སྙན་ངག་འབྲི་བ་དང་ལྟ་ཀློག་བྱེད་པ་ནི་ངའི་དགའ་ཕྱོགས་ཤིག་ཡིན། ---- ན་གཞོན་སྙན་ངག་པ་ལྷོ་སྨྱོན་བློ་བཟང་དོན་གྲུབ་ལ་བཅར་འདྲི་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


སྙན་ངག་འབྲི་བ་དང་ལྟ་ཀློག་བྱེད་པ་ནི་ངའི་དགའ་ཕྱོགས་ཤིག་ཡིན།

 

                 ---- ན་གཞོན་སྙན་ངག་པ་ལྷོ་སྨྱོན་བློ་བཟང་དོན་གྲུབ་ལ་བཅར་འདྲི་བྱས་པ།

 

ཁྲི་སེམས་དཔའ།  ལྷོ་སྨྱོན་ལགས།  སྐུ་ཁམས་བཟང་།

ལྷོ་སྨྱོན།  སྐུ་ཁམས་བཟང་།  ཐོག་མར་ཁྱེད་ནས་བོང་བ་གསེར་གཟིགས་གནང་སྟེ་བདག་ལ་སྙན་ངག་པའི་ཆོ་ལོ་གནང་བར་བཀའ་དྲིན་ཆེ།

ཁྲི་སེམས་དཔའ།  ཁྱེད་རང་གི་གསར་རྩོམ་བརྒྱུད་རིམ་མདོར་བསྡུས་ཤིག་གླེང་

རོགས།

ལྷོ་སྨྱོན།  དེ་ནི་གླེང་རིན་ཡོད་པ་ཞིག་ཡིན་མིན་མི་ཤེས།  ང་རང་དམའ་འབྲིང་ལོ་རིམ་དང་པོའི་དུས་ནས་སྙན་ངག་གམ་ཡང་ན་རྩོམ་ཡིག་ཐར་ཐོར་འབྲི་མགོ་བརྩམས་པ་ཡིན།  དེ་ནི་བདག་གི་དགེ་བའི་བཤེས་གཉེན་རྒོད་ཕྲུག་དཔལ་འབྱོར་ལགས་ཀྱི་ཤན་ཤུགས་ཐེབས་པ་ཞིག་ཡིན་པར་སེམས།  དེ་དུས་བོད་ཀྱི་སྙན་ངག་གསར་བ་དར་དང་དར་བཞིན་པའི་དུས་ཡིན་པས།  དངོས་ཤུགས་བརྒྱུད་གསུམ་ནས་སློབ་གྲྭ་འགྲིམ་བཞིན་པའི་བདག་དང་བདག་འདྲ་བའི་སློབ་གྲོགས་མང་པོར་ཤུགས་རྐྱེན་ཐེབས།  ང་རང་སློབ་འབྲིང་འགྲིམ་དུས་བོད་སྐད་ཡིག་གི་ཚོད་ལྟའི་འཛིན་གྲྭར་འཁེལ་བས།  སློབ་སྦྱོང་སོགས་ལ་དཀའ་ངལ་གང་ཡང་མེད་པར་སློབ་ཆེན་ལ་རྒྱུགས་འཕྲོད་ཐུབ་པ་བྱུང་ཞིང་།  ང་ཚོའི་ལུང་ཁུག་ནང་གི་སློབ་ཆེན་ཐོན་མཁན་དང་པོར་གྱུར།  སློབ་གཉེར་བྱེད་རིང་ལས་མཐུན་གྱི་སློབ་གྲོགས་མང་པོ་དང་མཉམ་དུ་རིག་པའི་གནས་ལ་སྦྱངས་ཞོར་དུ་རྩོམ་ཡིག་ལྟ་ཀློག་དང་ལད་འབྲི་བྱ་རྒྱུར་དགའ་ཞེན་བླ་ལྷག་ཏུ་ཆེ།  ཡིན་ན་ཡང་སྐབས་དེར་འབྱོར་འཁོས་ཞན་པའི་རྐྱེན་གྱིས་དེབ་མང་པོ་ཞིག་བལྟ་མ་ཐུབ་པར་ལུས།  མང་ཆེ་བ་ནི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》ཙམ་དུ་ཟད།  དེ་ཤེད་ཙ་ན།  དགེ་བའི་བཤེས་གཉེན་རྒོད་ཕྲུག་དཔལ་འབྱོར་ལགས་ཀྱིས་སློབ་གྲོགས་ཕུར་བུ་བཀྲ་ཤིས་ལ《བོད་ཀྱི་དེང་རབས་སྙན་ངག་གཅེས་བཏུས》ཞེས་པའི་དེབ་ཅིག་གཡར་འདུག་པ།  ངེད་གཉིས་ཁྱིམ་དུ་ལོག་པའི་ལམ་བར་དུ་སློབ་གྲོགས་ཕུར་བུ་བཀྲ་ཤིས་ཀྱིས་བདག་ལ་བསྟན་བྱུང་བས།  དེའི་ནང་གི་སྙན་ངག་གིས་ཁོ་པའི་ཡིད་དབང་རབ་ཏུ་འཕྲོག་སོང་།  དེའི་ནང་ལྗང་བུའི《གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས》ཞེས་པ་དང་།  དཔའ་རྩེའི《གནའ་བོའི་ཅོང་རྙིང》སོགས་ཡོད་པ་ད་ལྟ་ཡང་བརྗེད་མི་འདུག

