གསེར་གྱི་གླིང་ཕྲན་སྟེང་གི་བླ་གཡུ་ལྗང་ཁུ། --- ཏུན་ཧོང་ལ་བྲིས་པའི་སྙན་ངག་རིང་མོ།

མདོ་སྨད་ཧེ་རུ་ཀ(ལན་གྲུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


 གསེར་གྱི་གླིང་ཕྲན་སྟེང་གི་བླ་གཡུ་ལྗང་ཁུ།

                                --- ཏུན་ཧོང་ལ་བྲིས་པའི་སྙན་ངག་རིང་མོ།

 

                                           མདོ་སྨད་ཧེ་རུ་ཀ(ལན་གྲུ)

 

                        སྔོན་འགྲོ།

"གསེར་གྱི་གླིང་ཕྲན་སྟེང་ན་ཆུ་མིག་ཅིག་ཡོད

ཆུ་མིག་ལྗང་ཁུའི་འགྲམ་ན་མཛོ་མོ་ཞིག་འདུག

འདོད་འཇོའི་འོ་མ་དཀར་པོ

དར་གྱི་ལམ་བུ་རིང་མོ"

 

                        དང་པོ།

བརྩེ་དུངས་ཀྱི་སྐུད་སྣེ་ལས་ཟགས་པའི་ཆུ་ཡི་ཐིགས་པ་ཕྲ་མོ

ཁུ་ནུ་རི་རྒྱུད་ཀྱི་གངས་རི་ལས་ཞུས་པ་ཡིན་ནམ

བྱེ་མའི་དཀྱིལ་འཁོར་ལ་མིག་ཆུའི་ཚུལ་དུ་ལྷུང་བས

ལྗང་མདོག་གི་སྐུད་པ་ཡུག་གཅིག་ནམ་མཁར་འདྲེས་ཏེ

བྱེ་མའི་ཀློང་གི་ཁ་དོག་འགྱུར་རྡོ་རུ་ཆགས་ནས

མི་ལོ་སྟོང་ཕྲག་འདས་པའི་ཕྱི་རོལ་ཏུ

བླ་གཡུ་དང་བླ་རྡོ་ཟེར་བ་ཞིག་ཆགས་སོང

 

རླུང་ངོགས་ནས་འདུར་མྱོང་བ་དེ་དག

སྐ་རགས་ཀྱི་སྣེ་མོར་ལམ་བུ་བཏབ་ནས་ཉིན་མཚན་བརྒལ་ཡོང་བ་དེ་དག

མཐའ་འཁོར་ནི་རླུང་དང་རི་རབ་ཀྱི་ཉམས་དམས་ཡིན་པ་དྲན

དཀྱིལ་འཁོར་ནི་གངས་དང་མཚོ་མོའི་རྔམ་བརྗིད་ཡིན་པ་དྲན

 

བྲག་ཁུང་དག་གི་ལྡེབས་ངོས་སུ་བྲིས་པའི་ལོ་ཟླའི་ཟློས་གར

ལྷ་མོའི་འཛུམ་བག་གི་ཁྲོད་ལ་འཁོར་བའི་ཆོས་སྲིད་ཀྱི་བྲག་ཅ་ཕྲ་མོ

དར་གོས་ལྷབ་ལྷུབ་ཀྱི་གཡབ་མོས

ལོ་ངོ་སྟོང་ཕྲག་ལྷག་གི་ཡི་གེ་དང་སྐད་ཆ་བཀྲུས་ཡོང

འདི་ནས་རྒྱང་རིང་ལ་དྲན་པ་བསྔོས་ཚེ

འཇམ་ཐང་ཐིང་གི་རྒྱང་རིང་དང་དེ་ཡི་ལོ་ཟླའི་ཁྲོད་ཀྱི་ཁ་ཆར་བུ་ཡུག

ནམ་མཁའི་ངོས་ལ་བྲིས་པའི་སྤྲིན་དཀར་གྱི་རི་མོ་ནང་བཞིན

བར་སྣང་ལ་འཐིམ་ཚར་བའི་ཤུལ་རྗེས

ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་ལ་ཁུ་སིམ་མེར་འཁྱིལ་འདུག

 

ཏུན་ཧོང  ཕར་འགྲོ་དུས་སྐྱ་མི་ཁྲི་ཕྲག་གི་རྔམ་ཟིལ་ཡོར་ཡོར

ཏུན་ཧོང  ཚུར་ཡོང་དུས་གླེགས་བམ་ཁེར་རྐྱང་གི་ན་ཟུག་ལྷང་ལྷང

རླུང་བུས་རྟ་ཕོའི་རྨིག་རྗེས་བསུབ་ཡོང

རླུང་བུས་རྫི་གླུ་དང་དྲན་པ་བསྣུབས་ཡོང

 

