ངག་མ་འཁྲོལ་བའི་མི་གཉིས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


 ངག་མ་འཁྲོལ་བའི་མི་གཉིས།

               སྤྲིན་དཀར་གྱི་ལུག་ཁྱུ་རི་རྐེད་དུ་ཞོ་བཞིན་ཆགས་སོང

               རི་རྐེད་ཀྱི་ལྷོད་འཇགས་ཁོ་ནས

               འཇིག་རྟེན་འདིའི་གསང་བའི་རྒྱུན་བསྐྱངས་སོང

               གསང་བའི་ཁྲོད་ཀྱི་བུ་མོ་ཁྱོད་ཀྱང་ཁ་ཁུ་སིམ་མེར

               བདག་ལ་སྙིང་ཉེ་བའི་སྐད་ཆ་ཅི་ཡང་བཤད་མ་སོང

 

               བསིལ་རླུང་གིས་ཁུར་ཡོང་བའི་ཐག་རིང་གི་སྤྲིན་དཀར

               སྤྲིན་དཀར་གྱི་ལུག་ཁྱུའི་མཐའ་ན

               རྫི་མོ་ཆུང་ཆུང་ཁྱོད་ཀྱི་དུས་གསུམ་གྱི་རྨི་ལམ་ལུས་ཡོད

               རྨི་ལམ་ནང་གི་གླིང་བུ་འབུད་མཁན་གྱི་སྟག་ཤར་གཞོན་ནུ་དེ

               ངས་རང་ཉིད་ལ་འཁྲུལ་ནས་ངག་མ་འཁྲོལ

 

[ཕྲན་དཔྱད།/གུ་རུ་དོན་གྲུབ། (རྨ་ལྷོ)] སྙན་ངག་པ་འབྲོང་ཕྲུག་ལགས་ཀྱི་སྙན་ངག་ཕལ་ཆེ་བ་དུངས་བརྗོད་སྙན་ངག་གི་རིགས་སུ་གཏོགས།  ཁོའི་དུངས་བརྗོད་སྙན་ངག་གི་དམིགས་བསལ་གྱི་འབྲི་སྟངས་རེ་རེས་ཀློག་པ་པོར་བརྩེ་བ་དང་ཚོར་བ་ཇི་བཞིན་དུ་བྲིམ་ངེས་ཤིང་།  བབ་ཆགས་པའི་ཚིག་སྦྱོར་དང་རྗེན་ནེ་བའི་ཚོར་བ།  ཁྱད་མཚར་བའི་བློས་བསླངས་སོགས་ཀྱིས་ཐད་ཀར་ཀློག་པ་པོར་བག་ཆགས་གཏིང་ཟབ་མོ་གཞག་ནུས་པ་ཡིན། 

    དུངས་བརྗོད་སྙན་ངག་ནི་སྙན་ངག་པའི་ནང་སེམས་ཀྱི་ཚོར་བ་དང་བརྩེ་བ་རྗེན་ནེ་བ་དེ་ཇི་བཞིན་དུ་མཚོན་པར་བྱེད་པ་ཞིག་གམ།  ཡང་ན་སླད་མ་འདྲེས་པའི་ཚོར་བ་དངོས་དེ་བརྒྱུད་ནས་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པ་ཞིག་ཡིན། ཆེས་ལེགས་པའི་དུངས་བརྗོད་སྙན་ངག་ཅིག་ཡིན་ཚེ་སྤྱི་ཚོགས་འཚོ་བ་མཚོན་པ་རྐྱང་པ་ཙམ་མ་ཡིན་པར་ནང་སེམས་ཀྱི་གཉུག་གཤིས་ལ་སྙེག་ཅི་ཐུབ་ཀྱིས་དུས་རབས་ཀྱི་རྒྱུད་སྐུད་ཀྱང་དཀྲོལ་བར་བྱེད་པ་ཞིག་ཡིན།  དེའི་མཚོན་སྟངས་ལ་བརྩེ་བ་ཡུལ་ལ་སིམ་པ་དང་།  ཡུལ་གྱིས་བརྩེ་བ་སློང་བ།  ཁམས་ལ་བརྩེ་བ་སྦྲུམ་པ་བཅས་རིགས་གསུམ་ཡོད།