    ལྷག་པར་ཡིད་ངོར་ལྷང་ངེར་དྲན་བཞིན་པ་ནི།  ༡༩༩༢ལོར་ཁོ་བོས་བྲིས་པའི་རྩོམ་ཡིག་ཐོག་མ《མཛེས་མ་ལགས》ཞེས་པ་ལྷ་ས་དགོང་དྲོའི་ཚགས་པར་ཐོག་བཀོད་དེ་རྩོམ་ཡོན་སྒོར་བཅུ་གཉིས་འདུག  (འདིར་ཆེད་དུ་ཞུ་རྒྱུ་ཞིག་ལ།  སྒོར་རྡོག་བཅུ་གཉིས་དེ།  སྐབས་དེ་དུས་ངའི་ཨ་ཕས་ལོ་ཕྱེད་ཙམ་ལ་ལུག་འཚོས་པའི་གླ་རིན་དང་ངའི་ཨ་མས་ལོ་ཕྱེད་ནང་ཞིང་ལས་བྱས་པའི་ཡོང་སྒོ་ཡིན)ངས་རས་ལྷམ་ཆ་གཅིག་དང་ཆུ་ངོགས་གཏམ་རྒྱུད་ཅེས་པ་ཆ་ཚང་ཞིག་ཉོས་པ་ད་དུང་ཡང་རྩོམ་གྲོགས་ཚོར་ངོམ་པའི་ཚུལ་དུ་ལན་མང་ལབ་མྱོང་།

    སློབ་ཆེན་དུ་ཞུགས་རྗེས་སློབ་གྲྭའི་དཔེ་མཛོད་ཁང་དུ་དེབ་ཅི་རིགས་ལྟ་རྒྱུ་ཡོད་པས་ཁོ་བོས་ལྟོགས་པ་ཟས་ལ་རྔམ་པ་ནང་བཞིན་བོད་རྒྱའི་རྩོམ་ཡིག་ཅི་རིགས་ལ་བལྟས་ཤིང་།  སྔར་མཐོང་མ་མྱོང་བའི་སྙན་ངག་མང་དག་ཅིག་ལ་ལྟ་བའི་སྐལ་བཟང་སྨིན་པས།  རང་ཉིད་ཀྱི་རྩོམ་རིག་གི་འདབ་རྒྱ་ཡང་ལྷུག་པར་གྲོལ་བའི་སྣང་བ་བྱུང་།  སློབ་ཆེན་འགྲིམ་རིང་།  མ་གཞི་རྒྱ་ཡིག་གི་ཆུ་ཚད་དེ་ཙམ་མེད་རུང་།  ཚིག་མཛོད་ཁྲོད་བཙལ་བཞིན་དུ་ཕྱི་རྒྱལ་གྱི་གྲགས་རྩོམ་དང་རྒྱ་ཡིག་གི་རྩོམ་ཡིག་མང་པོ་ཞིག་ལ་བལྟས་པས།  རྩོམ་ཡིག་ཅེས་པར་གོ་བ་རགས་ཙམ་ལོན་ཞིང་།  སྙན་ངག་ལ་ཡང་གོ་བ་གཞན་ཞིག་སྐྱེད་བྱུང་།  ལས་གནས་སུ་ཞུགས་རྗེས།  སྙན་ངག་འབྲི་བཞིན་དུ་གཞན་གྱིས་བྲིས་པའི་རྩོམ་ཡིག་ཅི་རིགས་ལ་ལྟ་ཀློག་བྱས་པས།  ངས་སྙན་ངག་ཅེས་པ་ནི་སེམས་ཀྱི་རང་མདངས་ཙམ་ལས་ཚིག་གི་རོལ་རྩེད་མིན་པའི་ཉམས་སྣང་འཆར།  

ཁྲི་སེམས་དཔའ།  ཁྱེད་རང་ལོ་མང་པོའི་རིང་སྙན་ངག་གསར་རྩོམ་གྱི་ལས་ལ་ཞུགས་ནས་བརྩམས་ཆོས་འབོར་ཆེན་ཞིག་བྲིས་འདུག  ཁྱེད་རང་གིས་བལྟས་ན་ད་ལྟའི་རང་རེའི་བོད་ཀྱི་སྙན་ངག་གི་གནས་བབ་ག་འདྲ་ཞིག་རེད།

ལྷོ་སྨྱོན།  འདིར་བདག་ལྟ་བུས་ལྷ་ཡིད་ཆེས་པ་དང་འདྲེ་ཁོ་ཐག་ཆོད་པའི་ལན་རན་པོ་ཞིག་བརྒྱག་ཐབས་བྲལ་སོང་།  ཡིན་ན་ཡང་རྩོམ་རིག་སྤྱིའི་ངོས་ནས་བཤད་ན།  བོད་ཀྱི་སྙན་ངག་དེ་དེང་གི་རྒྱལ་སྤྱི་དང་ནང་སའི་སྙན་ངག་གི་སྡེ་དང་བསྡུར་ཚེ།  ཧེ་བག་མི་དམན་པ་ཡོད་སྲིད་ཀྱང་།  སྙན་ངག་ཅེས་པ་ནི་གཅིག་བྱས་ན་བྲི་སླ་བ་དང་།  རང་ཉིད་ཀྱི་ཚོར་སྣང་ཐན་ཐུན་ཞིག་རང་ཉིད་ཀྱི་གོ་སྟོབས་ལྟར་བྲིས་ཆོག  བོད་ན་ཡི་གེ་བྲི་ཤེས་པ་ཙམ་གྱིས་སྙན་ངག་འབྲི་བ་དང་། ལྷག་དོན་དུ་རང་མོས་སྙན་ངག་འབྲི་བའི་ཚད་ལ་སླེབས་པས།  མང་ཚོགས་ཚོས་དར་བཟོ་ཆེ་ཙམ་ཡོད་པའི་རྩོམ་རིག་གི་རྣམ་པ་ཞིག་ཏུ་མཐོང་།  ཁོ་བོས་བསམས་ན།  སྙན་ངག་ཅེས་པའི་རྩོམ་ལུས་འདི་རང་གི་ཕ་སྐད་ཀྱི་བྲི་དགོས་པ་ཞིག་ཏུ་མཐོང་བས།  ཕྱི་རྒྱལ་གྱི་གྲགས་རྩོམ་རྒྱ་རྩོམ་ལ་འགྱུར་བ་དང་།  རྒྱ་ཡིག་གི་གྲགས་རྩོམ་བོད་ཡིག་ཏུ་སྒྱུར་བ་མང་པོ་ཞིག ཅང་ཅང་ཞིག་ཏུ་མཐོང་།  ལོ་ཙཱ་བ་ཚོས་མ་རྩོམ་གྱི་ཚིག་ཟིན་ཙམ་སྒྱུར་བ་ལས་བསྟན་དོན་མང་པོ་ཞིག་སྒྱུར་མ་ཐུབ་པ་དང་།  སྒྱུར་ཐབས་མེད་ཙ་ན། བོད་ཡིག་གིས་བྲིས་པའི་སྙན་ངག་འདི་བཞིན་ཚད་གཞི་མཐོ་ཙམ་ཞིག་ལ་སླེབས་པའི་ངོས་འཛིན་བྱེད་མུས་ཡིན།  བོད་ཀྱི་གནའ་དེང་གི་སྙན་ངག་མང་པོ་ཞིག་འཛམ་བུ་གླིང་གི་སྙན་ངག་ལྡུམ་རའི་ནང་ན་ཏོག་ཏུ་ཐོན་ཡོད།