                             གཉིས་པ།

"ཟླ་འོད་མག་མོག་གི་ཀློང་ན

གྲིབ་མའི་སྣ་ཐིག་ལ་བཏགས་པའི་རྔ་མོང་གི་ཁྱུ

གོམ་ཆུང་བྱེ་མར་བསྒྱུར་བའི་ལས་དབང་གི་མཚན་ལམ་རིང་མོ

རི་ཆུ་གྲངས་མེད་དཀའ་ཚེགས་ཀྱིས་བརྒལ་ཏེ

ཉི་ཤར་བསུ་བའི་མིག་ཟུང་ལ་རེ་སྒུག་ལྗང་ཁུ་འཁྱིལ"

 

རྒས་ཤིང་འཁོགས་པའི་དུས་ཀྱི་སྨྲ་ར་དང་ཁ་སྤུ

དྲན་ཞིང་གདུང་བའི་འདས་སོང་གི་གཏམ་རྒྱུད་སྨུག་པོ

ཡལ་བ་མེད་པའི་ཉི་མའི་མིག་ཆུ་སྔོན་པོ

ཟད་དུ་མེད་པའི་ཆུ་ཤེལ་གྱི་འོད་ཟེར་དྭངས་མོ

དེ་དག་གི་སྲུབས་ཀ་ལས་བརྡོལ་ཡོང་བའི་བྱེ་མའི་གླིང་ཕྲན་དང་རླུང་བུའི་རྔོག་མ

ཁུ་ནུ་རི་རྒྱུད་ཀྱི་སྨུག་པས་ཁྱོད་ཀྱི་སྙིང་གར་འཇམ་མཉེན་གྱི་བསིལ་ཤ་བསྒོས་པ་དྲན་ནམ

 

འཇིག་རྟེན་ན་ཉི་མ་ལས་འོད་འཚེར་བའི་གོ་ལ་གཞན་ག་ཚོད་བོར་ཡོད

མི་ཡུལ་ན་དུས་ཀྱི་བར་སྟོང་ལས་བརྒལ་བའི་གཏམ་རྒྱུད་ཅི་ཙམ་སྦས་ཡོད

སྟོང་སང་སིང་གི་གནམ་སའི་མཐུད་མཚམས་ཀྱི་ལྗོངས་ཆེན་པོ

གྲང་ཤུར་ཤུར་གྱི་ལམ་བུ་ག་ཚོད་ཀྱི་སྣེ་མོར

དགའ་སྐྱོ་དང་དགེ་སྡིག་དཔྱངས་ནས་རླུང་གིས་གཡོ་བཞིན་ཡོད་ཨང

 

འོད་ཟེར་ལ་ཁྲུས་སུ་རོལ་བས་སྡིག་སྒྲིབ་འདག་སྲིད་པའི

རྣམ་ཤེས་ཀྱི་ཆབ་རྒྱུན་ལྷུང་ལྷུང་འཁྲོལ་ཅིང་མདུན་དུ་རྒྱུག་ངེས་པའི

དུས་ཚོད་ཀྱི་མིག་ཟུང་ཀློང་ལ་ཁ་བ་ཆགས་འདུག

ལྗང་མདོག་གི་རྨི་ལམ་རིང་མོར་རྣ་རྒྱན་སེར་པོ་དཔྱངས་པ

མཐའ་མི་མངོན་པའི་ནམ་མཁའི་ཁ་གཏད་ཀྱི་བྱེ་མའི་རྒྱ་མཚོ་ཡིན་སྙམ

དུས་རླུང་ནི་འགྱུར་ཁུགས་ལ་ཆགས་སྲིད་པ་དེ་ཡིན་ནམ

ཉི་ནུབ་ནི་བྲོ་གར་ལ་འཁྱུད་ངེས་པ་དེ་ཡིན་ནམ

མཆོད་རྟེན་དང་བྲག་ཕུག་གི་བང་རིམ

ལྷ་སྐུ་དང་ལྡེབས་བྲིས་ཀྱི་ཚོན་མདངས

ཐག་རིང་ནས་བཏུས་ཡོང་ཞིང

སླར་ཡང་རྒྱང་རིང་ལ་བོར་ཆོག་པའི་གཏན་ཚིགས་ཀྱི་ལྕགས་རི་རིང་མོ

བྱེ་མའི་ནང་ལ་ཟགས་པའི་ཁྲག་གི་ཐིགས་པ

ཡིད་ཆེས་ཀྱི་སྣེ་མོ་སྦངས་པའི་རྔུལ་ཆུའི་འོད་ཟེར

སེམས་ཀྱི་གས་སྲུབས་ནས་འཁྱག་སིབ་སིབ་ཀྱིས་བཞུར་འོང་སྟེ

རྟ་ཕོའི་རྨིག་པ་བརླན་པར་བྱས

མི་བུའི་སྒལ་གཞུང་བརླན་པར་བྱས

 