     སྙན་ངག་པ་འབྲོང་ཕྲུག་ལགས་ཀྱི་སྙན་ངགངག་མ་འཁྲོལ་བའི་མི་གཉིསལ་མཚོན་ན་ལྟོས་བཅོས་ཀྱིས་ཁམས་ལ་བརྩེ་བ་སྦྲུམ་པའི་རིགས་སུ་གཏོགས་པར་བཤད་ཆོག  དེ་ནི་ཡིད་བརྙན་གྱི་ཚོགས་པ་ལ་བརྟེན་ནས་སྙན་ངག་གི་ཁམས་གྲུབ་པར་བྱས་ཤིང་།  ཁམས་སུ་སྦྲུམ་པའི་བརྩེ་བ་དེ་སྐབས་རེར་ཁམས་དེའི་དབྱིངས་སུ་གསལ་ལེར་མངོན་ཞིང་ཡང་སྐབས་རེར་ཁམས་དེ་དང་ངོ་བོ་དབྱེར་མེད་དུ་འདྲེས་ནས་ཡོད་པ་ཞིག་ཡིན་པས།  རིགས་འདི་ནི་དུངས་བརྗོད་སྙན་ངག་གི་རིགས་གཞན་ལས་ཅུང་བྲི་དཀའ་ཞིང་ལེགས་འགྲུབ་བྱུང་ཚེ་སྒྱུ་རྩལ་གྱི་རིན་ཐང་ཆེས་ཆེར་བདོག་པ་ཞིག་ཡིན། 

    སྙན་ངག་འདིར་མིག་བཤེར་བྱས་པ་ཙམ་གྱིས་འབྲི་སྟངས་ཆེས་སྟབས་བདེ་ཞིང་གོ་བ་ལེན་ཤིན་ཏུ་སླ་བ་ཞིག་ཏུ་བསམ་ངེས་མོད།  རིག་པ་ཕྲ་མོས་ཞིབ་ཏུ་དཔྱད་ཚེ་རིམ་གྱིས་སླ་བ་ནས་དཀའ་བར་འགྱུར་ཞིང་དེ་དང་མཉམ་དུ་དོགས་པ་དང་ཐེ་ཚོམ་གྱི་དྲི་བའང་མི་འདྲ་བ་མང་དུ་འབྱུང་སྲིད།  སྙན་ངག་འདིའི་ཁྱད་ཆོས་གཙོ་བོ་དེ་སྙན་ངག་གི་ཕྱི་ངོས་ན་མེད་པར་ནང་རིམ་ན་བག་ཉལ་གྱི་ཚུལ་དུ་ཡོད།  སྒེར་བའི་ངོས་ནས་བཤད་ན་སྙན་ངག་འདིར་གོ་བ་ལེན་དུས།  ཆོས་ཉིད་སྙན་ངག་ལྟར་གོ་བ་བླང་ཆོག་ལ་དུངས་བརྗོད་སྙན་ངག་ལྟར་གོ་བ་བླང་ཡང་ཆོག་པར་སེམས། 

    ཆོས་ཉིད་སྙན་ངག་ལྟར་གོ་བ་བླངས་ན།  སྙན་ངག་ཐུང་ངུ་འདིའི་ནང་དུ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་གནས་པའི"ལུག་ཁྱུ"དང"རི་རྐེད་ཀྱི་ལྷོད་འཇགས""གསང་བའི་རྒྱུན""སྤྲིན་དཀར""རྨི་ལམ""གླིང་བུ་འབུད་མཁན"སོགས་ཡིད་བརྙན་བྱེ་བྲག་པ་དུ་མས་སྙན་ངག་ཧྲིལ་པོར་ལྷིང་འཇགས་ཀྱི་ཁམས་ཡངས་པོ་ཞིག་བསྐྲུན་ཡོད་དེ།  སྤྲིན་དཀར་གྱི་ལུག་ཁྱུ་རི་རྐེད་དུ་ལྷིང་འཇགས་སུ་གནས་པ་དང་ལུག་ཁྱུ་དགྲམ་སའི་རི་རྐེད་ཀྱང་ལྷིང་འཇགས་སུ་གནས་པ།  སུས་ཀྱང་གསེད་བཀྲོལ་བྱ་མི་བཏུབ་པའི་འཇིག་རྟེན་འདིའི་གསང་བ་མཐའ་དག་ཀྱང་གབ་སྦེད་ཀྱི་ཚུལ་དུ་ཁོར་ཡུག་དེར་ཡོངས་སུ་འཐིམ་ཞིང་ལྷིང་འཇགས་སེར་གནས་

