༄༅།། བདག་གི་རྟ་ཕོ་རྩོམ་རིག་གི་ལམ་ཕྲན་སྟེང་དཀའ་སྡུག་གིས་འདུར་གྱིན་ཡོད།

འབྲོང་ཕྲུག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-02


འབྲོང་ཕྲུག 

        དུས་ཚོད་ནི་ཅི་འདྲའི་མགྱོགས་པ་ལ་ཨང་།
        མིག་རྡེབ་དབང་ཙམ་གྱིས2017ལོའི་ཆེས་མཐའ་མཇུག་གི་ཉི་མ་དེ་ཚོའང་རྫོགས་ལ་ཉེ་བས། བདག་གིས་གོམས་གཤིས་ལྟར་གློག་ཀླད་ཀྱི་ཕབ་གཞོང་སྟེང་མཛུབ་མོ་ཤེད་ཀྱིས་བརྡབས་པ་ན། ཀོས་ནན་རྫོང་གི་མཚན་མོ་འདིའི་གློག་གློ་བུར་ཆད་སོང་། ང་རང་སྡོད་སའི་གཞིས་ཁུལ་འདི་ཚོད་ཚོད་མུན་ནག་ནང་འུར་ཟིང་གིས་ཁེངས་སོང་། ང་ཡང་མུན་ནག་ཁྲོད་ཁུ་སིམ་མེར་བསམ་གཞིག་གི་ཀློང་དུ་ཚུད་ཐབས་མ་བྱུང་།
        སྤྱིར་ན། ངའི་འཆར་གཞི་ནི་ལོ་གཅིག་གི་འགྲོ་སོང་ལྟ་བུའི་མགོ་ཡི་སྐྲ་ལོ་དང་གདོང་གི་གཉེར་རིས། སེམས་ཀྱི་སྐྱོ་སྡུག་མཐའ་དག་ལ་ཞིབ་བཤེར་ཞིག་བྱེད་རྒྱུ་དེ་ཡིན་ལ། ཞོར་དུ་ལོ་གཅིག་གི་ཡོང་སྒོ་བཞིན་གྱི་ཁྱིམ་གྱི་དཔེ་དེབ་དང་རྩོམ་པའི་ཡིག་འབྲུ། ཕུགས་ཀྱི་རེ་སྙེག་དག་ལ་ཚང་རྩིས་ཤིག་བྱེད་རྒྱུ་དེའང་ཡིན་མོད། བདག་གི་བསམ་གཞིག་གི་རྟ་ཕོ་དེ་ལྟར་ཕྱིར་དྲན་གྱི་ཐང་ཆེན་དུ་ངལ་དུབ་ཀྱིས་འདུར་དཀའ་སོང་། དོན་གྱིས2017ལོར་བདག་གིས་ཅི་ཞིག་འགྲུབ་སོང་ངམ། བདག་གིས་ཅི་ཞིག་ཤོར་སོང་ངམ། བདག་ད་དུང་རྩོམ་རིག་གི་ལམ་ཕྲན་སྟེང་དཀའ་སྡུག་གིས་འདུར་གྱིན་ཡོད་ནའང་། ལོ་གཅིག་གི་ཉིན་ཞག་དག་ལ་ཕྱིར་འདང་རྒྱག་རན་དུས། ང་ལ་སྔར་མེད་ཀྱི་དངངས་སྐྲག་ཅིག་སྐྱེས་སོང་། ང་ལ་ཚོད་ཚོད་དུ་འཚུབ་ཆ་ཞིག་ལངས་ཡོང་།
        ཟླ་གཅིག་གི་ཡར་སྔོན་ལ། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་མཚོ་ལྷོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དག་ལ་ལོ་གཅིག་གི་བྱ་བའི་གྲུབ་འབྲས་སྤྱི་སྡོམ་བྱེད་དུ་བཅུག་པར། བདག་གིས་ཉིན་ཞག་འགའི་དུས་ཚོད་སྤྱད་ནས་ད་གཟོད་རེའུ་མིག་ཅིག་ཏུ་རང་གི་བརྩམས་ཆོས་ཡིན་ལོ་ཁད་འགའ་མ་གཏོགས་འབྲི་ཐུབ་མ་སོང་། དྲང་མོར་བཤད་ན། བདག་གིས་ལོ་འདིར་ཡང་ཁོམ་ལོང་མེད་པའི་དུས་ཚོད་ཀྱི་བར་གསེང་ནས་སྒེར་དོན་གཞུང་དོན་གང་ཡང་འགྲུབ་མ་སོང་མོད། ཚབ་མཚོན་བརྩམས་ཆོས་སུ་བགྲང་ཆོག་ཆོག་ཏུ་ཡོད་པའི་སྒྲུང་ཐུང་གཉིས་དང་ལྷུག་རྩོམ་འགའ། སྙན་ཚོམ་འགའ་ལས་སྟོན་རྒྱུ་མི་རྙེད་པར་འདུག དེ་དག་ཀྱང་ཞིང་ཆེན་རིམ་པའི་མན་གྱི་གཞུང་གཉེར་དུས་དེབ་འགའི་སྟེང་དུ་མ་གཏོགས་འགོད་ཐུབ་མི་འདུག དེས་ནི་བདག་ལ་སྒྱིད་ལུག་གི་ནད་ཡམས་ཤིག་འགོས་དང་འགོ་མུས་སུ་འདུག་པ་མཚོན་ཐུབ།