ལྷོ་ཡི་ཕྱོགས་ནས་བསྟར་ཡོང་བའི་ཁྲུང་ཁྲུང་གི་ཁྱུ་ཚོགས

གཤོག་པའི་སྒྲ་དབྱངས་ཀྱི་ལྡེམ་མྱུར་ཁུད་སོར

བཀྲ་ཤིས་པའི་ཁ་གཡང་རླུང་བུར་གཅུད་ནས་ཕེབས

བདེ་སྐྱིད་ཀྱི་མགྲིན་དབྱངས་བར་ལ

ལོ་རྒྱུས་ཀྱི་རྨ་ཁ་དང་ན་ཟུག་བསྙལ་ནས་རྒྱང་ལ་བཞུད་པས

བྱེ་མའི་ནང་ལ་ཁུ་ནུ་རི་རྒྱུད་ཀྱི་གངས་རི་ཞུས་ནས་དྲན་པ་སོས་སུ་བཅུག

 

                        གསུམ་པ།

"བརྩེ་དུངས་ཀྱི་བར་སྣང་ལ་རྒོད་པོ་འཁོར་གྱིན་འདུག

རྒྱང་རིང་གི་ཉི་ཟླའི་དཀྱིལ་འཁོར་ལ་ངག་རྒྱུན་བབས་ཏེ

ལྷ་ཚོགས་ཀྱི་སྙིང་ཁར་ཡིད་འོང་གི་ལྗང་ལོ་འབུས་པས

ཆུ་མིག་འགྲམ་གྱི་གཏམ་རྒྱུད་དྲན་ཡོང

ནམ་མཁའི་ངོས་ཀྱི་སྐར་ཚོགས་དྲན་ཡོང"

 

རྒྱང་རིང་གི་བར་སྣང་ལ་ཀྱ་ཀྱུའི་དུད་ཞགས་འཁྲིགས་འདུག་པ་མཐོང་ཐུབ

རྒྱང་རིང་གི་ནམ་མཁའི་ངོས་སུ་ཁྲུང་ཁྲུང་གི་རུ་ཕྲེང་བསྟར་གྱིན་པ་མཐོང་ཐུབ

ཕྱོགས་བཞིའི་རི་བོའི་མུ་ཁྱུད་ཀྱི་དབུས་སུ་འཁྱིལ་བའི

གསེར་གྱི་མཚོ་མོ་དེའི་མིང་ལ་ཏུན་ཧོང་ཟེར

ཏུན་ཧོང་ནི་བྱ་ཁྱུ་འཕུར་ཤུལ་གྱི་ནམ་མཁའ་སྟོང་བ་ཞིག་ལས་ཅི་ཡང་མིན་རུང

འོད་ཟེར་སྟོང་གི་མཛེས་སྡུག་ཐེག་པའི་ཉི་མ་ལུས་ཡོད

ཏུན་ཧོང་ནི་རྔ་ཁྱུ་ཞོགས་ཤུལ་གྱི་ལྕགས་རི་དང་གནའ་མཁར་ཞིག་ལས་གང་ཡང་མིན་མོད

བྲག་ཕུག་སྟོང་གི་རྨ་ཁར་བཏབ་པའི་རྣམ་ཤེས་ཁེར་ཧྲེང་གིས་ལུས་ཡོད

 

ཚེ་སྲོག་གི་ཅོང་སྒྲ་མཆེད་སའི་བྲག་ཕུག་དག

ས་སྲོད་ལ་ཕོ་རོག་འབབ་སའི་ལྗོན་ཤིང་དག

ཡོད་ཚད་ཁེར་རྐྱང་ལ་འཁོར་བའི་ན་ཟུག་གི་ཐང་ན་རྡུལ་དུ་ལངས

ཡོད་ཚད་འདས་དོན་ལ་གཅུད་ནས་རྒྱང་རིང་གི་ཡུལ་ན་གཙང་པོར་འབབ

 

རྟ་ཕོའི་རྨིག་སྒྲས་སྤྲིན་གྱི་སྐེ་རགས་ཕྱེས་པས

དགུ་ཚིགས་སྐྱ་མོར་སེམས་འགུལ་གྱི་མཆི་མ་འཁྲིགས་མྱོང་བའི

བརྩེ་དུངས་ལ་འབྱར་བའི་ངག་རྒྱུན་གྱི་རི་མོ་དེའི་མིང་ལ

ཟླ་གམ་མཚེའུ་ཞེས་རྒྱང་རིང་གི་སྐྱ་མི་དེའི་འགྱུར་ཁུགས་ལ་བསྒོས་ཡོད་པ་ངང་གིས་དྲན

 

                              བཞི་བ།

"རྒྱང་རིང་གི་གྲོང་ཁྱེར་དང་དེའི་མཁའ་དབྱིངས་ལ་ཆགས་པའི་བྲེལ་ཟིང

སྨིག་རྒྱུའི་བསླུ་བྲིད་དང་འདྲེས་པའི་ངག་རྒྱུན་ཡིན་ནམ

རི་ཚོགས་ཀྱིས་མགོ་བོ་དུད་དེ

ཉི་མར་རྒྱང་ཕྱག་འཚལ

དར་གོས་ཀྱི་ཁ་དོག་སྤྲིན་པར་བསྒྲིགས་ཏེ

ལྗང་མདོག་ལ་གསོན་ཤུགས་བསྣན"

 

སུ་ཞིག་གིས་ང་ལ་འགྱུར་དུ་མེད་པའི་མནའ་ཚིག་བསྒག་སྟེ

བྱེ་མའི་ནང་ལ་ལྗང་མདོག་གི་འཇིག་རྟེན་བསྐྲུན་ནུས་ན

ངས་བརྩེ་གདུང་གི་ཡལ་ག་ལྗང་ཁུ་སྤྱད་དེ

རི་རབ་ཀྱི་རྩེ་མོར་གསེར་ཡིག་གིས་ན་ཟུག་སེར་པོ་བྲི་ཆོག

 

སུ་ཞིག་གིས་ང་ལ་བརྗེད་དུ་མེད་པའི་དྲན་པ་དམར་པོ་བྱུགས་ནས

ནམ་མཁའི་ངོས་ལ་ཤམ་བུ་སྲབ་མོ་བསྐོན་ནུས་ན

ངས་འཆར་ཡན་གྱི་ལོ་མ་ལྗང་ཁུ་བཏུས་ཏེ

གཙང་པོའི་ངོས་སུ་གཡོར་གྲུ་དཀར་པོ་བཏང་ཆོག

 

ཇི་སྲིད་གདག་ཏུ་མེད་པའི་ནམ་མཁའ་སྔོ་ཡུག་གི་ཁ་དོག

དེ་ལྟར་འོད་དུ་འཚེར་ངེས་པའི་ཉི་མའི་ཞལ་རས་ཀྱི་དཀྱིལ་འཁོར

འོད་ཟེར་སྙིང་ཁར་བསྡུས་པའི་མཛེས་སྡུག་གི་ཉིང་ཁུ

བྲག་ཕུག་རེ་རེའི་སྒོ་མདུན་ན་མེ་ཏོག་བཞིན་འཛུམ་དུས

ར་ཁྱུ་དེད་པའི་རྫི་བོ་དེའི་སྨིན་མའི་བར་ལ་ཟིལ་བ་ཁྲོམ་འདུག

རྔ་མོང་ཁྲིད་པའི་ན་ཆུང་དེའི་རྐང་རྗེས་ལ་འཚུབ་མ་འཁྱུད་འདུག

 

དགུ་ཚིགས་ཀྱི་གཙང་པོའི་ཕར་ངོགས་སུ

འོད་ཟེར་ལས་གྲུབ་པའི་ས་ཞིང་གྲུ་བཞི་མ་ཞིག་ཡོད་ཅེས

སྐར་མའི་ས་བོན་གཏོར་ནས་བདེ་སྐྱིད་ངང་བསྒུགས

ཡིད་འོང་གི་གྲིབ་མ

ལམ་བུ་གཅིག་ལ་བཏགས་པའི་གཏམ་རྒྱུད་ཀྱི་ཕྱི་མོ

འོད་ཟེར་གྱི་ཉག་མ

སྤྲིན་པའི་ཁོང་གསེང་ལ་བསྡུས་པའི་མིག་ཆུ་དྲོན་མོ

དེ་དག་ཡོད་ཚད་ནི་ཁ་སང་གི་སྐེ་ལ་བསྒྲོན་པའི་མགུལ་རྒྱན་ཡིན

དེ་དག་ཡོད་ཚད་ནི་སང་ཉིན་གྱི་རུམ་ལ་འཇུག་རྒྱུའི་ལམ་བྲོ་ཡིན

 

དུས་ཀྱི་བར་སྣང་ལ་རླུང་བུས་རྐང་པ་བཞག་སྟེ

འོད་ཀྱི་གཤོག་པའི་ངོས་སུ་གངས་རི་དང་གཙང་པོ་བྲིས་ནས

བྱེ་མའི་ཁྲོད་ཀྱི་ལྗང་མདོག་ཡུན་རིང་འཚོས་པས

ང་ཚོའི་སྙིང་གར་རློན་ཐིགས་ཕྲ་མོ་ཆགས་པ་ཡིན

གས་ཞིག་ཏུ་གྱུར་པའི་མཁར་རྙིང་དང་བཙན་རྫོང་དག

རྨི་ལམ་དུ་སྦས་པའི་གླེགས་བམ་དང་ཅོང་རྙིང

རྙིང་རལ་དུ་གྱུར་པའི་གཏམ་རྒྱུད་དང་ལྡེབས་རིས་བྲག་ཕུག་ལས་རྙེད

འགྱུར་དུ་མེད་པའི་ལྷ་མོའི་ཚོགས་ཀྱི་གར་སྟབས

ཚོན་རིས་གདག་ཏུ་མེད་པའི་ཤམ་བུ་སླར་ཡང་རླུང་བུས་གཡོས་ཏེ

སྤྱི་ལོ་ག་ཚོད་སྔོན་གྱི་མེས་པོ་དང་སྒ་ཆས་དྲན་པར་བྱས

རོལ་དབྱངས་དང་སྐད་ཆ་སོས་པར་བྱས

དར་གྱི་མདུད་པའི་ཁུད་སོ་ནས་ལུས་པ་མཐའ་དག

བྱེ་མའི་ཁོང་གསེང་ནས་ཕྱི་རུ་བཏོན་པ་ཡོད་ཚད

ང་ཚོའི་མ་འོངས་པ་དང་འབྲེལ་བ་ཡོད་སྲིད

ང་ཚོའི་ལས་དབང་དང་འབྲེལ་བ་ཡོད་སྲིད

 

ཁྱོད་ནི་གཙང་པོའི་ཕ་རོལ་ནས་འཐོར་ཡོང་བའི

སྐྱོ་ཤས་ཀྱི་ངག་རྒྱུན་མེ་ལོང་འདྲ་བ་ཞིག་ཡིན

ཁྱོད་ནི་བྱེ་མའི་གྲུ་ཁུགས་ནས་གྱེན་དུ་འཕྱུར་ཡོང་བའི

བར་སྣང་གི་དུད་སྤྲིན་སེང་གེ་འདྲ་བ་དེ་ཡིན

ས་གཞིའི་སྙིང་གར་མཛེས་སྡུག་གིས་འབྱར་ཡོང་བའི

རྣམ་ཤེས་དང་སྐྱེ་འཆིའི་རོལ་མོ་སྙན་སིང་ངེ་བ་དེ་ཡིན

 

                        ལྔ་བ།

"ལོ་ཟླའི་རྔོག་ལོ་ཤད་བྱེད་ཀྱི་དངུལ་དཀར་སོ་མང

སྐྱོ་ཤས་ཐོབ་ཤོར་གྱི་ཚིལ་དྲེག་རླུང་བུས་བཀྲུ་བཞིན

རྒྱང་རིང་གི་ལམ་ཕྲན་ཀྱག་ཀྱོག་སྟེང་ལ་ཟུངས་ཁྲག་གིས་བྲིས་པའི

ན་ཟུག་གི་རྐང་རྗེས་མག་མོག་སྲོད་ཁའི་མདུན་ལ་རིང་དུ་འཐེན"

 

ས་སྲོད་ཀྱི་འཛུམ་བག་ལ་ཆགས་པའི་སྣང་བ་དམར་སེར

གྱང་ངོས་སུ་བསྣར་ཡོང་བའི་གྲིབ་རིས་ཀྱི་བསླུ་བྲིད་མ་ཐེག་པའི་རོལ་མོ

བརྩེ་དུངས་ཀྱི་འགྲེལ་བ་འཁྲོལ་པའི་གདུང་དབྱངས་གཉོམ་པོ

ཇི་སྲིད་འགྱུར་དུ་མེད་པའི་དམ་ཚིག་གི་ཉི་མ་དང་ཟླ་བ

རི་བོའི་གཡས་གཡོན་ནི་ཁྱིམ་གཞིས་དང་ལྗོན་པ་ཡིན

གྲམ་པའི་མཐིལ་གཞོང་ནི་གཙང་ཆབ་དང་ལམ་བུ་ཡིན

མེས་པོ་རྒྱང་ལ་བཞུད་ཤུལ་གྱི

རྒྱབ་གཟུགས་ལ་འཁྱུག་པའི་རལ་བ་སྨུག་པོ

འདི་ནས་རྒྱང་ལ་འཐེན་པའི་ས་ནག་གི་ལམ་དང་བལ་དཀར་གྱི་རྨུ་ཐག་དཀྲི་ས་ཡིན

འདི་ནས་ཁྱོད་ལ་བཤད་པའི་སྡུག་ཡུས་ཀྱི་མཆི་མ་དང་གཉོམ་ཉག་གི་སྨྲེང་བ་ཞུ་ས་ཡིན

 

མཛེས་སྡུག་གི་འཇའ་ཚོན་བཤིག་ཤུལ་ན

ནམ་མཁའ་སྔར་བཞིན་སྔོ་བསངས་ཀྱིས་ཡོད་ཅིང

སྤྲིན་པའི་འགྱུ་བག་དང་སྟངས་སྟབས་ཁོ་ནས་མི་ཡུལ་བསྲུངས་ཏེ

ཁེར་རྐྱང་དང་ཉམས་དམས་ཕྱགས་ཏེ་དྭངས་གཙང་བསྔོ

འདས་དོན་དང་དཔའ་མཛངས་བསྲེས་ནས་རྟུལ་ཕོད་དཀྲོལ

 

