ལམ་ཡིག (ཞར་བཀོད་གསུམ)
ཁུ་བྱུག་སྔོན་མོ།(རྨ་ལྷོ)
འཆི་བ་ནི་གསལ་བོར་བཤད་ན་རང་ཉིད་སྨིན་ཚུལ་ཞིག་རེད
ཁྱོད་རང་འགྱེལ་ནའང་ཁྱོད་ཀྱི་གྲིབ་མ་དག་འགྱེལ་མི་སྲིད
གྲིབ་མས་གྲིབ་མ་བསླངས་ཏེ
འཇིག་རྟེན་འདིར་འོད་སྣང་ཉུང་བ་བདེན་དཔང་བྱ་ངེས
མེ་ལྕེར་དུ་བ་མེད་པར་ངས་བློས་བསླང་བྱས་ཡོད
རྨི་ལམ་སྔོན་པོ་ཡིན་པར་ངས་ཁྲུན་ཐག་བཅད་ཡོད
སྐབས་འདིར ནམ་མཁའ་ལ་གསེར་ཡིག་འབྲི་མཁན་ནི
དུར་ཁྲོད་ནག་པོའི་ཀེང་རུས་དག་མིན་པར
སུས་ཀྱང་དབང་དུ་བསྡུ་མི་ཐུབ་པའི་རྣམ་ཤེས་ཁྲི་ཕྲག་གོ
རང་ཉིད་ནི་རང་ཉིད་ཀྱི་དཀོན་མཆོག་ཡིན
འཆིང་ཐག་དང་ལག་དམར་ཡང་ཡིན
མི་ཚེ་འདིར་ང་རང་ཐེངས་གཉིས་ལ་ཤི་ནས་ཕྱིར་སྐྱེས
ད་ནི་ང་རང་མི་གཉིས་ཡིན་ཏེ
གཅིག་ནི་གཙུག་ཏོར་ཅན་གྱི་ལྷ་དང
གཅིག་ནི་མཆེ་བ་དང་སྡེར་མོ་མེད་པའི་འདྲེ་ཞིག་ཡིན
ང་རང་ལམ་ལ་ཆས་ཁར
སེམས་ཁོང་ན་གཞོམ་གཞིག་བྲལ་བའི་ལམ་ཞིག་ཡོད
ལམ་ཡིག་ནི་འཛམ་གླིང་ས་ཁྲ་སྟེ
དེ་གྲུབ་བྱེད་ནི་རང་ཉིད་ཀྱི་སྙིང་ཁར་སྦྲེལ་བའི་ཁྲག་རྩ་རེ་རེ་ཡིན
ཡིན་ནའང ངས་འཇིག་རྟེན་འདིར་བཟོད་གསོལ་ཞུ་དགོས་ཏེ
ང་ནི་མགྲོན་པོ་ཆེས་རྗེས་མའི་གྲས་ཀྱི་ནུས་མེད་དེ་ཡིན
ཉིན་མོའི་རླུང་འཚུབ་ཀྱིས་ང་ལ་གཙང་ཕྱགས་བྱེད
མཚན་མོའི་མུན་ནག་གིས་ང་ཡི་མཐོང་རྒྱ་འབྱེད
ཉིན་མཚན་གྱི་གདགས་སྲིབ་ནས་ང་རང་མདུན་དུ་སྐྱོད
ཉིན་མཚན་གཉིས་ནི་མིག་དཀར་ནག་གཉིས་ཏེ
ངས་དེ་བཀོལ་ནས་འཇིག་རྟེན་འདི་གསལ་བོར་མཐོང་དགོས
དེ་ནི་རྣམ་ཤེས་ཁྲི་ཕྲག་གིས་ནམ་མཁའ་ལ་བྲིས་པའི་གསེར་ཡིག་རེད
དེ་ནི་ཁྲག་རྩའི་ལམ་ཡིག་གི་སྟེང་དུ་བརྒྱབ་པའི་ཐམ་ཀ་རེད
ད་ནས་བཟུང
རྨི་ལམ་དང་མངོན་སུམ་གྱི་བར་ཐག་བསྟུང་བར་བྱ
ཞེ་སྡང་གི་སེམས་བྱུང་དང་བཟོད་སྒོམ་གཅིག་ཏུ་བལྟ
ཚེ་སྲོག་དང་བདེན་པ་མཐའ་དག
ཕྱིར་རང་བྱུང་ཁམས་དང་དེའི་བླ་གནས་ལ་འབུལ
2014.8.10
[ཕྲན་དཔྱད།/གཅན་ཆེད་འབར།(མངའ་རིས)]འདི་ནི་སྔོན་གྱི་ལམ་ཡིག་དང་གནས་ཡིག་དག་དང་མི་འདྲ་བར་སྙན་ངག་གི་རྣམ་པར་ཁེན་ནས་བཟོ་སྐྲུན་བྱས་ཤིང་ཐོག་མཐའ་བར་གསུམ་དུ་ཚོར་བའི་རྦ་ཀློང་རབ་ཏུ་འཕྱུར་ཡོད་པ་དང་། ལྟ་ཀློག་གི་དུས་སུ་སྙན་ངག་འདིའི་ཤེད་རྩོལ་བླ་རུ་འཕགས་ཏེ་ཀློག་པ་པོའི་སེམས་ཁམས་ལ་ཚད་མེད་པའི་བརྡབ་གསིག་གམ་གྲག་འགུལ་སློང་བར་བྱེད་ཅིང་། བལྟས་མ་ཉིད་དུ་སྙན་ངག་འདི་ནི་ང་ཚོའི་ལམ་ཡིག་ཡིན་པ་ལྟར་སྣང་ནའང་དོན་དམ་དུ་སྙན་ངག་པ་ཁོ་རང་གི་ལམ་ཡིག་རེད་དེ། མདུན་གྱི་ཚན་པ་གསུམ་པོས་ང་ཚོར་མི་ཚེ་ལ་འཛིན་པའི་ལྟ་ཚུལ་ལམ་མི་ཚེའི་འདུ་ཤེས་འཛིན་སྟངས་ཤིག་བརྗོད་འདུག་སྟེ།"འཆི་བ་ནི་གསལ་བོར་བཤད་ན་རང་ཉིད་སྨིན་ཚུལ་ཞིག་རེད/ཁྱོད་རང་འགྱེལ་ནའང་ཁྱོད་ཀྱི་གྲིབ་མ་དག་འགྱེལ་མི་སྲིད"ཅེས་རང་གི་ངོས་འཛིན་ཞིག་གསལ་བོར་སྨྲས་འདུག་པ་མ་ཟད་ངོས་འཛིན་ཡང་དག་གི་གཏང་རག་ལ"གྲིབ་མས་གྲིབ་མ་བསླངས་ཏེ/འཇིག་རྟེན་འདིར་འོད་སྣང་ཉུང་བ་བདེན་དཔང་བྱ་ངེས"ཞེས་བརྗོད་དེ་རང་ཉིད་ཀྱི་ལྟ་ཚུལ་དེ་བཙུན་པར་བྱས་ཡོད། མེ་ལྕེར་དུ་བ་མེད་པ་དང་རྨི་ལམ་སྔོན་པོ་ཡིན་པ། ནམ་མཁའ་ལ་གསེར་ཡིག་འབྲི་མཁན་ནི་རྣམ་ཤེས་ཁྲི་ཕྲག་ཡིན་པར་བསྙད་པ་དང་། རང་ཉིད་ནི་རང་ཉིད་ཀྱི་དཀོན་མཆོག་དང་འཆིང་ཐག