        ལོ་སྟོད་དུ། མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་རྩ་འཛུགས་འོག་ཀྲའེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་དུ་ཉིན་བཅུའི་རིང་གི་སློབ་སྦྱོང་ལ་སོང་ཞིང་། སློབ་སྦྱོང་དང་ལྟ་སྐོར་གྱི་གསེང་ནས་དགེ་རྒན་སྟག་འབུམ་རྒྱལ་གྱི་སྒྲུང་ཐུང་ཞིག་གློག་བརྙན་འཁྲབ་གཞུང་དུ་བཅོས་སྒྲིག་བྱེད་རྒྱུ་དྲན་ཞིང་། རྗེས་སུ། 《རྒྱང་དུ་གྱེས་པ》ཞེས་པའི་གློག་བརྙན་འཁྲབ་གཞུང་དེ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གྲངས་ཉུང་མི་རིགས་རྩོམ་པ་པོའི་རོགས་སྐྱོར་བརྩམས་ཆོས་ཀྱི་གྲས་སུ་བདམས་སོང་། དེ་ནི་ད་ལྟའང་བདག་གིས་ལོ་འདིའི་བརྩམས་ཆོས་ལེགས་ཤོས་སུ་བརྩི་བཞིན་ཡོད། གཞན་དུ། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཉམ་འབྲེལ་དུ་བྲིས་པའི་རླུང་འཕྲིན་འཁྲབ་གཞུང་ཅུང་རིང་གྲས་ཤིག་ཀྱང་ཟླ་བཅུ་པའི་ནང་ལེགས་འགྲུབ་བྱུང་ཞིང་། མ་ཕྱི་རྒྱ་ཡིག་ཏུ་བསྒྱུར་ཚར་ནས་རྣམ་གྲངས་ག་གེ་མོ་ཞིག་བརྩོན་བཞིན་འདུག་སྐད། དེ་ཡང་བདག་གིས་རླུང་འཕྲིན་འཁྲབ་གཞུང་ལ་ཚོད་ལྟ་བྱས་པའི་བརྩམས་ཆོས་གཉིས་པ་ཡིན་པས“ཕ་འདང”དང“བུ་འདང”ལོས་ཡོད། “ཕ་འདང”དང“བུ་འདང”གླེང་ཡོང་ཚེ། བདག་གིས་དམངས་ཁྲོད་རོགས་མཐུན་གྱི་རྣམ་པས་བྲིས་པའི་དུངས་བརྗོད་གླུ་གར་གྱི་འཁྲབ་གཞུང་ཞིག་ཀྱང་ཕ་ཡུལ་གྱི་གླུ་བ་ཞིག་གིས་གློག་བརྙན་དུ་ཕབ་ཡོད། འཁྲབ་གཞུང་དང་བརྙན་ཕབ་ཀྱི་ཚད་གཞི་དེ་འདྲ་མཐོ་རྒྱུ་མེད་རུང་དྲ་ལམ་དུ་བཀྲམ་ཐེངས་ཐོག་མ་རྡེབ་གྲངས་འབུམ་བཞི་ལྷག་ལ་བུད་པ་དེས་ང་ལ་ཨང་ཉམས་དང་ང་རྒྱལ་ཆུང་ཆུང་ཞིག་ཀྱང་སྐྱེ་རུ་བཅུག་མྱོང་།
        ད་ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཙོས་གཞུང་སྒེར་གྱི་དཔེ་སྐྲུན་ཁང་དག་གིས་གནའ་དཔེ་དུམ་པ་དུམ་པས་དཔར་ཞིང་། བྷོད་རྡོར་འཆང་དང་བྲག་རྡོ་གཙོས་ལག་བདེ་དག་གིས་སྒེར་དེབ་རིམ་པ་རིམ་པས་ཇུས་འགོད་བྱས་ལ། སྔ་ན་མེད་པའི་བྱིས་སྒྲུང་གི་དཔེ་ཚོགས་དག་ཀྱང་སྔ་གཞུག་བརྩད་ནས་སྤྱི་ཚོགས་སུ་བཀྲམ་པ་ན། བདག་གིས་གཉེར་བའི་ཀོས་ནན་རྫོང་གི་གཟའ་ཉི་མའི་ཁྱིམ་ཚང་དཔེ་ཤག་ཏུའང་དཔེ་ཆ་འཚོང་མཁན་དང་བླུ་མཁན་ཟམ་མི་ཆད་པར་འཚང་ཡོང་། བར་སྐབས་དེ་འདྲ་ཞིག་གི་གསེང་ནས་བདག་གིས་ཀྱང“འབྲོང་ཕྲུག་ལས་ཤག”ཅེས་པའི་མིང་ཐོག་ནས་གཞུང་སྒེར་གྱི་དུས་དེབ་དང་དཔེ་དེབ་མང་པོ་ཇུས་འགོད་དང་པར་སྐྲུན་བྱས་ཤིང་། དེས་ནི་རང་གི་གསེར་ལས་དཀོན་པའི་དུས་ཚོད་མང་པོ་ཞིག་ཀྱང་དེ་ལྟར་ཆུད་ཟོས་སུ་ཤོར་བར་གཞི་ནས་འགྱོད་སོང་། ཡིན་ནའང་། འགྱོད་པ་རྟས་མི་ཟིན་པའི་སྲིད་པའི་གཏམ་དཔེ་དེས་ང་ནི་སྐད་འཕྲིན་ཚོགས་པ་ལས་གཏམ་བཤད་སྤེལ་རྒྱུ་དང་སྙན་ངག་ཚོགས་པ་ལས་སྐར་མ་རྒྱག་རྒྱུ། འཕྲིན་སྟེགས་སྣ་ཚོགས་ལས་ཤིས་ཚིག་སྤུངས་རྒྱུའི་ལས་དག་དང་རྒྱང་དུ་བཀྱེད་ཅི་ཐུབ་ལ་འབད་པ་ཡིན། དྲང་མོར་བཤད་ན། ལས་དེ་དག་གང་ཡིན་རུང་ངའི་གཤིས་ཀ་དང་རྒྱང་ཐག་རིང་བ་སུས་མི་ཤེས།
        ད་ལོར་བདག་གིས་སྔར་བཞིན་སློབ་གསོ་སློབ་ཁྲིད་ཀྱི་ཞོར་དུ།《མང་ཆུ》རྩོམ་རིག་དུས་དེབ་ཀྱི་ལག་བསྟར་རྩོམ་སྒྲིག་པ་དང《མང་རྫོང་སློབ་གསོའི་ལྟ་སྐུལ》གྱི་གཙོ་སྒྲིག་གཞོན་པའི་འགན་ཁུར་ཏེ། ཀོས་ནན་རྫོང་ས་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་དང་སློབ་གསོའི་གནས་བབ་ལ་ནུས་པ་ཨེན་ཙམ་འདོན་ཐུབ་པ་བྱུང་ཞིང་། དེའི་ཞོར་དུ་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་རྩོམ་རིག་དུས་དེབ《ཁྲི་ཤོར་རྒྱལ་མོ》དང་རྩོམ་རིག་དཔེ་ཚོགས་འདོན་ཐེངས་གསུམ་པའི་རྩོམ་སྒྲིག་ཨུ་ཡོན་སོགས་སུ་བདམས་པ་དེ་ཡང་ཀུན་གྱིས་བདག་ལ་ཡིད་ཆེས་དང་གོང་བཀུར་བྱས་པས་རེད་ལ། དེས་ཀྱང་ང་ལ་ཇ་ཁ་ཆང་ཁ་རུ་འཁྱམ་པའི་ཁོམ་ལོང་གི་དུས་ཚོད་ཅིག་ཡེ་ནས་མེད་པ་བདེན་དཔང་བྱས་ཡོད།
        མདོར་ན། ད་ལོར་བདག་གི་ཉེ་འགྲམ་དུའང་ཞིན་ཏེ་རྫོང་དུ《གསེར་གྱི་ལྷ་དར》རྩོམ་རིག་བྱ་དགའ་དང་ཁྲི་ཀ་རྫོང་དུ《ལྗོན་དབང》རྩོམ་རིག་བྱ་དགའ། འབའ་རྫོང་དུ་གསར་བཏོན་རྩོམ་རིག་དུས་དེབ《མཚེར་ཐོ》ལ་སོགས་པས་མཚོན་པའི་རྩོམ་རིག་དུས་དེབ་མང་པོ་ཞིག་གིས་རང་ས་ཁུལ་གྱི་རྩོམ་རིག་གི་མེ་རྟ་སླར་ཡང་བསྒྲོན་པས་ན། དེས་ཀྱང་ས་གནས་རྩོམ་རིག་གི་མེ་དཔུང་དགུང་དུ་མཆེད་པར་ནུས་པ་ཅིས་མི་འདོན་ཨང་། ཡིན་ནའང་། དེ་དག་ནི་བདག་གི་སྐབས་འདིའི་གླེང་བྱ་མ་ཡིན་པས། བདག་གིས་ནམ་ཡང་ལོ་འདིའི་བོད་སྤྱིའི་རྩོམ་རིག་གི་དོན་ཆེན་ལ་སྤྱི་སྡོམ་ཆ་ཚང་བྱེད་མཁན་ཞིག་ལ་རེ་ཞིང་སྒུག་ཡོད།
        ཀྱེ། རྣམ་དཔྱོད་ཅན་ཁྱོད་གང་ན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1