བདག་གི་མིད་པ་འགག་སོང

གསུང་རབ་ཀྱི་གླེགས་བམ་རེ་རེ་བཞིན་ངག་གི་ཐ་གུར་བརྒྱུས་པས

བདག་གི་མིག་ཆུ་བསྐམས་སོང

དྲན་གདུང་གི་ཤིང་ལོ་ནང་སེམས་ཀྱི་མེ་ལྕེས་བསྲེགས་པས

ཉི་འོད་ལམ་ལམ་གྱི་ཡུལ་གྲུ

ཆོས་སྒྲ་ལྷང་ལྷང་གི་བྲག་ཕུག

 

                              དྲུག་པ།  

"འོད་ཟེར་གྱི་སྒྲོ་སྤུ་དུས་རླུང་དང་བརྡར་བས

ནམ་མཁའི་རྒྱ་ཁྱོན་གྱི་ཞེང་ཁོད་ཇེ་ཡངས་ལ་བཏང་འདྲའི

སྲིད་པའི་སྒལ་ཚིགས་སུ་ཆགས་པའི་ཡུལ་རྟེན་དེ

རྒྱང་རིང་ནས་མཐོང་ཐུབ

འོད་ཟེར་ཀྲིག་ཀྲིག་གིས་མཐོང་ཐུབ་པ་འདྲ

ལྗང་ལོ་ལྡེམ་ལྡེམ་གྱིས་མཐོང་ཐུབ་པ་འདྲ"

 

སངས་རྒྱས་སྟོང་སྐུའི་བྲག་ཕུག་ཟེར་བ་དེ

ཉི་མར་ཁ་ཕྱོགས་པའི་རུ་སྡེ་ཆེན་པོ་ཞིག་ཡིན་ནམ

ཞི་གནས་དང་ཏིང་འཛིན་ལ་བཞུགས་པའི་ཕ་བོང་ཆེན་པོ་ཞིག་ཡིན་ནམ

སྙིང་རྗེ་དང་འོད་ཟེར་འཚེར་བའི་མིག་ཟུང

བྱམས་སེམས་དང་དྲོད་ཁོལ་འཕྱུར་བའི་ལག་ཟུང

ཚེ་སྲོག་གི་རྒྱུད་སྐུད་འཁྲོལ་བའི་མི་ལོ་སྟོང་ཕྲག

མེ་ཏོག་དང་འདབ་ལོའི་སྟེང་སིམ་པའི

འུ་ཐུག་དང་སྐྱོ་ཤས་ཀྱི་རྨ་ཁའི་སྟེང་འབྱར་བའི

ན་ཟུག་གི་རྨི་ལམ་སྦྲུམ་པའི་ལས་དབང་ལྕི་དྲགས་སོང

བརྩེ་དུངས་ཀྱི་བཤུལ་ལམ་རིང་མོར་ཕྱི་མིག་གིས་བལྟས་ཚེ

ཤིན་ཏུ་དཀའ་བ་དེ

ཤིན་ཏུ་ཡག་པའི་བློ་རྩེ་ཁ་བ་བཞིན་བབས་ཡོང

རྨི་ལམ་སྟོང་གི་འཇམ་མཉེན་གྱི་ཁྲོད་ནས་བཏབ་ཅིང་འབུས་པའི

ཁྱོད་རང་གཉིད་ལས་སད་དུས་མི་ཡུལ་ན་ཡོད

ཉི་མའི་ཐུ་འོག་ནས་ཡལ་འདབ་རྒྱང་རིང་ལ་བརྐྱངས་པའི

བྱང་ཆུབ་ཤིང་གི་ལྗོན་པའི་བསིལ་འོག་ན་ཡོད

 

ཆར་ཆུ་དང་རླུང་བུ་ཐ་གུ་བཞིན་བརྒྱུས་ཏེ

རྣམ་ཤེས་དང་ཚེ་སྲོག་རྩམ་པ་བཞིན་བརྫུས་ནས

དུངས་སེམས་ཀྱི་བྱང་ཐང་ལ་མྱ་ངན་གྱིས་བགྲོད་མྱོང་བའི

ཁེར་རྐྱང་གི་འགྲུལ་བཞུད་པའི་ལས་དབང་གི་ཕྲག་སྟེང་ན

འོད་དུ་འཚེར་བའི་ཐ་སྙད་དང་ཡི་གེ་ཧ་ཅང་ལྕི་སྙམ

འགྱུར་དུ་མེད་པའི་བློ་སྤོབས་དང་སེམས་དཔའ་ཤིན་ཏུ་མཐོ་སྙམ

ཤར་གྱི་ཉི་རྩེ་འཁྲིད་མྱོང་བའི་མི་ཕོ་དཔུང་རྗེན

ནུབ་ཀྱི་ཟླ་འོད་བཏུས་མྱོང་བའི་གར་མ་མིག་ཡག

བྱང་གི་སྐར་མ་སྨིན་དྲུག་ཟེར་བ

དུས་ཚོད་ཀྱི་རྣ་ལོང་ལ་དཔྱངས་པའི་མཚན་མོ་དང་འདྲ་ཨང

 