ལག་དམར་ཡིན་པར་བསྙད་པ་བཅས་ནི་གོང་དང་འདྲ་བར་རང་ཉིད་ཀྱི་ལྟ་ཚུལ་ལམ་ཐ་ཚིག་ཅིག་ང་ཚོ་ལ་བསྒྲགས་ཡོད་པ་ཡིན་ལ། ཡང་ན་འདི་ནི་སྙན་ངག་པའི་སྐབས་དེའི་ཚོར་བའམ་མི་ཚེའི་རིན་ཐང་གི་ལྟ་ཚུལ་ཞིག་རེད། འོན་ཀྱང་རྫོགས་ཚིག"གོ"ཡིས་སྙན་ངག་གི་དབྱངས་ཀྱི་འདེགས་འཇོག་དུམ་སེར་བཅད་ནས་དབྱངས་ཀྱི་རྒྱུན་མཐུད་ལ་བར་ཆད་བཟོས་ནའང་།"གོ"ཡིས་ཚན་པ་གསུམ་པ་ཅིག་ཅར་དུ་འདྲེན་པར་རྔོ་ཐོགས་ཡོད་དེ"གོ"མེད་ན་སྙན་ངག་གི་རིམ་པ་ཉམས་པའི་སྐྱོན་ནམ་སྒྲིག་གཞི་འཆོལ་བའི་སྟོ་ཡོད་དོ།།
ཚན་པ་གོང་མ་དེ་དག་གི་ལྟ་ཚུལ་ལམ་ངོས་འཛིན་གྱིས་རྨང་བཏིང་བའམ། མི་ཚེའི་སྤྱི་ལ་བཟུང་བའི་ལྟ་ཚུལ་རགས་པ་བརྗོད་པ་དང་སྦྲགས། བྱེ་བྲག་ཏུ་་་་་་
"ང"ཡི་སྟེང་ལ་བབས་ཤིང"བྱ་དངོས་གང་ཞིག་ཡིན་ཡང་ངོས་མི་འདྲ་བ་གཉིས་ཡོད"ཟེར་བ་ཇི་བཞིན་རང་ཉིད་ཀྱི་གཤིས་སུ་དབྱེར་མེད་དུ་བསྲེས་པའི་ཆོས་གཉིས་ཏེ་གཙུག་ཏོར་ཅན་གྱི"ལྷ"ཡི་གཤིས་ཀ་དང་མཆེ་བ་དང་སྡེར་མོ་མེད་པའི"འདྲེ"ཡི་གཤིས་ཀ་ལྡན་པའི་གནད་བརྗོད་ཡོད། དོན་དམ་པར་ཆོས་འདི་གཉི་ག་ཁས་འཆེས་པ་དང་ངོས་ཟིན་པ་སུ་ཞིག་ཡོད། འོན་ཀྱང་སྙན་ངག་པ་ཚོར་བ་རྣོ་བ་དང་སྨྲ་བསམ་སྒྲུབ་ཕོད་པའམ། རྒྱུ་འབྲས་བློ་མིག་གི་མེལ་ཚེ་དང་གཞུང་དྲང་གི་གཤིས་ཀའི་སོ་ལྟ་བ་ཡིན་པས་རང་ཉིད་ཀྱིས་ཐོག་མར་ཁས་འཆེས་པ་རེད། འདིའི་དབང་གིས་འཇིག་རྟེན་གྱི་མི་རྣམས་ལ་སྙན་ངག་དང་སྙན་ངག་པ་དགོས་ཤིང་ལྷག་པར་གཞུང་དྲང་གི"བྱིས་པ"ལྟ་བུའི་སྙན་ངག་པ་དགོས་ཏེ"དཀོན་མཆོག་ནི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་པ་དང་སྒྱུ་རྩལ་པ་ནི་སོ་སོར་གྱེས་པའི་དཀོན་མཆོག་ཡིན"ཞེས་གསུངས་ཡོད་ཅིང་། དེ་ལྟར་བརྗོད་པའི་འགག་རྩའམ་གནད་ཉིད་ནི་སྒྱུ་རྩལ་པ་དང་དེའི་བརྩམས་ཆོས་དག་ནི་ཟོལ་གྱིས་མ་བསྣོགས་ཤིང་བཅོས་ཀྱིས་མ་བསླད་པའི་དཀོན་མཆོག་ལྟ་བུ་ཡིན་པས་རེད། དེ་མིན། ཚན་པ་གསུམ་པའི་ཚིག་རྐང་ཕྱི་མ་བཞི་ནི་སྤྱི་ནས་བྱེ་བྲག་ལ་བབས་ཡོད་པ་མ་ཟད། ཚན་པ་གཞུག་མ་འདྲེན་པའི་ལྕགས་ཀྱུ་ལྟ་བུར་གྱུར་ཏེ་སྙན་ངག་འདིའི་སྒྲིག་གཞི་ལེགས་གྲུབ་ཀྱི་རྩ་བར་གྱུར་ཡོད་ལ། འདིའི་རྐྱེན་གྱིས་ཚན་པ་གཞུག་མ་ཐག་ཞོར་འབྲེང་འདྲུད་དུ་སླེབས་པ་རེད། གལ་ཏེ་ཚིག་རྐང་ཕྱི་མ་བཞི་པོ་མེད་ན་སྙན་ངག་གི་སྒྲིག་གཞི་ལ་ཚབས་ཆེ་བའི་གནོད་པ་ཐེབས་ཡོད་པས་སྙན་ངག་པ་ཉིད་སྙན་ངག་གི་བློ་སྦྱོང་ལ་གདེང་དང་ལྡན་པ་ང་ཚོས་རྟོགས་སླ་བ་ཡིན།
དེ་བཞིན། འོག་གི་ཚན་པ་གསུམ་པོ་ནི་སྙན་ངག་པས་བཞུད་ཟིན་པའི་རང་ཉིད་ཀྱི་མི་ཚེའི་ལམ་ཡིག་བརྗོད་ཡོད་དེ་རང་ཉིད་ལམ་དུ་ཞུགས་དུས་ནས་བཟུང་ལམ་ཡིག་ཡོད་ཅིང་དེ་ནི་བློ་གྲོས་ཡོད་ཚད་ཀྱི་ཉིང་བཅུད་དུ་བསྟན་ཡོད་མོད། "ངས་འཇིག་རྟེན་འདིར་བཟོད་གསོལ་ཞུ་དགོས་ཏེ/ང་ནི་མགྲོན་པོ་ཆེས་རྗེས་མའི་གྲས་ཀྱི་ནུས་མེད་དེ་ཡིན"ཞེས་པ་ནི་འཁྱོག་བརྗོད་དམ་བསྐོར་བའི་ཚུལ་དུ་བརྗོད་ཡོད་དེ"ཉིན་མོའི་རླུང་འཚུབ་ཀྱིས་གཙང་ཕྱགས་བྱེད/མཚན་མོའི་མུན་ནག་གིས་ང་ཡི་མཐོང་རྒྱ་འབྱེད"ཅེས་པ་ལས་རྟོགས་ཐུབ་སྟེ་དོན་དམ་པར་འཇིག་རྟེན་པའི་འགྲོ་ལུགས་དང་འདོད་བློར་བསྟུན་མ་ཐུབ་པར་རང་ཉིད་ལ་བློ་གྲོས་ཀྱི་དྭངས་མ་ལས་བྱུང་བའི"ལམ་ཡིག"ཡོད་པས་བཟོད་གསོལ་ཞུ་དགོས་ཞེས་འཁྱོག་བརྗོད་ཀྱིས་བསྟན་པ་རེད། དེར་མ་ཟད"ཉིན་མཚན་གྱི་གདགས་སྲིབ་ནས་ང་རང་མདུན་དུ་སྐྱོད"ཀྱིན་པ་ལས་འཁྱོག་བཤད་ཡིན་པ་རྟོགས་སླ་ཞིང་འོག་གི་ཚིག་རྐང"ཉིན་མཚན་གཉིས་ནི་མིག་དཀར་ནག་གཉིས་ཏེ། ངས་དེ་བཀོལ་ནས་འཇིག་རྟེན་འདི་གསལ་བོར་མཐོང་དགོས"ཞེས་པ་ལས་ཀྱང་བཟོད་གསོལ་ཞུས་པ་ནི་འཁྱོག་བཤད་འབའ་ཞིག་ཡིན་པ་གསལ་སྟོན་ཐུབ་ལ། ད་དུང་། ཉིན་མཚན་གཉིས་ལ་བརྟེན་ནས་ང་ཚོས་འཇིག་རྟེན་ངོ་ཤེས་པ་བཞིན་སྙན་ངག་པས་ཀྱང་ཉིན་མཚན་གཉིས་ལ་བརྟེན་ནས་འཇིག་རྟེན་གྱི་ངོ་བོ་འཚོལ་བཞིན་ཡོད་མོད། དེ་ནི་མཚན་མོས་མཐོང་རྒྱ་འབྱེད་པ་དང་ཉིན་མོས་གཙང་ཕྱགས་བྱེད་ཅེས་ང་ཚོ་དང་ལྡོག་སྟེ་འཇིག་རྟེན་ལ་འཚོལ་ཞིབ་བྱེད་ཀྱིན་པའི་ངང་ཚུལ་བརྗོད་
ཡོད་ལ་འདི་ཡིས་ཀྱང་བཟོད་གསོལ་ཞུས་པ་ནི་འཁྱོག་བཤད་ཡིན་པ་བསྟན་འདུག་པའི་ཁར། ཉིན་མཚན་གཉིས་ནི་ད་གཟོད་རྣམ་ཤེས་ཁྲི་ཕྲག་གིས་ནམ་མཁའ་ལ་བྲིས་པའི་གསེར་ཡིག་དེ་ཡིན་པ་དང་ཁྲག་རྩའི་ལམ་ཡིག་གི་སྟེང་གི་ཐམ་ཀ་རེད་ཅེས་ཚན་པ་གཉིས་པའི་ནམ་མཁའི་གསེར་ཡིག་དེ་ཅི་ཞིག་ཡིན་པ་འདིར་དངོས་སུ་བརྗོད་ཅིང་། ལམ་ཡིག་ནི་མ་གཞི་ནས་ཉིན་མཚན་གཉིས་ཡིན་པའམ་ཉིན་མཚན་གཉིས་ཀྱི་གལ་རྙི་ལས་འགོངས་མེད་ཅིང་། ཡང་ན་མི་བུ་རང་རང་གི་འདུ་ཤེས་འཛིན་སྟངས་ནི་རང་རང་གི་ལམ་ཡིག་ཡིན་པའང་ཟུར་དང་ཤུགས་ནས་བསྟན་འདུག་པར་སྙམ། འདི་དག་ནི་མདུན་སྐྱོད་ཀྱི་གོ་རིམ་ཁྲོད་རྙེད་པའི་ནོམ་པ་དག་ཡིན་ཞིང་དེར་མནོ་བསམ་བགྱིས་པར་བརྟེན་ནས་སྙན་ངག་པས་སླར་ཡང"ལམ་ཡིག"གསར་བ་ཞིག་རྙེད་པའམ་ཇུས་འགོད་བྱེད་དགོས་བྱུང་སྟེ།
"ད་ནས་བཟུང/རྨི་ལམ་དང་མངོན་སུམ་གྱི་བར་ཐག་བསྟུང་བར་བྱ/ཞེ་སྡང་གི་སེམས་བྱུང་དང་བཟོད་སྒོམ་གཅིག་ཏུ་བལྟ/ཚེ་སྲོག་དང་བདེན་པ་མཐའ་དག/ཕྱིར་རང་བྱུང་ཁམས་དང་དེའི་བླ་གནས་ལ་འབུལ"ཞེས་རང་ཉིད་ཀྱི་ལམ་ཡིག་གམ་དམ་བཅའ་དངོས་སུ་སྨོས་པ་རེད། འདི་ནི་སྙན་ངག་པ་ཁོ་རང་གི་འཆར་གཞིའམ་དམིགས་ཡུལ་ཏེ་སྙན་ངག་པས་ཉིན་མཚན་གཉིས་ལ་བསྒྲུབ་པར་བྱ་བའི་འཆར་གཞི་རང་རེད། འདི་ནི་ཁོང་གི་ལམ་ཡིག་གམ་ཉིན་མཚན་གྱི་གདགས་སྲིབ་ནས་མདུན་སྐྱོད་བྱས་པ་ལས་རྙེད་པའི་ཁོང་གི་ལམ་ཡིག་དངོས་དེ་རེད། འདིས་སྙན་ངག་གི་བསྟན་དོན་བསྐུམས་ཤིང་བསྡུས་པའི་ཟོལ་འདུག་ཀྱང་ཞིབ་ཏུ་བལྟས་ན་གོང་གི་ཚན་པ་དག་ནི་ལམ་ཡིག་གི་འགྲེལ་བའམ་བཞུད་ཟིན་པའི་ལོ་ཟླ་རིང་མོའི་ལམ་ཡིག་དང་ངེས་ཤེས་དག་ཡིན་ཏེ"མི་ཚེ་འདིར་ང་རང་ཐེངས་གཉིས་ལ་ཤི་ནས་ཕྱིར་སྐྱེས"ཞེས་པ་ལས་མཐོང་ཐུབ་ཅིང་། མཇུག་མཐའི་ཚན་པ་མ་གཏོགས་པའི་ཚན་པ་གཞན་དུ"ང"ཡི་འདས་པའི་ལོ་ཟླ་རིང་མོའི་ལྟ་ཚུལ་མ་གཏོགས་རང་ཉིད་ཀྱི་ལམ་ཡིག་ཅི་ཞིག་ཡིན་པ་བསྟན་མེད་པ་དང་ཚན་པ་གཞུག་མ་འབའ་ཞིག་ནི་བརྗོད་གཞིའི་འབབ་སྟེགས་ཡིན་པས་བརྗོད་བྱ་བསྐུམས་པའི་སྐྱོན་མི་འདུག་སྙམ། འདི་ལས་སྙན་ངག་པ་ཉིད་ཐབས་རྩལ་ལ་བྱང་ཆ་ཡོད་པ་འཕྲིགས་ཐུབ་སྟེ་ཚན་པ་དག་གི་ཟུར་དང་གཞོགས་ནས་ལམ་ཡིག་གི་ཆེ་བའམ་རང་ཉིད་ཀྱི་ལམ་ཡིག་མག་མོག་ངང་བསྟན་ལ་མ་བསྟན་པའི་ཚུལ་དུ་བྱས་ཤིང་། འདས་ཟིན་པའི་ལམ་ཡིག་ཀྱང་ད་ལྟ་བའི་ཚུལ་དུ་བརྗོད་ཡོད་པས་ཀློག་པ་པོའི་སེམས་སུ་ལམ་ཡིག་དག་གང་སར་བཀྲམ་འདུག་སྙམ་པའི་དུས་སུ"ད་ནས་བཟུང"ཞེས་དེ་རིང་ཕན་ཆད་ཀྱི་འབྱུང་འགྱུར་གྱི་ལམ་ཡིག་དངོས་སུ་བརྗོད་པས། མཚོན་ཐབས་ཀྱི་ཐད་ནས་ང་ཚོར"ཀུ་རེ"ཐེངས་ཤིག་བརྩེས་ཡོད། གལ་སྲིད་ཐབས་རྩལ་ལ་བྱང་མེད་ན་བསྐྱར་ཟློས་ཀྱི་སྐྱོན་འབྱུང་བའི་ཉེན་ཆེའོ།།
མདོར་ན་སྙན་ངག་འདི་ནི་རང་གི་ལྟ་ཚུལ་དང་འདས་པའི་དོན་དག ལམ་ཡིག་གམ་འཆར་གཞིའི་བརྗོད་དོན་དག་སྙན་ངག་གི་ཐོག་མཐའ་བར་གསུམ་དུ་འཁྱིམས་པར་བྱས་ཏེ་ཚན་པ་དང་ཚན་པའི་འབྲེལ་བ་ཨ་ལོང་བཞིན་དུ་སྦྲེལ་ཡོད་པས་སྒྲིག་གཞི་ཚགས་དམ་ཞིང་བསྟན་དོན་གྱི་གོ་རིམ་གསལ་བ། དཔེ་དོན་ཟུང་ནི་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་སོང་བ། ཤུགས་དྲགས་པའི་ཚོར་བ་མངའ་བ་སོགས་དགེ་མཚན་དུ་མ་ལྡན་མོད་མི་སྒེར་གྱི་གཏན་ཚིགས་ཤེད་ཆེ་ཞིང་དབྱངས་ཀྱི་འདེགས་འཇོག་མངོན་པར་མི་གསལ་བའི་ནག་ནོག་གི་དྲི་མ་ཕྲན་བུ་ཞིག་འདུག་ཅེས་སྙན་ངག་པ་ཁོང་ཉིད་ལ་བསམ་ཚུལ་ཞིག་གི་ཚབ་ཏུ་སྨྲས་པའོ།།
༢༠༡༧ལོའི་ཟླ༥པའི་ཚེས༨ནས༩བར་ཞི་ཨན་ནས་མྱོང་ཚོར་གྱི་ཚུལ་དུ་སྦྱར།
ཆར་བ།
ཆར་བ་ད་དུང་ཡང་ཟམ་མེ་ཟིམ་མེར་འབབ་ཀྱིན་འདུག
ཆར་བས་ཁོར་ཡུག་ཡོད་ཚད་བངས་ཏེ
ངའི་སྒེའུ་ཁུང་གི་མཁའ་དབུགས་ཀྱང་བསིལ་བར་བཏང
ཆར་བ་འདི་ནི་ནམ་མཁའི་དངོས་གྲུབ་ཡིན་ནམ
མདང་དགོང་ནས་ཟམ་མེ་ཟིམ་མེར་འབབ་ཀྱིན
སྐྱེ་དངོས་ཁྲི་སྟོང་ལ་གསོན་ཤུགས་སྦྱིན་ཞིང
མཐའ་མར་ཁྱོད་དང་ངའི་སེམས་སུ་ག་ལེར་བབས་བྱུང
ཆར་བ་འདི་ནི་རླུང་འཚུབ་དང་གློག་དམར
འབྲུག་སྒྲ་དང་ཐོག་གི་འདུ་ལོང་ལས་གྱེས་པའམ
ཡང་ན་དེ་དག་ལ་ཧ་ཅང་སྡང་བ་འདྲ་སྟེ
སྤྲིན་པ་བལ་དཀར་གྱི་གསེབ་ནས
ཟམ་ཟིམ་ངང་འབབ་པ་ཇི་འདྲའི་ལྷོད་ཅིང་འཇམ་ཨང
ཆར་བ་འདིའི་ཁྲོད་དུ ཆར་གདུགས་འཛིན་མཁན་ཧ་ཅང་ཉུང
རང་ཉིད་རྩྭ་ཐང་ལྟར་བསྐྱེད་ནས་ཆར་བར་བཟེད་པ་ནི
རྒྱ་སེ་མེ་ཏོག་ཅིག་དང་འདྲ་བར
འཇིག་རྟེན་འདིར་ཆེས་མཛེས་སྡུག་ལྡན་ཞིང་ཡིད་དུ་འོང
ཁྱོད་རང་དལ་བུར་ཆར་བའི་ཁྲོད་དུ་སོང་དང
ཁྱོད་ཀྱིས་ཁ་རོག་གེར་ཆར་བའི་ཤག་སྒྲ་ལ་ཞིབ་ཏུ་ཉོན་དང
སྐབས་འདིར དྭངས་གཙང་གི་ཆར་རྡོག་རེ་རེ་ནི
ཁྱོད་ཀྱིས་ཁྲག་ཐིགས་རེ་རེ་ཡིན་པའང་རྟོགས་ངེས་ལ
ཆར་བས་ཁྱོད་ལ་མཉམ་སྒྲོག་རོལ་མོ་ཞིག་དཀྲོལ་གྱིན་པའང
ཁྱོད་ཀྱིས་གསལ་ལེར་ཐོས་ངེས གསལ་ལེར་ཐོས་ངེས
༢༠༡༣.༩.༡༠ལ།
[ཕྲན་དཔྱད།/ཁ་བ་དཀར་པོ། (བདེ་ཆེན)] སྙན་ངག་འབྲི་བ་དེ་མ་གཞི་ནས་ལས་སླ་མོ་ཞིག་ལ་བརྩིས་ཤིང་འགྲོ་ལ་ཕན་ཕྱིར་གྱི་ལས་ཀ་ལྟ་བུར་གྱུར་ན་སྙན་ངག་ལེགས་པོ་ཞིག་ནམ་གཞར་དུ་ཡང་འཁྱོངས་མི་ཐུབ། རང་རེ་དག་གི་བསམ་བློར་སྙན་ངག་འབྲི་རྒྱུ་དེ་སླ་བ་དང་དེའི་ནང་ནས་སྙན་ངག་གསར་བ་འབྲི་བ་ནི་དེ་ལས་ཀྱང་སྟབས་བདེ་བའི་བྱ་བའམ་ཁྲལ་སེལ་སླ་བཅོས་ཀྱི་ལས་ཀ་ལྟ་བུ་ཞིག་ལ་ངོས་འཛིན་གྱི་འདུག