2018ལོའི་ཀྲུང་གོའི་དོན་དག་གལ་ཆེན་ཁག་བཅུ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-04
1.སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་དྲན་གསོ་གཟབ་རྒྱས་ཞུ་རྒྱུ་ཡིན་པ།
2017ལོའི་ཟླ་9ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་འགོ་ཚུགས་མཛད་སྒོའི་ཐོག 2018ལོར་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་དྲན་གསོ་གཟབ་རྒྱས་ཞུ་དགོས་ལུགས་གསུངས་པ་རེད།
1978ལོའི་ཟླ་12ཚེས་18ཉིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཟབ་རྒྱས་ངང་འཚོགས་པ་རེད། ཐེངས་འདིའི་གྲོས་ཚོགས་ཐོག་ཏུ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ལྟེ་གནས་དཔལ་འབྱོར་འཛུགས་སྐྲུན་ཐོག་སྤོ་བསྒྱུར་དང་། སྒྱུར་བཅོས་སྒོ་འབྱེད་ལག་ལེན་བསྟར་བསྟར་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཇུས་ཐག་བཅད་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རང་རེའི་ཏང་གི་ལོ་རྒྱུས་ཐོག་གཏིང་ཟབ་ཅིང་རྒྱུན་རིང་གི་དོན་སྙིང་ལྡན་པའི་ཁ་ཕྱོགས་རླབས་པོ་ཆེ་བསྒྱུར་བ་ལམ་ལྷོང་བྱུང་བ་རེད།
2.རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་ནས་སྐབས་གསར་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་གདམ་རྒྱུ་ཡིན་པ།
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་སྔོན་དཔག་བྱས་ན་2018ལོའི་ཟླ་3པར་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་རེད། ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་བྱ་རྒྱུ་དང་། 2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིར་ཞིབ་བཤེར། 2017ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཞིབ་བཤེར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གྲོས་ཞིབ། "ཆེས་མཐོ་གཉིས"ཀྱི་ལས་དོན་སྙན་ཞུར་གྲོས་ཞིབ། གྲོས་ཚོགས་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་གསར་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་གདམ་ཐོན་བྱ་རྒྱུ་བཅས་ཡིན་པ་རེད།
3.ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་སྔོན་དཔག་བྱས་ན་2018ལོའི་ཟླ་3པར་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་རེད།
ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས་རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་བཟོ་བཅོས་རྒྱག་རྒྱུའི་གྲོས་འགོར་གྲོས་བསྡུར་དང་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད།
2018ལོའི་ཟླ་དང་པོར། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོག་རྒྱུ་དང་། གྲོས་རིམ་གཙོ་བོ་ནི་རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་བཟོ་བཅོས་རྒྱག་རྒྱུའི་གྲོས་འགོར་གྲོས་བསྡུར་དང་ཞིབ་འཇུག་བྱ་རྒྱུ་ཡིན་པ་རེད།
4.ཤང་གྲོང་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་གཏན་འབེབས་བྱ་རྒྱུ་ཡིན་པ།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར"ཤང་གྲོང་དར་རྒྱས་གཏོང་བའི་འཐབ་ཇུས"ཐོག་མར་བཏོན་པ་འདི་ནི་ཏང་ཀྲུང་དབྱང་གི་འཐབ་ཐུས་དང་ལྡན་པའི་ཇུས་ཐག་གལ་ཆེན་བཅད་པ་ཞིག་རེད། 2017ལོའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་ཤང་གྲོང་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དེ་2018ལོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་ནས་སྐུལ་འདེད་གཏོང་བའི་ལས་ཀ་གཙོ་བོ་ཁག་8ཀྱི་གྲས་ཡིན་པ་རེད། ཚན་རིག་དང་མཐུན་པའི་སྒོ་ནས་ཤང་གྲོང་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་ཀྱང་གཏན་འབེབས་བྱེད་དགོས་ལུགས་བཏོན་པ་རེད།
5.ཕྱི་འབྲེལ་བྱེད་སྒོ་ཆེན་པོ་བཞི།
2018ལོའི་ཟླ་11ཚེས་5ཉིན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དང་པོ་དེ་ཀྲུང་གོའི་རྒྱལ་ཁབ་ཀྱི་འགྲེམས་ཚོགས་ལྟེ་གནས་(ཧྲང་ཧའེ་)སུ་གཉེར་རྒྱུ་ཡིན་པ་རེད།
2018ལོའི་ཟླ་4ཚེས་8ནས་11བར། པོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་ཧའེ་ནན་པོ་ཨའོ་རུ་འཚོག་རྒྱུ་ཡིན་པ་རེད།
2018ལོའི་ཟླ་6པར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཆིང་ཏའོ་རུ་འཚོག་རྒྱུ་ཡིན་པ་རེད།
ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྐབས་གསར་པའི་ཚོགས་འདུའི་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད་པ་རེད།
