དབྱར་ཁ།

ལྡོང་འབྲུག་ལྷ་རྩེ་བརྒྱད། (ལན་གྲུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


དབྱར་ཁ།

 

                                                ལྡོང་འབྲུག་ལྷ་རྩེ་བརྒྱད། (ལན་གྲུ)

 

    བསིལ་རླུང་འཇམ་པོ་ཞིག་གི་རྒྱུ་ཕྱོགས་དང་བསྟུན་ནས་དབྱར་ཟླ་མགོ་མ་དྲོད་ཀྱིས་ཚེས་བྱུང་།  ཁུ་བྱུག་ལྷང་ལྷང་གི་གསུང་སྐད་དང་འགྲོགས་ནས་སྐྱེ་དངོས་སྣ་ཚོགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཅིང་།  མཐའ་ཡས་པའི་རང་བྱུང་ཁམས་ཆེན་མོས་སྔོ་ལྗང་གི་ལྭ་བ་གྱོན་པ་ནི་དབྱར་གྱི་དཔལ་མོ་ལ་འཛུམ་གྱིས་བསུ་བ་དང་འདྲ།  དབྱར་ཁ་སླེབས་པ་ནི་བདེ་སྐྱིད་སླེབས་པ་དང་ཀུན་ནས་མཚུངས་ཏེ། ཆུ་བོ་ཆབ་རོམ་གྱི་སྦུབས་ལས་གྲོལ་ཅིང་ཉ་གསེར་མིག་གིས་འཁྱུག་རྩལ་ངོམ།  ནམ་མཁར་སྔོ་བསངས་ཀྱི་མདངས་རྒྱས་ཤིང་རྒོད་ཐང་དཀར་གྱིས་གཤོག་འགྱུར་ལྡེམ།  རི་བོ་མཐོན་པོས་མིག་ཟུང་ག་ལེར་ཕྱེས་ནས་ཡུལ་གྲུ་ཀུན་ལ་རྒྱང་མིག་ལྟ་བ་དང་།  སྤྲིན་པ་ལེབ་མོ་མཁའ་དབྱིངས་སུ་དལ་བུར་རྒྱུ་བ་དང་ལྷན་ཅིག་གྲིབ་བསིལ་སྣུམ་པོ་ཞིག་ཀྱང་ས་གཞིའི་ཕང་བ་རུ་ངང་གིས་སླེབས་ཡོང་།

    དབྱར་ཁ་སླེབས་པ་ན་དྲོད་ལམ་ལམ་གྱི་ཉི་འོད་ཁྱོད་ཀྱི་ཤ་གསེང་རུས་གསེང་དུ་ཐིམ་ནས་ཡོང་།  ཉི་འོད་ཡོད་ས་ན་རེ་བ་ཡོད།  རེ་བ་ཡོད་པས་ཁྱོད་ཀྱིས་མགོ་བོ་ཐུར་དུ་སྨད་དགོས་པའི་རྒྱུ་མཚན་ཅི་ཡང་མེད།  ངོ་གདོང་ལ་འཛུམ་ཀྱིས་ཁེངས་ནས་རང་སྣང་སྐྱིད་པའི་གླུ་དབྱངས་བླངས་ཆོག་ལ།  མགོ་བོ་གྱེན་དུ་དགྱེ་སྟེ་སྔོ་བསངས་ཀྱི་ནམ་མཁར་སྟོང་འདང་གི་རི་མོ་གང་འདོད་དུ་བྲིས་ཆོག  ཡང་ན་ལྗང་མདོག་གི་རྩྭ་ཐང་དུ་གན་རྐྱལ་དུ་ལོག་སྟེ་ཆུ་མོ་ཤང་ཤང་དུ་བཞུར་བའི་སྒྲ་དང་ཁུ་བྱུག་ལྷང་ལྷང་དུ་གྲག་པའི་གསུང་ལ་ཉན་ཆོག  དེ་བས།  དབྱར་ཁ་སླེབས་པ་ན་ཁྱོད་རང་ཡིད་མི་སྤྲོ་བའི་རྒྱུ་མཚན་གང་ཡང་མེད།

