དཔྱིད་ཀྱི་ཚོར་བ།
རླངས་སྲས།(ཟི་ལིང)
དཔྱིད་ཆར་ཁངས་ཡུག་ནང་ནས་ཕྱིར་བུད་དེ།།
ས་མཐོའི་རང་ཡུལ་མཛེས་ཕྱིར་ཟླ་གཞོན་དང་།།
སྤྲིན་དཀར་ཇི་བཞིན་མཛའ་གཅུགས་ལག་པ་ཡིས།།
སྙིང་སྡུག་སྙིང་ལ་སྤྲོ་དགའི་རི་མོ་བྱེད།།
ལྷོ་སྤྲིན་ལང་ལོང་འཁོལ་བའི་སྟངས་ཀ་ཡིས།།
ས་ཐོག་མི་ལ་མནལ་ལྡང་འབྱམས་ཡིག་བཀྲམ།།
སྐལ་ལྡན་གཞོན་པའི་སྙིང་གི་ལྕགས་དབྱུག་གིས།།
བདུད་སྲིན་སྙིང་སྟོབས་རི་རྒན་རྨང་ནས་བཤིགས།།
མྱུ་གུའི་མགོ་ལྕོག་ལྷུག་ལྷུག་ལྡེམ་པའི་དབུས།།
གང་བུ་སར་བ་རྣམས་ཀྱིས་གསང་སྟབས་ཀྱིས།།
དཔའ་རྟུལ་ཨ་ཇོ་གར་སོང་དྲི་བའི་གཏམ།།
ན་ཆུང་ཇོ་རུས་ཐོས་པས་ལྷང་ལྷང་བགད།།
རབ་ཏུ་སྐྱེངས་པའི་ན་ཆུང་སྙིང་ག་རུ།།
གསང་བའི་ལྷ་ཆུང་མངོན་ཆུང་སྦས་པ་ཞིག །
པྲ་ཆལ་ཕྱག་ལེན་གང་བྱུང་བྱེད་པ་ཡིས།།
ངེས་པར་དབྱར་འདི་ལང་ཚོའི་རྒྱན་བྱེད་དོ།།
གོམ་པ་རྫུ་འཕྲུལ་རླུང་ནག་བསིར་སྒྲ་ཅན།།
གཅོང་རོང་གཉན་འཕྲང་ལམ་དུ་བང་ཆེན་བཞིན།།
ནམ་མཁོ་བོས་པས་གཡེལ་མེད་འགྲུས་བཟང་གིས།།
ཁ་བའི་རྒྱལ་ཁམས་འདི་ཉིད་རྟག་སྲུང་ཤོག །