དེ་ལྟའི་ལྟ་ཚུལ་གྱིས་རང་རེའི་སྙན་ངག་གསར་བའི་མདུན་ལྗོངས་ལ་མུན་ནག་དང་མཚན་མོ་ལས་གཞན་གང་ཡང་མེད་ཅེས་ཁོ་བོས་ཁ་ཚོན་གཅོད་པར་སྤོབས། ཇི་ལྟར་རུང་། སྙན་ངག་ལེགས་པོ་ཞིག་བྲི་དགོས་ན་རིག་པ་སྒྲིམ་པོ་ཞིག་ཁྱེར་ནས་བློ་ནན་ཏུར་བྱེད་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་དུ་འཁུམས། སྤྱིར་ཆར་བ་ནི་རང་བྱུང་ཁམས་ཀྱི་གནང་སྦྱིན་ཞིག་ཡིན་ཞིང་། རྒྱུན་གཏན་འཚོ་བའི་ཁྲོད་དུ་མི་རྣམས་ཀྱི་རྣ་བར་ཀུན་ནས་འབྱམས་པའི་ཐ་སྙད་སྤྱིར་བཏང་བ་ཞིག་རེད། ད་བར་འཛམ་གླིང་ཤར་ནུབ་ཀྱི་སྙན་ངག་པ་ཚོས་ཆར་བ་ཞེས་པའི་བརྗོད་བྱ་སྤྱད་ནས་སྙན་ཚིག་མང་དུ་བརྩམས་ཡོད་པ་སྟེ། ཨ་རིའི་སྙན་ངག་པ་སེ་ར་ཀྲི་སིལ(Sara Teasdale)གྱི《གྲུ་ཆར་དབབ་འོང》ཞེས་པ་དང་། ལང་སེ་ཀྲོན(Langston Hughes)གྱི《ཟླ་བཞི་པའི་ཆར་ཁྲོད་ཀྱི་གླུ》རྒྱ་ནག་གི་སྙན་ངག་པ་ཡུས་ཀོང་ཀྲུང་གི (ཀྵྨཱིཾཋོཋྞ)《ཆར་བའི་ཁྲོད་དུ་ཁྱོད་ལ་བསྒུགས་པ》སོགས་ཀྱིས་མཚོན། ཁུ་བྱུག་སྔོན་མོའི་སྙན་ངག《ཆར་བ》ཞེས་པའི་སྙན་རྩོམ་གྱི་སྤྱི་བམ་ནས་བཤད་ན་བརྗོད་བྱའི་ཐ་སྙད་ལ་གཤོམ་ར་ཆེན་པོ་བྱས་མེད་ཅིང་། རྒྱུན་གཏན་མཐོང་ཐོས་རིག་གསུམ་དུ་ཡོད་པའི་ཐ་སྙད་ཀྱི་ཕྲེང་བ་འཇམ་པོའི་རིགས་བཀོལ་ལ། ཅུང་ཙམ་ཁ་གསལ་བའི་ཐབས་ལམ་སྤྱད་ནས་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་མི་སེམས་ཀྱི་བར་ན་བདེ་བླག་ཏུ་མངོན་མི་ནུས་པའི་འཇའ་ཟམ་བདེ་མོ་དེ་བསྐྲུན་ཡོད་པའི་ཚོར་སྣང་སྟེར། འབྲི་སྟངས་འདི་རིགས་ཀྱིས་ཀློག་པ་པོས་ཀླད་པའི་ངལ་རྩོལ་མང་པོར་བརྟེན་མི་དགོས་པར་རྩོམ་མཁན་གྱི་དགོངས་པ་ལོན་བཏུབ་པའི་དགེ་མཚན་ཡོད། འོན་ཀྱང་ཐད་བརྗོད་བྱ་རྒྱུ་ཆེ་དྲགས་ནས་སྒྱུ་རྩལ་གྱི་རིན་ཐང་བརླགས་ཤིང་ཕལ་བའི་སྨྲ་བར་སོང་ནའང་མི་འགྲིག ཆར་བ་ནི་ཆེས་སྤྱིར་བཏང་གི་བརྗོད་བྱ་ཞིག་ཡིན་ན་ཡང་། དེས་སྤྱིར་བཏང་མ་ཡིན་པའི་རང་བྱུང་ཁམས་ཀྱི་བདེན་པ་དང་མིའི་སེམས་ཁམས་ཀྱི་འཇུ་ཐག་གཉིས་གཅིག་ཏུ་སྦྲེལ་ཞིང་ཉན་སྤྲོ་བའི་སྙན་ཚིག་གི་མེ་ཏོག་ཆུན་པོ་ཞིག་ཡིན་པའི་ཚོར་སྣང་བྱུང་། དུམ་ཚན་དང་པོར།"ཆར་བ་ད་དུང་ཡང་ཟམ་མེ་ཟིམ་མེར་འབབ་ཀྱིན་འདུག/ཆར་བས་ཁོར་ཡུག་ཡོད་ཚད་བངས་ཏེ/ངའི་སྒེའུ་ཁུང་གི་མཁའ་དབུགས་ཀྱང་བསིལ་བར་བཏང"ཞེས་པས་སྙན་ངག་པས་རང་བྱུང་ཁམས་ཀྱི་རྒྱུན་གཏན་གྱི་སྣང་ཚུལ་ཞིག་བརྗོད་ཞོར་དེས་བསྐྱེད་པའི་རང་གི་སེམས་ཁམས་ཀྱི་རྣམ་རྟོག་དག་ལུད་པར་བྱས་པ་དང་ལྷན་དུ་སྙན་ཚིག་གི་མགོ་བཙུགས་རོལ་དབྱངས་བདེ་མོ་ཞིག་ཀློག་མཁན་གྱི་རྣ་བར་ལྷོད་པོར་བསྐྱལ་འདུག"ཆར་བ་འདི་ནི་ནམ་མཁའི་དངོས་གྲུབ་ཡིན་ནམ"ཞེས་པ་ནས"མཐའ་མར་ཁྱོད་དང་ངའི་སེམས་སུ་ག་ལེར་བབས་བྱུང"ཞེས་པར་ཆར་བས་སྐྱེ་དངོས་ཀུན་པོར་དགོས་པ་དང་མཁོ་བ་ཞིག་སྒྲུབ་ཚུལ་དང་། ཆར་བའི་གོ་བབ་ཀྱང་ཉི་མ་བཞིན་གནས་པའི་རྩོམ་མཁན་དང་ཁྱོད་ཀྱི་སེམས་ནང་དུ་བབས་ཚུལ་བརྗོད་པས། བརྗོད་སྟངས་འདི་རིགས་སྙན་རྩོམ་གྱི་སྐབས་སུ་རྩོམ་མཁན་རང་ཉིད་དང་བཅས་པའི་སེམས་ཁམས་མཚོན་ཚུལ་དམིགས་བསལ་བ་ཞིག་རེད། ལྷག་པར"ཁྱོད་དང་ངའི་སེམས་ལ་ག་ལེར་བབས་བྱུང"ཞེས་པའི་བརྗོད་པ་དེས་སྙན་ཚིག་གི་ཚིག་འགྲོས་དང་སྟངས་སྟབས་ལ་མཐོ་རླབས་གསར་པ་ཞིག་འཕྱུར་དུ་བཅུག་ཅིང་། ཀློག་མཁན་གྱི་མིག་ཡིད་རྣ་བའི་དཔལ་འཕྲོག་པའི་ཚུལ་དུ་གནས་པར་བྱས། དུམ་ཚན་གསུམ་པར།"ཆར་བ་འདི་ནི"ཞེས་པ་ནས"ཟམ་ཟིམ་ངང་འབབ་པ་ཇི་འདྲའི་ལྷོད་ཅིང་འཇམ་ཨང"ཞེས་པར་ཆར་བས་དྲག་པོའི་མཚོན་བྱེད་ལྟ་བུའི་རླུང་འཚུབ་དང་། གློག་དམར། འབྲུག་སྒྲ། ཐོག་མདར་མ་རངས་ཤིང་སྡང་བའི་རྣམ་འགྱུར་གྱི་ཐོག་ནས་ཆར་བ་རང་ཉིད་ནི་ཞི་དྲག་གཉིས་ལས་ཞི་བདེ། འཇམ་རྩུབ་གཉིས་ལས་འཇམ་པོ་སོགས་ལ་མོས་ཚུལ་མཚོན་པར་བྱས་པའི་རབ་བཏགས་ཀྱི་འབྲི་སྟངས་དེས་སྙན་རྩོམ་གྱི་ལུས་ལ་ལྷག་ཏུ་སྒྱུ་རྩལ་གྱི་ཚོན་རྩིས་སྤྲས་པར་བྱས། དུམ་ཚན་བཞི་པར། "ཆར་བ་འདིའི་ཁྲོད་དུ"ཞེས་པ་ནས"མཛེས་སྡུག་ལྡན་ཞིང་ཡིད་དུ་འོང"ཞེས་པས་རང་བྱུང་ཁམས་ཀྱིས་བསྐྱེད་པའི་ནུས་མཐུ་དང་དེའི་ཆུ་ཡིས་མིའི་རིགས་ཀྱི་ངལ་བ་དག་ཅིག་ཅར་དུ་བཀྲུས་ཤིང་། རང་ཉིད་ཅེས་པའི་ཐ་སྙད་ཀྱི་ངོ་གདོང་ལས་རྩོམ་མཁན་ནམ་རང་རེ་དག་གི་རེ་བའི་མྱུ་གུར་ཅི་ཞིག་ཐོབ་འདོད་ཀྱིས་བརྟས་ལ། རྩྭ་ཐང་ལྟར་བསྐྱེད་པར་བྱས་ནས་ཆར་བ་ནི་གང་དང་སུ་ལའང་ཁ་ཚ་དགོས་གཏུགས་ཀྱི་དོན་དེ་མཚོན་པར་བྱས། མཇུག་མཐར།"ཁྱོད་རང་དལ་བུར་ཆར་བའི་ཁྲོད་དུ་སོང་དང/ཁ་རོག་གེར་ཆར་བའི་ཤག་སྒྲ་ལ་ཞིབ་ཏུ་ཉོན་དང"ཞེས་པར་ཚིག་དོན་གཉིས་ཀའི་ཆ་ནས་སྙན་རྩོམ་སྤྱིའི་མཛེས་ཆོས་ལ་ནུས་པ་བླ་ལྷག་ཏུ་ཐོན་པའི་ཚུལ་ནི་ཆར་བར་ཉན་པས་སེམས་ཀྱི་དབུས་སུ་མེ་དྲོད་ཅིག་བཞག་པ་དང་མཚུངས་ཤིང་། ལྷག་པར་ཁ་རོག་གེར་ཆར་བར་ཉན་པ་ཞེས་པས་ཚིག་འགྲོས་ཀྱི་ནུས་པ་དང་དོན་གྱི་ངོ་གདོང་གི་ཆ་ནས་ཐོད་བརྒལ་ཞིག་བྱུང་ཡོད་ཅིང་། དེས་ཀློག་མཁན་དག་གི་ཡིད་ཁམས་འཚེང་བའི་རྒྱ་མཚོ་ཞིག་བསུས་འདུག དོན་དུ་རྣ་བའི་བུ་ག་འུར་ཟིང་གིས་བཅོམས་པའི་དུས་སུ་ཆར་བའི་ཤག་སྒྲར་ཉན་པ་དང་། སྒྲ་གཞན་གྱིས་བར་དུ་མ་བཅད་པར་ཆར་བའི་ཤག་སྒྲར་ཉན་པ་གཉིས་ནི་ཡེ་ནས་འདྲ་ས་མེད།"དྭངས་གཙང་གི་ཆར་རྡོག་རེ་རེ་ནི་ཁྱོད་ཀྱི་ཁྲག་ཐིགས་རེ་རེ་ཡིན་པའང་རྟོགས་ངེས"ཞེས་པས་རང་བྱུང་ཁམས་དང་མི་སེམས་ཀྱི་སྐུད་པ་གཉིས་གཅིག་ཏུ་རྐྱ་འཐབ་ཅིང་བསྣོལ་བར་བྱས། ཆར་བ་དང་ཁྲག་ཐིགས་གཉིས་ངོ་བོ་གཅིག་གི་ཚུལ་དུ་གནས་པར་བགྱིས་པས། རྩོམ་མཁན་གྱིས་ཆར་བར་བཅངས་པའི་སྙིང་དབུས་ཀྱི་རེ་བའི་རྦ་རླབས་དང་། དུངས་པའི་མེ་ལྕེ་ཀུན་ཤུགས་དྲག་པོས་ཀློག་མཁན་ཚོའི་ཡིད་སེམས་ཀྱི་བང་རིམ་ཀུན་ཏུ་ཁྲེམས་པར་བྱས་འདུག་ལ། དེས་མི་སེམས་ཁོ་ནར་དབང་བའི་ལམ་བུ་ཞིག་ལ་སྙེག་གིན་ཡོད་པའི་ཚོར་སྣང་ཞིག་བསྟུད་མར་སྟེར། སྙན་རྩོམ་གྱི་སྤྱི་ཆ་ནས་བཤད་ན་བསྡུས་བརྗོད་དང་། གབ་སྦས། སྐོར་བརྗོད་སོགས་ཤུགས་ཆེན་པོ་བྱས་མེད་ཅིང་། དྭངས་གཙང་ལྷད་མེད་པའི་ཆར་བ་དང་། མི་སེམས་ཀྱི་ཧྲག་བར་ན་སྟི་བའི་ཕྱི་རོལ་གྱི་ཁྲ་ཁྲ་ཟང་ཟིང་གི་དྲི་མས་མ་གོས་པའི་རང་བཞིན་ལྷན་སྐྱེས་ཀྱི་གཉུག་མར་གནས་པའི་གཤིས་དེ་བརྗོད་ཅིང་། སྙན་རྩོམ་ཧྲིལ་པོའི་བསམ་བློ་དང་། གང་བརྗོད་པར་བྱ་བ་དག་ཁ་གསལ་པོས་ཧྲིལ་གྱིས་མཚོན་པར་བྱས་པ་ནི་སྙན་རྩོམ《ཆར་བ》ཞེས་པའི་སྤྱིའི་གྲུབ་སྟངས་ཤིག་ཡིན་པར་སེམས། གློ་བུར་བ།
