རྩྭ་ཐང་གི་ལྷག་བསམ་པ།
གཅོད་པ་འཚོ། (ལན་གྲུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
རྩྭ་ཐང་གི་ལྷག་བསམ་པ།
གཅོད་པ་འཚོ། (ལན་གྲུ)
ཁྱེད་ནི། བདག་གི་ནམ་མཁར་འཚེར་བའི་སྐར་མ་འོད་ཆེན་ཞིག
ཁྱེད་ནི། བདག་གི་ས་གཞིར་འགྲེང་བའི་རི་རྒྱལ་ལྷུན་པོ་ཞིག
ཁྱེད་ཀྱིས་མི་ཚེའི་འགྲུལ་བཞུད་དང་ཚེ་སྲོག་གི་རྡོག་སྒྲ་ཡོད་ཚད་ས་冬ག་ལ་བསྟིམས་ཤིང་། ལང་ཚོའི་གཟི་དཔལ་མཐའ་དག་རྩྭ་ཐང་ལ་ཕུལ་ཡོད། ནམ་རྒྱུན་ས་སྲོད་བསླེབས་ཐེངས་རེ་རེར། ངས་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ནས་ཁྱེད་ཀྱི་མཛད་འཕྲིན་ཡིད་ལ་འཁོར་བཞིན། བསུབ་མེད་ཀྱི་ཞབས་རྗེས་རེ་རེར་དད་འདུན་གྱི་སེམས་རིས་མང་པོ་ཕབ་མྱོང་། ངས་ཞོགས་པའི་ཉི་ཟེར་འཛུམ་གྱིས་གྲོལ་བའི་ཀློང་ནས། ཁྱེད་ཀྱི་གསུང་དབྱངས་ཀྱི་བདུད་རྩིར་སེམས་ཀྱིས་རོལ་བཞིན། འཛད་མཐའ་མེད་པའི་འཕྲིན་ལས་ལ་ཁ་གཡང་དང་རེ་སྨོན་བཏེགས་མྱོང་།
ཁྱེད་ཡོད་པས་གངས་དང་ཁ་བའི་ཀློང་ལ་སྙིང་སྟོབས་ཀྱི་མེ་ཏོག་བཞད་ཅིང་། མཐོ་སྒང་གི་དབྱངས་གསལ་ལ་འོད་ཀྱི་གཤོག་པ་སྐྱེས། དེ་བས་ཀྱང་ཧ་ཅང་ཐག་རིང་ཐག་རིང་དུ་ཕྱིན་འདྲའི་བདག་གི་མི་ཚེ་ལ་སྔར་མེད་ཀྱི་ཕུགས་འདུན་བསྩལ་སོང་། ཁྱེད་ཀྱི་ཡ་ཆུང་སེམས་ནས་ཡལ་མ་མྱོང་བའི་ལྷག་བསམ་གྱི་རང་མདངས། ཁྱེད་ཀྱི་ཁྲ་ཆུང་མིག་གིས་བོར་མ་མྱོང་བའི་ཀ་མད་ཀྱི་འགུལ་རིས། ཡོད་ཚད་ཀྱི་ཡོད་ཚད་མཐོ་སྒང་འདིའི་དགོང་ཁའི་མཚམས་སྤྲིན་གྱི་འགྱུར་བག་ཁྲོད་ན་ལྷག་ཏུ་གསལ།