ཁྲི་སེམས་དཔའ།  བོད་ལྗོངས་ཀྱི་སྙན་ངག་པ་དང་ཨ་མདོའི་ཕྱོགས་ཀྱི་སྙན་ངག་པས་བྲིས་པའི་སྙན་ངག་ཐད་འདྲ་ས་དང་མི་འདྲ་ས་གང་དག་ཡོད་དམ།

ལྷོ་སྨྱོན།  ང་རང་སྙན་ངག་འབྲི་རྒྱུར་དགའ་པོ་ཡོད་མཁན་ཞིག་ཡིན་པས།  ང་རང་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོས་བྲིས་པའི་རྩོམ་ཡིག་ལ་བལྟ་རྒྱུར་དགའ་པོ་ཡོད།  ང་རང་ལྷ་སར་བསྡད་པར་རྐྱེན་བྱས་ནས་ཁྱེད་ཀྱིས་དྲི་བ་འདི་འདྲ་ཞིག་བཏོན་པ་ཡིན་ཤས་ཆེ།  ཨ་མདོའི་ཕྱོགས་ཀྱི་སྙན་ངག་པ་ལྗང་བུ་དང་།  སྐྱབས་ཆེན་བདེ་གྲོལ་ལྟ་བུས་གཙོས་རབ་རིབ་སྙན་ངག་དང་ཕྱི་རྒྱལ་གྱི་སྙན་ངག་པར་དཔེ་བལྟས་ནས་ཡིད་བརྙན་དང་སྙན་རོ་མཚོན་སྟངས་དམིགས་བསལ་ཅན་ཡིན་ཙ་ན།  གོ་དཀའ་བར་མཐོང་།  ཡིན་ན་ཡང་ཚིག་གི་སྦྱོར་བའམ་ཚིག་འགྲོས་ཤིན་ཏུ་སྙན་པས།  ཡང་ཡང་ལྟ་དགོས་འཁེལ་གྱི་འདུག  ཁྲི་སེམས་དཔའ་དང་།  གངས་ཞུན་སོགས་ཀྱི་སྙན་ངག་ཅུང་གོ་སླ་བས།  ཁོ་བོའི་ཉེ་འཁོར་གྱི་ཀློག་པ་པོ་མང་པོས་དགའ་པོ་བྱེད་ཀྱི་འདུག  དབུས་གཙང་ཕྱོགས་ཀྱི་སྙན་ངག་པ་ཨོ་རྒྱན་རྡོ་རྗེ་དང་རྒོད་ཕྲུག་དཔལ་འབྱོར་ལྟ་བུའི་སྙན་ངག་སྤྱིར་ཚིག་གི་སྦྱོར་བ་སྙན་ལ་གོ་སླ་བ་ཞིག་ཡིན།  ཡིན་ན་ཡང་དེང་གི་གཞོན་སྐྱེས་སྙན་ངག་པ་ཁང་སྐྱིད་བསོད་བསྟན་སོགས་ཀྱི་སྙན་ངག་ཅུང་གོ་དཀའ་ཙམ་ཡོད།

ཁྲི་སེམས་དཔའ།  ཁྱེད་ཀྱིས་སྙན་ངག་ཟེར་བའི་རྩོམ་ལུས་འདིར་གོ་བ་ཇི་ལྟར་ལེན་བཞིན་ཡོད་དམ།

ལྷོ་སྨྱོན།  སྙན་ངག་མེ་ལོང་ནང་།  རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ངག་གི་ཕྲེང་བ་ཞེས་སྙན་ངག་ལ་མཚན་ཉིད་བཞག་ཡོད།  དེང་སང་མི་མང་པོ་ཞིག་གིས་མཚན་ཉིད་དེ་དེ་འདྲའི་འཚམ་པོ་མེད་པའི་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་།  ཁོ་བོས་བལྟས་ན།  སྙན་ངག་ཅེས་པ་ཚིག་གི་ཆ་ནས་སྙན་ཆ་དོད་པ་དང་།  ནང་དོན་གྱི་ཆ་ནས་སྙན་རོས་ཕྱུག་སྟེ་ཀློག་པ་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད་པའི་ཚིག་གི་ཕྲེང་བ་ཞིག་ལ་ངོས་འཛིན་བྱས་ན་ཆོག