རྫ་བུམ་དུ མེ་ཏོག་རྐང་གཅིག་བཙུགས
དེ་ལ་ཉི་འོད་མི་དགོས
ཆར་བ་དང་མཁའ་དབུགས་ཀྱང་མི་དགོས
རྨི་ལམ་དུ མེ་ཏོག་དེ་སྐྱེས་པ་ཧ་ཅང་མགྱོགས
ཉིན་སྲིབ་ལ་ཁྱད་པར་མེད་པར
ཁ་ལྟག་རྒྱབ་ལ་འཁོར་ནས་སྐྱེ་བཞིན་འདུག
མེ་ཏོག་དེའི་གཞུང་རྟ་སྲ་ཞིང་མཁྲེགས
མེ་ཏོག་དེའི་ལོ་འདབ་མཉེན་ཞིང་འཇམ
རྫ་བུམ་དུ ཡང་ན་རྨི་ལམ་དུ
མེ་ཏོག་དེ་མཛེས་ཉམས་ཀྱིས་ལྷམ་མེར་བཞད
མེ་ཏོག་གི་ཟེའུ་འབྲུའི་སྟེང་དུ
ཟིལ་བ་དྭངས་མོ་ཞིག་ཆགས་ནས་འདུག
དེ་རིང རླུང་བུ་ལྡང་ཉེས་ཤིག་གིས
མེ་ཏོག་དང་ངའི་སེམས་པ་འདར་བར་བྱས་ཤིང
མེ་ཏོག་གི་ཟིལ་བ་དང
བུ་མོ་ཞིག་གི་མིག་ཆུ་གཉིས
མཉམ་གཅིག་ཏུ་ས་ལ་ལྷུང་བྱུང
སྐབས་འདིར རྫ་བུམ་ལ་སེར་ཁ་གས་འདུག་ལ
མེ་ཏོག་ཀྱང་སྐྱ་བོར་གྱུར་འདུག
རང་ཉིད་ཀྱང་རང་ཉིད་གཏན་ནས་མ་རེད
2013.8.6ལ།
[ཕྲན་དཔྱད།/དུང་། (ཀན་ལྷོ)] སྤྱིར་སྙན་ངག་རང་ནི་གློ་བུར་བའི་ཚོར་བ་ཞིག་ལས་སྐྱེད་ཀྱིན་པར་མང་པོ་ཁ་འཆམ་པ་བཞིན། སྙན་ངག《གློ་བུར་བ》འདི་ལྷག་ཏུ་གློ་བུར་བའི་ཚོར་འདུ་ཞིག་ལས་མཆེད་ཡོང་བ་སྨོས་མ་དགོས་སོ།།
ནམ་རྒྱུན་འདི་དང་འདི་འདྲའི་གློ་བུར་བའི་ཚོར་འདུ་ཕྲ་རགས་ཀྱིས་སྙན་ངག་གི་ཁམས་དེ་གྲུབ་པར་བྱེད་ཅིང་སྙན་ངག་པ་འཁྲུངས་དགོས་པའི་ཤེས་རབ་ཀྱི་ཆོད་སྟོབས་ཀྱང་ངང་ངམ་ཤུགས་ཀྱིས་ཉམས་སུ་མྱོང་ནུས་པ་ཞིག་གོ། དཔེར་ན།"རྫ་བུམ་དུ/མེ་ཏོག་རྐང་གཅིག་བཙུགས/དེ་ལ་ཉི་འོད་མི་དགོས/ཆར་བ་དང་མཁའ་དབུགས་ཀྱང་མི་དགོས"ཞེས་པ་རང་བྱུང་སྐྱེ་འཕེལ་གྱི་ཆོས་ཉིད་དང་ཡོངས་སུ་ལྡོག་འདུག་པའི་སྐད་ཆ་དེ་ནི་སྙན་ངག་པའི་ཡིད་སྤྲུལ་བྱས་པའི་གློ་བུར་བའི་ཚོར་འདུ་དེ་ཉིད་མཚོན་བྱེད་ཡིན་པ་ལྟ་བུ་དང་། མུ་མཐུད་དུ་རྫ་བུམ་དང་རྨི་ལམ་སྦྲེལ་ནས་གང་ཞིག་བརྗོད་པར་འདོད་པའི་ཚོར་བ་ལྷང་ལ་ཕུད་དེ་བསམ་དོན་གང་ཞིག་མེ་ཏོག་རླུང་གིས་སྒུལ་བ་ལྟར།"མེ་ཏོག་གི་ཟིལ་བ་དང/བུ་མོ་ཞིག་གི་མིག་ཆུ་གཉིས/མཉམ་གཅིག་ཏུ་ས་ལ་ལྷུང་བྱུང"ཞེས་མ་གཞི་ནས་སྐྱོ་གདུང་དྲག་པོས་གཟིར་བའི་གནས་བབ་དེར་སྐྱོ་སྣང་ལྷག་མ་ཞིག་ཀྱང་ཁ་སྣོན་བྱས་འདུག
མཐར། གློ་བུར་བའི་ཚོར་འདུ་དེས་བསྡུས་པའི་མི་རྟག་པའི་འཇིག་རྟེན་གྱི་ངོ་བོ་དང་འཁོར་འདས་ཀྱི་དངོས་པོའི་ཆོས་ཉིད་དེ།"སྐབས་འདིར/རྫ་བུམ་ལ་སེར་ཁ་གས་འདུག་ལ/མེ་ཏོག་ཀྱང་སྐྱ་བོར་གྱུར་འདུག/རང་ཉིད་ཀྱང་རང་ཉིད་གཏན་ནས་མ་རེད"ཅེས་ཁ་ཚོན་བཅད་དེ་མི་སྨྲ་ཀ་མེད་བྱུང་ཡོད་པའང་ཟློག་ཏུ་མེད་པའི་ཆོས་ཉིད་དེ་མཐུ་བཙན་པ་བསྟན་ཡོད་པར་འདོད།
༢༠༡༧.༥.༡༥ཉིན།
འདུ་ཤེས་རིགས་ཤིག
ལོ་མ་ཞིག་གི་སྟེང་དུ
ངས"ང་ཁྱོད་ལ་དགའ"ཞེས་བྲིས་ཏེ་བུ་མོ་ཞིག་ལ་བྱིན
བུ་མོ་དེས ཞིབ་ལྟ་ཞིག་བྱས་རྗེས
འཛུམ་ཙམ་སྟོན་བཞིན་དཔེ་ཆ་མཐུག་པོ་ཞིག་གི་བར་དུ་བཞག་བྱུང
ཉིན་འགའི་རྗེས་སུ
ངས་མཛེས་སྡུག་ལྡན་པའི་ཕྱེ་མ་ལེབ་ཅིག་བཟུང་སྟེ
བུ་མོ་དེར་སྟེར་ཞོར ཁ་ནས"ང་ཁྱོད་ལ་ཧ་ཅང་དགའ"ཞེས་སྨྲས
ཁོ་མོས་ཞིབ་ལྟ་ཞིག་བྱས་རྗེས
