། སྨོན་འདུན་ཡང་ཡིན། དཔེར་ན། འབྲི་ཤོག་ནག་པོ་དང་། སྒོ་དང་སྒེའུ་ཁུང་ཚང་བའི་ཁང་ཁྱིམ་དཀར་པོ། དབུས་ལམ་གྱི་ཉི་མ། ཕ་ཡུལ་གྱི་ཟླ་བ། མགོ་ཐོག་གི་སྐར་ཚོགས། མུན་པ། སྣང་བ། སྙན་ངག ཆང་དཀར། མིག་ཆུ་འཁྱག་པ། ཟུངས་ཁྲག་ཁོལ་མ་ཞེས་པའི་ཡིད་བརྙན་འདི་དག་གིས་སྙན་ངག་གི་ཁམས་འདི་ཡང་དག་པར་བསྐྲུན་ཡོད་པ་དང་། མི་ཞིག་སྟེ། སྙན་ངག་པ་འདི་འཇིག་རྟེན་དུ་གསོན་ཆོག་པའི་དན་རྟགས་སུ་གོང་གསལ་ཡིད་བརྙན་དེ་དག་གིས་བདེན་དཔང་ཡང་བྱས་ཡོད་དོ།།
ཚིག་གི་ལམ་ནི་དུ་མ་ཡོད (སྙན་ངག་མེ་ལོང་མའི་ནང་གི་ཚིག)། ཅེས་པ་བཞིན་སྙན་ངག་འདིའི་ཚིག་གི་སྒྱུ་རྩལ་ལ་ཁྱད་ཆོས་དམིགས་བསལ་བ་འདི་འདྲ་ཡོད་དེ། སྙན་ངག་གི་ཡིད་བརྙན་ལ་ལ་ཞིག་རྟེན་དང་བརྟེན་པའི་རྣམ་པ་ཅན་ཡིན་པ་ནི། འབྲི་ཤོག་ནག་པོ་འདིའི་སྟེང་དུ་ཁང་ཁྱིམ་དཀར་པོ་བཞེངས་དགོས། ཞེས་པ་དང་། ལ་ལ་ཞིག་ཡན་ལག་དང་ཡན་ལག་ཅན་གྱི་རྣམ་པ་ཅན་ཏེ། ཁང་ཁྱིམ་དཀར་པོ་འདིར་སྒོ་དང་སྒེའུ་ཁུང་འབྱེད་དགོས། ཞེས་པ་དང་། ལ་ལ་ཞིག་རྟེན་ཅིང་འབྲེལ་བའི་རྣམ་པ་ཅན་ཏེ། དབུས་ལམ་གྱི་ཉི་མ་དང་དབུས་ལམ། ཕ་ཡུལ་གྱི་ཟླ་བ་དང་ཕ་ཡུལ། མགོ་ཐོག་གི་སྐར་ཚོགས་དང་སེམས་ཁོང་། ཞེས་པ་དང་། ལྡོག་པའི་ཆོས་གཉིས་ཀྱི་རྒྱུ་དེ་ཉིད་འབྲས་བུའི་རྣམ་པ་ཅན་དུ་བསྒྱུར་བ་སྟེ། མུན་པ་ཡོད་ཚད་སྣང་བར་བརྗེ་དགོས། ཞེས་དང་། མིག་ཆུ་འཁྱག་པ་དག་ཟུངས་ཁྲག་ཁོལ་མར་བྱོ་དགོས། ཟུངས་ཁྲག་ཁོལ་མ་དག་མེ་ལྕེ་དམར་པོར་སྒྲོན་དགོས། ཞེས་པ་སོགས་ལས་སྙན་ངག་པ་འདིའི་འཆར་གཞི་དང་དམ་བཅའ། སྨོན་འདུན་དག་གསལ་ལྷང་ལྷང་གིས་གོ་རུ་བཅུག་ཡོད་པ་ནི། ད་དུང་ཚིག་ཕྲེང་རེ་རེའི་རྗེས་ཀྱི་ཡིག་འབྲུ་ཐ་མ་སྟེ།"དགོས"ཞེས་པའི་བྱ་ཚིག་བཅུ་དྲུག་གིས་བསྐྱེད་པའི་ཕན་འབྲས་ཀྱང་ཡིན་ནོ།།
རྩོམ་སྟངས་ཀྱི་ཆའམ་ལྷུག་བརྗོད་ཀྱི་ཆ་ནས་དཔྱད་ཚེ། དུངས་བརྗོད་ཤས་ཆེ་བའི་སྙན་ངག་འདི་རྒྱའི་ན་གཞོན་སྙན་ངག་པ་ཧེ་ཙི (海子 )ཡིས་བརྩམས་པའི
《རྒྱ་མཚོར་ཁ་གཏད། དཔྱིད་དྲོ་མེ་ཏོག་བཞད》(རྩོམ་བྱང་འདི་གེ་སར་གྱིས་བསྒྱུར་བ་ལྟར་དྲངས། རྒྱ་ཡིག་གི་ཁ་བྱང་ནི།《面朝སྡ海,རྩུ暖花开》)ཅེས་པ་དང་འདྲ་བའི་ཆ་ཡོད་དེ། ཧེ་ཙིའི་སྙན་ངག་འདིས་ཀྱང་འཚོ་བའི་འཆར་གཞི་དང་དམ་བཅའ། སྨོན་འདུན་སོགས་དཀྱུས་གཅིག་ཏུ་བསྲེས་ཏེ་རང་གི་དྲི་མ་མེད་པའི་ནང་སེམས་ཀྱི་དགའ་ཁ་དང་ཞེན་ཕྱོགས་དེ་མངོན་པར་མཚོན་ཡོད་པ་ལ་རྒྱའི་མཁས་པ་མའོ་ལོ (摩罗 )ཡིས་ཀྱང་། ངའི་ཡིད་སེམས་སྒུལ་བྱེད་ནི་དྲག་ཏུ་འཁོལ་བའི་སྤྲོ་སེམས་དེ་མིན་ལ། སྤྱིར་བཏང་གི་ནང་དོན་སྟེང་གི་མཛེས་ཆོས་དག་ཀྱང་མ་ཡིན་པར། ང་རང་ཡིད་འགུལ་ཐེབས་བྱེད་ནི་སྙན་ངག་འདིའི་རང་སྟེང་གི་ཞི་འཇགས་དང་བབ་ཆགས་ཀྱི་ཆ་དེ་དང་། ཞི་འཇགས་དང་བབ་ཆགས་རྗེས་ཀྱི་ནམ་མཁའ་དང་མཚུངས་པའི་རྒྱ་ཆེ་ཞིང་མཐའ་མེད་པའི་བརྩེ་བ་དང་བདེ་སྐྱིད་དེ་ཡིན་ནོ།། (མའོ་ལོའི་ཚིག་འདི་གེ་སར་གྱིས་བསྒྱུར་བ་ལྟར་དྲངས)ཞེས་གདེང་འཇོག་གནང་བ་བཞིན། འབྲོང་ཕྲུག་གི་སྙན་ངག་འདིའང་ཞི་འཇགས་དང་བབ་ཆགས་རྗེས་ཀྱི་ནམ་མཁའ་དང་མཚུངས་པར་ཤོག ། བོད་པའི་ཕ་སྐད་སྙན་ངག་གི་རྒྱ་ཆེ་ཞིང་མཐའ་མེད་པའི་བརྩེ་བ་དང་བདེ་སྐྱིད་དུ་འགྱུར་བར་ཤོག །