ཁྲི་སེམས་དཔའ།  ཁྱེད་ཀྱིས་སྙན་ངག་མང་ཆེ་ཤོས་ཤིག་ཏུ་བོད་ལྗོངས་ལྷོ་ཁ་དང་། སྒོས་སུ་ཁྱེད་ཀྱི་ཕ་ཡུལ་འཕྱོངས་རྒྱས་བྲིས་འདུག  སྙན་ངག་པ་ཞིག་ལ་མཚོན་ན་ཕ་ཡུལ་དང་གསར་རྩོམ་གྱི་འབྲེལ་བ་དེ་ག་འདྲ་ཡིན་ནམ།

ལྷོ་སྨྱོན།  སྙན་ངག་ཅེས་པ་ནད་མེད་འཁུན་སྒྲ་ཡིན་མི་རུང་བ་དང་།  ཚིག་སྐམ་པོ་ཙམ་ཡིན་མི་རུང་བས།  སྙན་ངག་པས་ཆ་རྒྱུས་ཆེ་ཤོས་ཀྱི་ཡུལ་དང་ཡུལ་ཅན་དངོས་ཤུགས་བརྒྱུད་གསུམ་ནས་མཚོན་པར་བྱེད་ཀྱི་ཡོད།  ཁོ་བོའི་སྙན་ངག་ནང་འཕྱོངས་རྒྱས་ཞེས་པ་མང་པོ་ཞིག་ཐོན་གྱིན་ཡོད།  དེ་ནི་ཁོ་བོའི་ཕ་ཡུལ་གྱི་མཚོན་དོན་ཙམ་མིན།  གནས་དེ་ནས་བོད་ཁ་གཡག་དྲུག་དང་འཕྱིང་བ་སྟག་རྩེའི་གཟི་དཔལ་ངོམ་མྱོང་བས་ཡིན།

ཁྲི་སེམས་དཔའ།  ལྷ་ས་ནི་ལྷ་ཡི་ཞིང་ཁམས་ཤིག་རེད་ལ།  ལྷ་ས་ནི་སྙན་ངག་གི་ཞིང་ཁམས་ཤིག་ཀྱང་རེད།  ཁྱེད་རང་ལྷ་སར་བཞུགས་པའི་སྙན་ངག་པ་ཞིག་ཡིན་པའི་ཆ་ནས།  ལྷ་སས་ཁྱེད་ཀྱི་སྙན་ངག་གསར་རྩོམ་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཀྱིན་ཡོད་དམ།

ལྷོ་སྨྱོན།  ང་རང་ལྷ་སར་སླེབས་ནས་མང་པོ་སོང་མེད།  ལོ་ངོ་བཅོ་བརྒྱད་ཙམ་ལས་སོང་མེད།  ཡིན་ན་ཡང་ང་རང་གི་ཡོད་ཚད་ལྷ་སའི་གྲུ་ཁ་ཁག་ཏུ་སིམ་པའི་སྣང་བ་ཡོང་གི་ཡོད།  ཁྲི་སེམས་དཔའ་ཡི《ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས།  ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས》ཞེས་པ་དང་།  འབྲོང་གི《ལྷ་ས།  ལྷ་ས།  ལྷ་ས》ཞེས་པ་ལ་སོགས་མདོ་ཁམས་རྒྱུད་ཀྱི་སྙན་ངག་པས་ལྷ་སའི་སྐོར་བྲིས་པའི་སྙན་ངག་མང་པོ་ཞིག་ཡོད།  གང་ལྟར་ཡང་སྐྱོ་སྣང་ཞིག་སྦྱིན་བཞིན་འདུག  ཡིན་ན་ཡང་ང་རང་ལྷ་སར་འཚོ་བ་སྐྱེལ་མཁན་ཞིག་གི་ངོས་ནས་བཤད་ན།  ལྷ་ས་ལས་ལྷག་པའི་གནས་ཤིག་དང་།  ང་རང་འཕྲོད་ས་ལྷ་ས་ལས་མེད་པའི་སྣང་བ་ཞིག་ངམ་ཤུགས་སུ་འཆར་བཞིན་འདུག  ལྷ་སའི་ཇོ་ཁང་དང་།  ལྷ་སའི་ཇ་ཁང་།  ལྷ་སའི་བར་སྐོར།  རྩེ་སྐོར་གྱི་ལམ་བུ་སོགས་གྲུ་ཁ་རེ་རེ་ནས་ངར་ཚོར་འདུ་ཅི་རིགས་བྱིན་དང་སྟེར་གྱིན་མཆིས།