ཟླ་འོད་བསིལ་བསིལ་ཁྲོད་ཀྱི་མཚན་ངོགས་དེ་ནས། ཉི་འོད་ལམ་ལམ་ཁྲོད་ཀྱི་ལམ་ཕྲན་དེ་ནས། ད་དུང་ནར་མ་སོན་པར་ཁྱེད་ཀྱི་ཞབས་རྗེས་ཁོ་ན་སྙེག་པའི་ཚེ་སྲོག་ཆུང་ཆུང་ང་། ནམ་ཞིག་བཤེས་གཉེན་ཁྱེད་ཀྱི་ཆེས་མཇུག་མཐའི་རེ་སྒུག་གི་རྟེན་གཞིར་འགྱུར་ངེས་ལ། རྫ་རིའི་མགུལ་ལ་འཁྲེང་བའི་སྤྲིན་དཀར་གྱི་རྣམ་ཤེས་བཞིན། ལྗང་མདོག་གི་མཐོ་སྒང་འདི་རུ་ལྷོད་ཀྱིས་རྒྱུ་ཡོང་། དུས་དེ་ནས་བཟུང་སྟེ། ངས་ཀྱང་ཕ་ཡུལ་གྱི་ནམ་མཁའ་དང་། ཕ་ཡུལ་གྱི་སྤང་ཐང་། ཕ་ཡུལ་གྱི་མིང་སྲིང་སྟེ་ཡོད་ཚད་ཀྱི་ཡོད་ཚད་རང་སེམས་ཀྱི་ཆེས་ཟབ་སར་སྦ་སྲིད།
དཔྱིད་ཀྱི་མགོ་མ་འདིར། ཆུ་ཕྲན་སྔོན་མོའི་ལྷུང་ལྷུང་གི་གླུ་དབྱངས་དེ་ཐོས་པས། ངས་ཕ་ཡུལ་གྱི་རྩྭ་ཐང་དྲན་བྱུང་། ད་དུང་ཕ་ཡུལ་གྱི་མིང་སྲིང་ཚོའི་དོན་དུ་འཚོ་བའི་ཁྱེད་རང་དྲན་བྱུང་། ཉི་ནུབ་དང་སྐྱ་རེངས་ཀྱི་བར་གླགས་ནས། ངས་ཚེ་སྲོག་གི་དུས་ཚིགས་འདིའི་གཏིང་རིམ་དུ། ཁྱེད་ཀྱི་དཔྲལ་གཞུང་ལས་ཟགས་པའི་རྔུལ་ཆུའི་གཏམ་རྒྱུད་རེ་རེ་ས་བོན་བཞིན་གདབ་ངེས།
དོ་ནུབ། ཕྱིར་དྲན་དང་རེ་སྒུག་ཁྲོད་ཀྱི་མེ་ཏོག་ཅིག བདག་གི་ལྷད་མེད་པའི་སེམས་ཁོང་དུ་བཞད་ཡོད། དོ་ནུབ། ལུག་ཁྱུ་དང་སྤང་ཐང་སྲུང་བའི་མེ་ཏོག་ཅིག བདག་གི་སྙིང་ཉེ་བའི་མིག་ལམ་དུ་འབུས་ཡོད། ངས་མེ་ཏོག་དེའི་མིང་ལ"གངས་རྒྱན་མེ་ཏོག"ཅེས་བཏགས། མེ་ཏོག་དེས་ངའི་དགའ་བ་དང་སྤྲོ་བ། སྐྱོ་བ་དང་གདུང་བ་སོགས་གཞི་གཅིག་ཏུ་བསྡུས་ནས་མཐོ་སྒང་འདིའི་སློབ་གསོ་ཡི་མཆོད་བསྟོད་དུ་བསྒྲེངས།
མེ་ཏོག་དེ་སྔར་བཞིན་བུ་ཡུག་གི་སོ་ཁར་འགྲེང་ཡོད། མེ་ཏོག་དེས་སྔར་བཞིན་སྦྲ་ནག་གི་སྐྱིད་སྡུག་སྲུང་ཡོད། མེ་ཏོག་དེས་སྔར་བཞིན་ཕ་ཡུལ་གྱི་ལུག་ཁྱུ་འཚོས་ཡོད། མེ་ཏོག་དེ་ནི་བདག་གི་བཤེས་གཉེན་ཡིན། མེ་ཏོག་དེ་ནི་མཐོ་སྒང་གི་རྣམ་ཤེས་འཁུར་བའི་རིག་པའི་དཔའ་བོ་དེ་ཡིན།
༢༠༡༦ལོའི་ཟླ༩བའི་ཚེས༡༠ཉིན་ལན་གྲུ་ནས་བྲིས།