ཁུ་ནུ་རི་རྒྱུད་ལ་ཁ་བ་ཡུན་རིང་འབབ་ཨེ་སྲིད

ཁྱོད་ཀྱི་སྒེའུ་ཁུང་ལ་འཁྱག་རོམ་ཡུན་རིང་ཆགས་སྲིད་དམ

འདས་དོན་གྱི་གོས་སྐུད་ལ་བརྒྱུན་པའི་གཏམ་རྒྱུད་ཡོད་ཚད

སྐྱོ་ཤས་ཀྱི་རྨིག་རྐོང་ལ་བཏབ་པའི་ཆུ་འཁྱིལ་ནང་བཞིན

ནམ་ཟླའི་འགྱུར་བག་གི་ཁྲོད་ནས་ཉི་མས་ལྕེ་ལྡག་གིས་སྐེམ་སྲིད་པའི

ཚེ་སྲོག་ནི་མཛེས་ཤིང་ཡིད་དུ་འོང་བའི་ཁ་དོག་ཅིག

ཚེ་སྲོག་ནི་དྭངས་ཤིང་གཙང་བའི་དྲོད་རྟེན་ཞིག

དར་གྱི་ཤམ་བུ་ལྷབ་ལྷུབ་བསྐྱོད་པའི་ལྷ་མོ

མི་ཡུལ་གྱི་ལུས་དྲི་ཆགས་པའི་ནམ་མཁའི་ངོས་སུ་འཕུར་གྱིན

ས་གཞིའི་རི་རབ་ཀྱི་རྔམ་བརྗིད་ལ་ནང་སེམས་འཁྲེང་བའི

བརྩེ་དུངས་ཀྱི་མཚོ་མོ་བྱེ་མའི་ཁུད་སོ་ན་འཁྱོམས

རྒྱང་རིང་ནི་དར་གྱི་ཕུ་ཐུང་ནང་ལ་བཅུག་པའི་བྱེ་མའི་གཏམ་རྒྱུད་ཡིན

རྒྱང་རིང་ནི་ཤིང་གི་ཟེའུའི་ནང་ལ་བསྙལ་བའི་འོ་མའི་མར་ལོ་ཡིན

 

ལག་པ་ས་ཆེན་གྱི་བྲང་ཁར་བཞག་ནས་ཁ་རོག་གེར་ཉན་ཚེ

ཚེ་སྔོན་ལས་ཀྱིས་བགྲོད་མྱོང་བའི་བྱེ་མའི་དྲོད་ཁོལ་གྱི་བར་ནས

རྟ་ཕོའི་རྨིག་སྒྲ་ཐག་གེར་རྒྱུག་པའི་ས་རྡུལ་མྱོང་ཐུབ་ལ

མདའ་གྲི་སག་སྒྲ་འཁྱུག་གེར་འཐབ་པའི་མེ་སྟག་མཐོང་ཐུབ

ཟླ་འོད་བྱེ་ཐང་ལ་འཁྱིལ་བའི་མཚན་མོའི་རྔ་ཁྱུ

ཡོད་ཚད་རྨི་ལམ་ལ་བརྒྱུས་ནས་བྱེ་མའི་ཁྲོད་གཏེར་དུ་སྦས་ཀྱང

རྒྱང་རིང་ན་དཔྱིད་ཀ་ཟེར་བ་ཞིག་ཡོད་པ་བརྗེད་མ་མྱོང

ས་འདམ་གྱི་དྲི་ངད་རུས་རྐང་ལ་བསྒོས་ནས་ཡོད་པའི་དཔྱིད་ཀ་ལྗང་ཁུ

 

                          བདུན་པ།

"ནམ་མཁའི་གོས་ཆེན་དང་བཙན་ཕོའི་དམག་རྟ་ཁྲི་ཕྲག

ས་གཞིའི་ཉིང་བཅུད་དང་བཙན་མོའི་ནང་འཁོར་སྟོང་ཕྲག

ཁྲི་དང་སྡེ་ཡི་མངའ་ཁོངས་སུ་མ་ཆུད་པའི

འཛམ་གླིང་ཤར་ཕྱོགས་ཀྱི་ཡུལ་གྲུ་ཆེན་པོ

ཡུལ་གྲུ་ཆེན་པོ་དེ་གང་ན་ཡོད་ཨང"