    ཁྱོད་རང་རི་བོ་མཐོན་པོ་ཞིག་གི་རྩེ་རུ་ཕེབས་ནས།  ཐུབ་པ་གངས་ཅན་མཚོའི་ལྷུང་བཟེད་ཀྱི་ཁ་ན་ཆགས་པའི་ཡུལ་གྲུ་འདི་ལ་ག་ལེར་ལྟོས་དང་།  ངོ་མཚར་རྨད་བྱུང་གི་མཛེས་སྡུག་ཕུན་སུམ་ཚོགས་པ་ཡོད་དེ།  སྟོད་མངའ་རིས་ན་རི་དྭགས་སྣ་ཚོགས་བག་ཡངས་སུ་རྩེན་པའི་ཚུལ་ལ་ལྟོས་དང་།  ཁྱོད་ཀྱིས་རྩེད་ཐང་གོང་པོ་རི་ཡི་སྤྲེལ་ཕྲུག་ལྷ་ཕྲུག་འདྲ་བ་དག་གིས་མ་རྨོས་པའི་ལོ་ཏོག་ཟ་བའི་ངང་ཚུལ་མཐོང་ཡོང་།  ཁྱོད་ཀྱིས་བར་དབུས་གཙང་ན་ཆོས་ཀྱི་སྒྲ་དབྱངས་ལྷང་ལྷང་དུ་གྲག་པའི་གསུང་ལ་ཉོན་དང་།  ཆབ་སྲིད་གནམ་ལས་མཐོ་ཞིང་དབུ་རྨོག་རི་བས་བཙན་པའི་རྒྱལ་པོ་ཞིག་གི་གཟི་དཔལ་ཚོར་ཡོང་།  ཁྱེད་ཀྱིས་སྨད་མདོ་ཁམས་ཀྱི་འདོ་རིག་རྟ་ཕོའི་མྱུར་མགྱོགས་ཀྱི་བང་རྩལ་ལ་གཟིགས་དང་།"○སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ།།  རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི།།"དམག་དཔུང་ཞིག་གིས་རྒྱལ་ཁའི་བ་དན་མཐོ་རུ་བསྒྲེངས་ཤིང་རྡུལ་གྱི་ཕུང་བོས་བར་སྣང་འགེངས་པའི་རྔམ་བརྗིད་དང་ཟིལ་ཤུགས་མཐོང་ཐུབ།  ད་དུང་།  བགྲང་མི་ཚར་བའི་ནོར་ལུག་གི་ཚོམ་བུ་རེ་རེ་མིག་གིས་ལོངས་སུ་སྤྱོད་ཐེངས་རེར།  དབུ་སྐྲ་རིང་པོ་སོག་འདབས་སུ་སླེབས་པའི་མི་ཕོ་ཞིག་གིས་བྲེ་སེར་འབྲོང་གི་གཉའ་ནས་ཕབ་ཅིང་ཁ་དཀར་རྐྱང་ལ་ཁ་ལོ་བཏུལ་བའི་ལོ་རྒྱུས་ཤིག་ངང་ངམ་ཤུགས་ཀྱིས་དྲན་ཡོང་།

    དབྱར་ཁ་ནི་དབྱར་ཁ་སྟེ།  ང་ཚོ་ཐུན་མོང་གིས་མྱོང་རོལ་བྱས་ཆོག་པའི་སྙན་འཇེབས་ཀྱི་རོལ་མོ་ཞིག  ཁྱོད་ཀྱིས་ཡང་དང་བསྐྱར་དུ་ཇི་ལྟར་ཉན་ཡང་བྲོ་བ་ཡལ་མི་སྲིད་པ་དེ་ཡིན།

    དབྱར་ཁ་ནི་དབྱར་ཁ་སྟེ།  རོ་མངར་བཅུད་ཀྱིས་གཏམས་པའི་བཏུང་བ་ཁྱད་པར་བ་ཞིག  ཁྱོད་ཀྱིས་ཇི་ལྟར་འཐུང་ཡང་ངོམ་པ་མེད་པའི་བདུད་རྩི་མངར་མོ་དེ་ཡིན།

 

 

མཆན།

○  མཁས་དབང་དགེ་འདུན་ཆོས་འཕེལ་གྱི《དེབ་དཀར》ལས་དྲངས་པ་ཡིན། 


རྩོམ་ཡིག་སྔོན་མ།
པོ་ཏ་ལ།
རྩོམ་ཡིག་རྗེས་མ།
དབྱར་ཁ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1