པ་དང་།  གསང་བ་དང་ལྷིང་འཇགས་དེའི་ཁྲོད་ཐིམ་པའི་བུ་མོ་དེའང་ལྷིང་འཇགས་ཀྱི་ཁོར་ཡུག་དེའི་ཆ་ཤས་གཙོ་བོ་རུ་གྱུར་པ་དེས"ཁ་ཁུ་སིམ་མེར"ཞེས་པའི་བརྡ་ཆད་དེ་ཆོས་ཉིད་ཅན་དུ་བཏང་འདུག་ལ།  ལྷིང་འཇགས་དེ་དག་གི་ཀློང་དུ་སླར་ཡང་ལྷིང་འཇགས་མ་ཡིན་པའི་ངོས་ཤིག (རྨི་ལམ)ཀྱང་རབ་རིབ་ནས་རིམ་གྱིས་ཇེ་གསལ་ནས་ཇེ་གསལ་དུ་གྱུར་ཞིང་།  དེ་ནས་སླར་ཡང་རབ་རིབ་མག་མོག་ཏུ་གྱུར་ནས་ལྷིང་འཇགས་དེའི་ཀློང་ལ་ཡོངས་སུ་འཐིམ་པ་དང་།  ཁོ་མོའི་རྨི་ལམ་ལ་གསོན་ཤུགས་སྦྱིན་མཁན(གླིང་བུ་འབུད་མཁན)གྱི་སྟག་ཤར་གཞོན་ནུ་གང་དེའང་ལྷིང་འཇགས་དེའི་ཁྲོད་ནས་སྟོབས་ཤུགས་ཀྱིས་མངོན་རྗེས་སླར་ཡང་ལྷིང་འཇགས་ཀྱི་ཀློང་ལ་ཡོངས་སུ་ཐིམ་སྲིད་པར་བསྟན་པ་དེས།  སྙན་ངག་གི་ཁམས་ལ་གཤོག་པ་བཙུགས་ཤིང་རྟོག་པའི་རྡང་ལ་དར་ལྕེ་བཏགས་ཡོད། སྙན་ངག་འདིའི་ལྷིང་འཇགས་དང་ཁུ་སིམ་གྱི་ཀློང་དུ་མིའི་ཁྱད་གཤིས་དྲི་མ་མེད་པ་ཞིག་ཡོངས་སུ་འབྱམས་པར་བྱས་ཡོད་པ་མ་ཟད།  ཕྱིའི་འཇིག་རྟེན་དང་ནང་སེམས་ཀྱི་འགྱུར་བ་སྐྱ་འཐབ་པར་བྱས་པ་དེས་སྙན་ངག་ཧྲིལ་པོ་ཆོས་ཉིད་ཅན་དུ་བཏང་ཡོད་པ་རེད།  

    སྙན་ངག་འདི་ལས་འཇིག་རྟེན་ན་རྟག་བརྟན་གྱི་ལྷིང་འཇགས་ཤིག་ཡོད་མི་སྲིད་ཀྱང་།  འདུ་ཤེས་ཀྱིས་ཁྲུན་འབྱེད་བྱས་པའི་ལྷིང་འཇགས་དང་ཁེར་རྐྱང་གི་ཁྲོད་ནས་ད་གཟོད་རང་ཉིད་དངོས་སུ་མཐོང་ཡོང་བ་དང་།  འདོད་པའི་དབང་གིས་རང་ཉིད་ཕངས་མེད་དམ་ཤེས་མེད་ཚོར་མེད་དུ་མེ་རུ་འབར་སྟངས་དེས་འགྲོ་བ་མིའི་རིགས་ཀྱི་གཉུག་གཤིས་ཀྱང་ཇི་བཞིན་དུ་མཚོན་པར་བྱས་ཡོད། 

