པྱིད་ཐོན་ལ་ཉེ་དུས།(ཞར་བཀོད་གཅིག)
ཐོ་རེངས།(རྨ་ལྷོ)
ངས་ས་བོན་འགའ་གྲ་སྒྲིག་བྱས་ཡོད
དེ་དག་ནི་ནས་ཀྱི་ས་བོན
གྲོ་ཡི་ས་བོན
སྲན་མའི་ས་བོན་བཅས་ཡིན
འབྲས་བུ་སྨིན་ཚར་ནའང
དེ་དག་སྔར་བཞིན
ནས་ཡིན
གྲོ་ཡིན
སྲན་མ་ཡིན
དེ་མིན ངས་ད་རུང་ཡང་ས་བོན་འགའ་གྲ་སྒྲིག་བྱས་ཡོད
ས་བོན་དེ་དག་གི་མིང་ལ་ཅི་ཟེར་དྲིས་ཀྱང་མ་མྱོང
ཡང་མིན་ན
ཁྲ་ལམ་མེར་བཞད་པའི་མེ་ཏོག་ཅིག་ཡིན་སྲིད
ཡང་མིན་ན
དྲི་བསུང་འཐུལ་བའི་སྨན་རྩྭ་ཞིག་ཡིན་སྲིད
ཡང་མིན་ན
སྐྱེས་གཟུགས་དྲང་པོའི་རྩི་ཤིང་ཞིག་ཡིན་སྲིད
ཉེས་ན
དུག་གིས་བསྐྱེད་པའི་ཉལ་ཐའི་མེ་ཏོག་ཅིག་ཡིན་ཀྱང་སྲིད
དེ་ལྟར་ན
ངས་མི་ཚེ་གཅིག་ལ་སྒོམ་འོངས་པའི་མིང་ཡིག་སྟེ
གངས་དཀར་གཡང་འཛོམས་ཞེས་པ་འདི
མེ་ཏོག་འདི་དང
སྨན་རྩྭ་འདི
ཡང་ན་རྩྭ་ཕྲན་འདི་དང
ཉལ་ཐ་འདི་ལ་མིང་དུ་གདགས་རྒྱུ་བྱུང་ན
མི་ཚེ་གང་བོར
ཆུ་ལུད་ང་ཡིས་ཕུལ་ཆོག
གཉོར་སྐྱོང་སེམས་ཀྱིས་བྱས་ཆོག
ང་ཡི་གམ་ནས་འཚར་ཏེ
ང་ཡི་གམ་ལ་ལོག་ཆོག་ཨང
རྨི་ལམ་གྱི་འགྲེལ་བརྗོད།
ང་རང་གཙང་པོ་མེ་ལོང་འདྲ་བ་ཞིག་གི་ཁ་གཏད་ན་ཡོད
ངས་རང་ལུས་ཀྱི་གྲིབ་མ་ངམ་གནག་པ་དེ
གཙང་ཆུའི་གཞུང་ལ་བསྐུར་ནས
སྡིག་སྒྲིབ་མཐའ་དག་འཁྲུད་བཞིན་ཡོད
གློ་བུར་དུ
ང་གཟུགས་མེད་པ་ཞིག་གིས་མནན་བྱུང
ངག་ཀྱང་ལྐུགས་སོང
མཐོང་ལམ་ཡང་རབ་བེ་རིབ་བེ་ཞིག་ཏུ་གྱུར
འབུ་སྦྲང་མང་པོ་ཞིག་ལུས་སྟེང་ལ་བབས་ཏེ
ཤ་ཁྲག་འཇིབ་ཅིང་འཚང་ཁ་རྒྱག
ལྡིར་སྒྲ་ཞིག་གིས་བར་སྣང་བཀང
དེ་མུར་གཙང་པོས་ང་དྲུད་ནས་དྲག་ཏུ་རྒྱུགས
ང་རང་མཚམས་མེད་པར་དངངས
ང་རང་ཚད་མེད་དུ་ངུས
ཐར་ལམ་མེད་པའི་དུས་སུ
ངས་རང་གི་བེམ་པོ་བསྐྱུར་ནས་འབྲོ་དགོས་བྱུང
ནམ་ལངས་སོང་བ་ཡིན་ནམ
དུས་ཚོད་ཀྱི་མདའ་རྩེ་ང་ལ་ཕྱོགས་ནས་ཁྲོས་འདུག
ང་གཙང་པོ་དང་བེམ་པོ་གང་ལའང
ཐིམ་མེད་ཅིང་བྲལ་ཡང་མི་འདུག
རྨི་ལམ་མེད་པའི་དུས་སུ
འཆི་བདག་གིས་བཟུང་ཚར་བ་རེད་དམ
མདུན་གྱི་མེ་ལོང་ལས
གྲིབ་མ་རིང་བོ་ཞིག་མཆོང་སྟེ་ང་ལ་དམ་དུ་འཁྱུད་བྱུང