འཛུམ་ཙམ་སྟོན་བཞིན་མཛེས་སྡུག་ལྡན་པའི་ཕྱེ་མ་ལེབ་དེའང
དཔེ་ཆ་མཐུག་པོ་དེའི་བར་དུ་བཞག་བྱུང
ལོ་མ་དང་ཕྱེ་མ་ལེབ
ཕྱེ་མ་ལེབ་དང་ལོ་མ … …
[ཕྲན་དཔྱད།/རྐང་ཐང་བ། (ཟི་ལིང)] བརྩམས་ཆོས་གང་ཞིག་ཕྱི་རུ་བཀྲམ་པ་ནས་བཟུང་། ཀློག་པ་པོས་ཇི་ལྟར་གོ་བ་བླངས་ཀྱང་དེ་ནི་ཀློག་པ་པོར་མངའ་བའི་ཁྱད་དབང་ཞིག་རེད། དེར་བརྟེན། ཁོ་བོས་བརྩམས་ཆོས་གང་ཞིག་ལ་གདེང་འཇོག་བྱེད་སྐབས། རང་ཉིད་ཀྱི་འདོད་ཚུལ་དབང་བཙན་པར་བྱས་ཏེ་སྐད་ཆ་བཤད་ཅིང་། དེ་ལས་ཐོབ་པའི་མྱོང་བ་ནི་ད་གཟོད་ཆེས་ཕུན་སུམ་ཚོགས་པའི་ཡོང་སྒོ་ཞིག་ཏུ་ཁས་འཆེས་ཡོད།《འདུ་ཤེས་རིགས་ཤིག》ཅེས་པའི་སྙན་ངག་འདི་ལྟ་བུར་མཚོན་ན་ཡང་། རང་ཉིད་ཀྱི་འདོད་ཚུལ་ལ་གཞི་བཅོལ་ཏེ་མྱོང་བ་ཙམ་བཤད་པར་བྱའོ།།
སྙན་ངག་འདི་ཐེངས་གཅིག་བཀླགས་མ་ཐག བརྩེ་དུངས་སྙན་ངག་ཅིག་ཡིན་པ་ང་ཚོས་གསལ་བོར་ཤེས་སླ། དེ་ནི"ལོ་མ་ཞིག་གི་སྟེང་དུ། ངས'ང་ཁྱོད་ལ་དགའ'ཞེས་བྲིས་ཏེ་བུ་མོ་ཞིག་ལ་བྱིན"ཟེར་བ་བཞིན། སྐྱེས་པ་ཞིག་གིས་རང་ཉིད་ཀྱི་ཆེས་དགའ་སའི་བུ་མོ་ཞིག་ལ་རྣམ་དག་གི་སེམས་པ་སྟོན་ཅིང་། བུ་མོས་ཀྱང་འཐད་པའི་བརྡ་རུ།"ཞིབ་ལྟ་ཞིག་བྱས་རྗེས། འཛུམ་ཙམ་སྟོན་བཞིན་དཔེ་ཆ་མཐུག་པོ་ཞིག་གི་བར་དུ་བཞག་བྱུང"ཞེས་ཕན་ཚུན་གྱི་དགའ་དུངས་དེ་ཚིག་ངོས་སུ་གསལ་རྗེན་དུ་བཏོན་འདུག་པས་རེད། ཚན་པ་གཉིས་པ་ནི། ཚན་པ་དང་པོ་དང་ཁྱད་པར་ཆེར་མེད་ནའང་། དེ་རུ"ཉིན་འགའི་རྗེས་སུ"ཞེས་པ་དང་།"ཕྱེ་མ་ལེབ་ཅིག་བཟུང་སྟེ"ལྟ་བུས། དུས་ཚོད་འགོར་བ་མཚོན་པའི་ཞོར་ནས། དུས་ཚོད་དང་མཉམ་དུ་དགའ་དུངས་ཀྱི་ཚད་གཞི་ཇེ་མཐོར་སོང་ཡོད་པ་མངོན་དུ་བཅུག་འདུག
ཚན་པ་གསུམ་པ་ནི། ཚིག་འབྲུ་ཉུང་ལ། ཚིག་རྐང་ཟློས་བརྩེགས་ཅན་ཞིག་གི་འཁྲུལ་སྣང་སྟེར་ནའང་། དེ་ནི་སྙན་ངག་འདིའི་ཆེས་མཇུག་མཐའི་སྤྱི་བསྡོམས་ཏེ། ན་གཞོན་ཕོ་མོ་གཉིས་ཀྱི་དགའ་དུངས་དེ་ཆེས་མཛེས་སྡུག་དང་ཆེས་དྭངས་གཙང་གི་རང་བཞིན་ཞིག་ཡིན་པ་བསྟན་པའི་ཞོར་ནས། དེ་ནི་ནམ་ཡང་ཉམས་མི་སྲིད་པའི་ནང་སེམས་ཀྱི་རོལ་དབྱངས་ཤིག་ཡིན་པ་གསལ་བར་བསྟན་འདུག
ལོ་མ་དང་ཕྱེ་མ་ལེབ་གཉིས་ཀྱིས་མཚོན་པའི་ཡིད་བརྙན་གྱི་སྐོར་འདིས། ཚིག་གི་ཁ་དམ་ལྷོད་རན་ཞིང་། སྙན་ངག་གི་ཁམས་དྭངས་གཙང་དང་བརྩེ་དུངས་ཀྱིས་ཕྱུག་ཏུ་བཅུག་ཡོད་ལ། སྙན་ངག་གི་ཆུ་ཚད་ཀྱང་མཐོ་རུ་བཀྱགས་འདུག ལྷག་པར་བརྩེ་དུངས་སྙན་ངག་བྲི་ན། ཡུལ་ལྗོངས་ཞིབ་འབྲི་ནི་ཆེས་གལ་ཆེ་བ་ཞིག་ཡིན། གལ་ཏེ། སྙན་ངག་འདིར་ལོ་མ་དང་ཕྱེ་མ་ལེབ་ལྟ་བུའི་ཡིད་བརྙན་མེད་ཚེ། སྙན་ངག་འདི་ནི།"རྒྱན་མེད་པ་ན་སྐྱེ་བོས་གླེང་།།"ཞེས་པ་ལས་མ་འདས་སོ།། ཞོར་ནས་བཤད་འདོད་པ་ཞིག་ནི། མཛེས་སྡུག་ལྡན་པའི་ཕྱེ་མ་ལེབ་དེ། དཔེ་ཆ་མཐུག་པོ་དེའི་བར་དུ་བཞག་ན། ཚེ་སྲོག་ཅིག་རྨེག་མེད་དུ་བཏང་བ་ཡིན་པས། ན་གཞོན་ཕོ་མོ་གཉིས་ཀྱི་བརྩེ་དུངས་ཀྱི་སྣང་ཚུལ་ལ་ཉམས་སུ་ལེན་རྒྱུ་ལས། ཕྱེ་མ་ལེབ་འདིའི་ཡ་ང་བའི་ཚེ་སྲོག་གི་མཇུག་བསྒྲིལ་སྟངས་ལ་གདུང་སེམས་སྐྱེས་བྱུང་བས་ན། ཁོ་བོས་སྐབས་འདི་འདྲའི་ཡིད་བརྙན་སྒྲིག་སྦྱོར་ལ་རྒྱུན་པར་གཟབ་ནན་དང་སེམས་ཆུང་བྱས་པ་ཡིན།