དུངས་བརྗོད་སྙན་ངག་ལྟར་གོ་བ་བླངས་ན་ཤིན་ཏུ་སླ་སྟེ།  འབྲོག་ཐང་གི་བུ་མོ་ཞིག་གི་འཚོ་སྡོད་བྱ་སའི་ཁོར་ཡུག་དང་དེས་བསྐྱེད་པའི་ཁོ་མོའི་སེམས་ཁམས་དང་གཤིས་ཀ་གཙང་མ་ཇི་བཞིན་དུ་མཚོན་པར་བྱས་ཏེ།  ངང་སྒུག་གི་གོ་རིམ་རིང་མོ་ཞིག་གི་མནར་གཅོད་ཀྱི་ཆའང་ཟུར་ནས་ལྷན་ཐབས་ཀྱི་རྣམ་པས་མངོན་དུ་བཅུག་ཡོད་པ་དང་།  སྐབས་དེའི་བུ་མོ་དེའི་སེམས་ཀྱི་ཚོར་བ་དངོས་དང་ཉམ་ཆུང་གི་རང་གཤིས་མཐོང་མ་ཐག་པའི་ཁོའི་སེམས་ཀྱི་འགྱུར་བ་དང་བརྩེ་བ་ཤུགས་དྲག་གིས་འཕྱུར་བ་བརྗོད་ཡོད་ལ།"ཁ་ཁུ་སིམ་མེར"དང"ངག་མ་འཁྲོལ"ཞེས་པའི་ཚིག་དེ་གཉིས་ཀྱིས་སྐབས་དེའི་ཕན་ཚུན་ལ་འཁྲེང་བའི་བརྩེ་བ་དེ་ནི་ཟོལ་དང་ལྷད་ཀྱིས་མ་གོས་པ།  གཙང་མ་གཙང་རྐྱང་ཞིག་ཡིན་པ་བརྗོད་དེ།  སླད་མེད་པའི་བརྩེ་དུངས་ཀྱི་རླབས་ཆེ་བའི་ཆ་དེ་བྲིས་ཡོད། 

    ཆོས་ཉིད་སྙན་ངག་ལྟར་གོ་བ་བླངས་ན་སྙན་ངག་ཁྲོད་ཀྱི"བདག་ལ་སྙིང་ཉེ་བའི་སྐད་ཆ་ཅི་ཡང་བཤད་མ་སོང"དང"ངས་རང་ཉིད་ལ་འཁྲུལ་ནས་ངག་མ་འཁྲོལ"གཉིས་ཀྱིས་སྙན་ངག་གི་བར་སྟོང་ལ་རང་གི་ཚོར་བས་ལྷན་པ་བརྒྱབ་སྟེ་ཆོས་ཉིད་སྙན་ངག་གི་སྒྲིག་གཞི་གཏོར་བར་བྱས་ཡོད་པས་སྙན་ངག་གི་རིན་ཐང་ཆེས་ཆེར་བཅགས་འདུག་བསམས་ལ།  དུངས་བརྗོད་སྙན་ངག་ལྟར་གོ་བ་བླངས་ན་ཚིག་རྐང་དེ་གཉིས་ཀྱིས་རང་དང་ཆེས་ཉེ་བ་ལྟ་བུའི་ཚོར་བ་དངོས་དང་དུངས་པ་རྣམ་དག་ཅིག་སྟོན་པས་སྙན་ངག་ལ་ཕྲ་བཏབ་པ་ལྟ་བུའི་མཛེས་ཉམས་ཀྱིས་ཕྱུག་པར་བྱས་པས་སྙན་ངག་གི་རིན་ཐང་མཐོ་རུ་བཏེགས་འདུག་བསམས།

 


རྩོམ་ཡིག་སྔོན་མ།
༄༅།། འཇའ་ཚོན།
རྩོམ་ཡིག་རྗེས་མ།
གནང་ཞུ་ཡི་གེ

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1