 

མཆོད་རྟེན་ཕ་བོང་འདྲ་བ་དག་གི་གསེར་ཏོག་སྤྲིན་པར་གླན་ཏེ

མི་ལོ་སྟོང་ཕྲག་རྨི་ལམ་དུ་སྦྲུམ་སྟེ་ཡུན་རིང་འགོར་ཡོད

སྐྱོ་ཤས་དང་ཉམ་ང་ཡོད་ཚད

རི་དང་གཙང་པོས་བཏེགས་ཡོད

གས་ཆག་དང་སེར་གའི་ན་ཟུག

རུས་རྐང་དང་ཁྲག་རྩར་འཐིམ་ཡོད

 

ས་གཞི  སྐྱེ་འཆིའི་རྣམ་ཤེས་རོལ་ཚོགས་ཀྱི་རྟེན་གཞི

ནམ་མཁའ  བླ་རུས་ལྷུ་རྐང་འདྲེན་བྱེད་ཀྱི་མེ་ལོང

ས་གཞིའི་ཕང་བ་ན་བང་སོ་འདམ་གྱིས་བརྩིགས་ཡོད

ས་གཞིའི་ཕང་བ་ན་རྣམ་ཤེས་རྡོ་བར་བརྐོས་ཡོད

འོད་ཀྱི་རྨུ་ཐག

འོད་ཀྱི་རྨུ་ཐག་མཁའ་ལ་འཐེན་པའི་དར་སྐུད་རིང་མོ

སེམས་ཀྱི་གཡང་གཟར་ངོས་སུ་དཔྱངས་པའི་མི་རབས་ཤིག་གི་གོ་འཛོལ་དང་ནོངས་ཉེས

འདུ་འབྲལ་དང་འཆི་འཕོའི་རོལ་དབྱངས་ཀྱི་ཚོགས

ནམ་མཁའི་ངོས་ལ་བསྟར་བའི་ཁྲུང་ཁྲུང་གིས་ཡི་གེ་འབྲི་བཞིན་ཡོད

ལམ་བུ་གང་ལ་འཐེན་པའི་གསང་བ་ངོམ་གྱིན་ཡོད

རྟ་ཕོ་དང་སྒ་ཆས་བསྐྱུར་ནས་སོང་ཤུལ་གྱི

གསེར་ཡིག་དང་ཐམ་ག་བོར་ནས་བྲོས་ཤུལ་གྱི

ཉི་ནུབ་ནི་འཇིགས་སུ་ཡེར་བའི་གཏམ་རྒྱུད་ཀྱི་རྔོག་ལོ་བཞིན

དུས་དང་ནད་ཡམས་ཀྱི་རླུང་ངོགས་སུ་ལང་ལོང་འཕྱོ

 

གཡའ་དང་བཙའ་ཡིས་ཟིན་པའི་ཡི་གེ་ནག་ཆུང

ལོ་རྒྱུས་ཀྱི་ཤོག་ལྷེ་དཀར་པོའི་ངོས་སུ་ལྕེབས་འདུག་འདྲའི

སྲོད་ཁའི་གྲིབ་ཆེན་གྱིས་མྱ་ངན་ཁུར་ཡོང

ཞིག་རལ་ཏུ་གྱུར་པའི་གནའ་ཤུལ་དེ་དག

དྲན་ཤེས་ཀྱི་གཙང་ངོགས་སུ་ངུ་བཤུམ་རྒྱག

ནམ་མཁའ་སྔོ་ཡུག་གི་ཕོ་བྲང་ལས་ཡར་ལ་འགྲེང་སྟེ

རོལ་མོའི་རྒྱུད་སྐུད་ཁྲོད་ལ་ཉི་འོད་ཀྱི་ཟེར་ཕྲེང་བརྒྱུས་ནས

རླུང་བུའི་ངོགས་སུ་ཤུགས་ཀྱིས་ཕྱར་ཏེ་ཉན་ཚེ

རྒྱང་རིང་ནས་ཁྱོད་ཀྱི་གཟི་འོད་འབར་བའི་འདས་སོང་ཐོས་ཐུབ

 

                         མཇུག་བྱང་།

"གསེར་གྱི་གླིང་ཕྲན་སྟེང་ན་བྲག་ཁུང་ཞིག་ཡོད

བྲག་ཕུག་སྐྱ་བོའི་ནང་ན་ལྡེབས་བྲིས་ཤིག་ལུས་ཡོད

ཕྱི་ལ་སྣང་བའི་འཇིག་རྟེན་ཁྲ་ཁྲ

ནང་ལ་ངག་གི་གཏམ་རྒྱུད་རིང་མོ"

 

 

                      ༢༠༡༥.༡༡.༡༣--༡༡.༢༥ཉིན་ཏུན་ཧོང་ནས་ལན་གྲུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1