ཁྲི་སེམས་དཔའ།  སྙན་ངག་གསར་རྩོམ་གྱི་ལམ་དུ་ཁྱེད་ལ་བག་ཆགས་ཟབ་མོ་བཞག་མྱོང་བའི་རྒྱལ་ཁབ་ཕྱི་ནང་གི་རྩོམ་པ་པོ་གང་དག་ཡོད།

ལྷོ་སྨྱོན།  ང་རང་སྙན་ངག་པ་ཞིག་ཡིན་པའི་དབང་དུ་བཏང་ན།  ང་རང་གིས་དགའ་ཤོས་བྱེད་པའི་སྙན་ངག་པ་མང་པོ་མེད།  རྒྱ་ཡིག་ལམ་ནས་སྙན་ངག་འབྲི་མཁན་ཧའེ་ཙི་དང་།  ཀོའུ་ཁྲིན།  ཧྲུའུ་ཐེན་སོགས་ཡིན།  བོད་ཡིག་ལམ་ནས་སྙན་ངག་འབྲི་མཁན་གངས་ཞུན་དང་།  རྒོད་ཕྲུག་དཔལ་འབྱོར།  ཁྲི་སེམས་དཔའ་སོགས་ཡིན།

ཁྲི་སེམས་དཔའ།  སྙན་ངག་གིས་ཁྱེད་ཀྱི་འཚོ་བའི་ཁྲོད་གོ་གནས་ག་འདྲ་ཟིན་ཡོད་དམ།

ལྷོ་སྨྱོན།  སྙན་ངག་འབྲི་བ་དང་ལྟ་ཀློག་བྱེད་པ་ནི་ངའི་དགའ་ཕྱོགས་ཤིག་ཡིན། དེས་དཀའ་ཁག་ཆེ་བའི་ཁོ་བོའི་འཚོ་བར་མངར་ཆ་ཅི་རིགས་སྦྱིན་འོང་།  དེར་བརྟེན་ནས་ངས་མ་འོངས་པར་ཡང་མུ་མཐུད་དུ་སྙན་ངག་ལྟ་ཀློག་དང་གསར་རྩོམ་གྱི་ལས་ལ་གཞོལ་རྒྱུའི་ཆོད་སེམས་བརྟན་པོ་བཅངས་ཡོད།

ཁྲི་སེམས་དཔའ།  ཁྱེད་ཀྱིས་བོད་རང་གི་ཀློག་པ་པོ་རྣམས་ལ་ཅི་ཞིག་ཞུ་འདོད་དམ།

ལྷོ་སྨྱོན།  མི་མང་པོ་ཞིག་གིས་བོད་ཀྱི་རྩོམ་པ་པོར་སྣ་ཚོགས་བཤད་བཞིན་འདུག ཁོ་བོས་བལྟས་ན་བོད་ལ་ཀློག་པ་པོ་ཉུང་ཉུང་རེད།  ལྷག་པར་ཀློག་ཤེད་ཀྱི་ཆ་རྐྱེན་ཚང་བའི་ཀློག་པ་པོ་ཉུང་ཉུང་ཡིན།  དེ་བས་ཚང་མས་བོད་སྐད་ཡིག་སྦྱོང་བའི་ལས་ལ་གཞོལ་དང་།  ཚེ་འདིའི་འདུན་པ་ཡང་ཞོར་ལ་འགྲུབ་ངེས་རེད།

ཁྲི་སེམས་དཔའ།  ཁྱེད་ཀྱིས་བདག་གི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ།

ལྷོ་སྨྱོན།  ཐུགས་རྗེ་ཆེ།  ཁྱེད་ཀྱིས་བདག་ལ་གོ་སྐབས་འདི་འདྲ་ཞིག་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1