6.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་འདོན་རྒྱུ་ཡིན་པ།
2017ལོའི་ཟླ་12པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་ཞིབ་བཅའ་ཁྲིམས་ཀྱི་མ་ཟིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་ཞིབ་གནང་བྱར་འབུལ་རྒྱུ་རེད།
རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟ་རྒྱལ་ཡོངས་སུ་ཁྱབ་སྤེལ་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བའི་སྒང་ཡིན་པ་རེད། སྒྱུར་བཅོས་འདི་ལྟར་བྱེད་དོན་ནི་དུས་རབས་གསར་པའི་ཆ་རྐྱེན་འོག་ཁྱོན་ཡོངས་ནས་ཏང་ནན་པོར་སྐྱོང་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཡིན་པ་དང་། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ལམ་ནན་སྲུང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་ནི་རྒྱལ་ཁ་བརྩོན་ལེན་བྱེད་པའི་འགག་རྩའི་བྱེད་ཐབས་ཡིན་པ་རེད།
7.རྒྱལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་དཔྱ་ཁྲལ་བསྡུ་འགོ་བརྩམ་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེར་གུན་གསབ་འཇལ་བའི་ལམ་ལུགས་ཚོད་ལྟའི་ལག་བསྟར་བྱ་རྒྱུ་རེད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་》ནི་2018ཟླ་དང་པོའི་ཚེས་1ཉིན་ནས་ལག་ལེན་བསྟར་ནས། ཁྲིམས་དེའི་གཏན་འབེབས་ལྟར་ཁོར་ཡུག་སྲུང་སྐྱོང་གི་ཁྲལ་འཇལ་དགོས་པ་ལས་སྦགས་བཙོག་འབུད་གཏོང་གི་གྲོན་དངུལ་མི་བསྡུ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཐོ་བཏང་ནས་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་ནི་ས་གནས་ཀྱི་ཡོང་སྒོ་ཡིན་པ་ཁ་གསལ་བཟོས་པ་རེད།
《སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེར་གུན་གསབ་འཇལ་བའི་ལམ་ལུགས་སྒྱུར་བཅོས་བྱེད་པའི་འཆར་གཞི་》ནི་2018ཟླ་དང་པོའི་ཚེས་1ཉིན་ནས་ལག་ལེན་བསྟར་ནས། རྒྱལ་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེར་གུན་གསབ་འཇལ་བའི་ལམ་ལུགས་ལག་བསྟར་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད།
གཞན་ཡང། 2015ལོའི་ཟླ་12པར། ཧོ་པེ་ཞིང་ཆེན་དུ་ལྟ་ཞིབ་ཚོད་ལྟ་བྱེད་ས་བཙུགས་པ་ནས་བཟུང་། ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་དེ་ལོ་གཉིས་རིང་རྒྱལ་ཡོངས་ཀྱི་ཞིང་ཆེན་31(རང་སྐྱོང་ལྗོངས་དང་། གྲོང་ཁྱེར་)ཏུ་ལྟ་ཞིབ་ཁྱོན་ཡོངས་ལ་ཁྱབ་པ་རེད།
2018ལོར་རེས་སྐོར་དང་པོའི་ལྟ་ཞིབ་ལ་"ཕྱིར་མིག་བལྟ་བའི་"འགོ་འཛུགས་རྒྱུ་དང་། དུས་མཚུངས་སུ་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོར་དུས་ཐོག་ཏུ་ཆེད་དོན་ལྟ་ཞིབ་བྱ་རྒྱུ་ཡིན་པ་རེད།
8.ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པ་འཕེན་གཏོང་བྱས་པ་ཐོག་མར་ཟླ་བའི་གོ་ལའིརྒྱབ་ངོས་སུ་ལྷིང་ངེར་བབས་ཐུབ་པ་བྱུང་བ་རེད།
ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པ་འཕེན་གཏོང་གི་ལས་འགན་དེ་2016ལོར་ཟླ་དཔྱད་ལས་གྲྭའི་རྣམ་གྲངས་གལ་ཆེན་གི་འགོ་ཁྲིད་ཚོགས་ཆུང་གིས་གྲོས་ཞིབ་ཐོག་གྲོས་འཆམ་བྱུང་བ་མ་ཟད་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་རེད། སྔོན་དཔག་བྱས་ན་2018ལོར་འཕེན་གཏོང་བྱ་རྒྱུ་རེད།
ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པ"རླབས་ཆེའི་བྱ་སྤྱོད"ཆེན་པོ་གསུམ་མངོན་འགྱུར་ཐུབ་རེ་ཡོད་དེ། མིའི་རིགས་ཀྱིས་ཐོག་མར་འཚོལ་ཞིབ་ཡོ་ཆས་ཀྱིས་ཟླ་བའི་གོ་ལའི་རྒྱབ་ངོས་ལ་བཅར་ཐུབ་པ་དང་། མིའི་རིགས་ཀྱི་མཁའ་སྐྱོད་ཡོ་ཆས་ཀྱིས་ས་གོ་ལ་དང་ཟླ་བའི་ཚེག་L2ནས་སའི་གོ་ལ་དང་ཟླ་བའི་དཀྱིལ་བར་མཐུད་འཕྲིན་གཏོང་ཐུབ་པ། ཚན་རིག་གི་ལས་ཀ་བྱེད་མཁན་ལ་ཟླ་བའི་གོ་ལའི་རྒྱབ་ངོས་ནས་བར་སྣང་ཚན་རིག་ཞིབ་འཇུག་ལས་སྟེགས་འདོན་སྤྲོད་བྱས་ནས། གསར་སྐྲུན་རང་བཞིན་ལྡན་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོབ་ཡོད་པ་རེད།
9.ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་གཅིག་སྡུད་གཅིག་གྱུར་ཐོག་ནས་དྲག་ཆས་ཉེན་རྟོག་དཔུང་སྡེར་འགོ་ཁྲིད་བྱ་རྒྱུ་ཡིན་པ་རེད།
《ཀྲུང་གོའི་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགོ་ཁྲིད་བཀོད་འདོམས་སྒྲིག་སྲོལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་》ལྟར་ན། 2018ལོའི་ཟླ་དང་པོའི་ཚེས་1ཉིན་ནས་བཟུང་། ཉེན་རྟོག་དྲག་དཔུང་ལ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་གཅིག་སྡུད་དང་གཅིག་གྱུར་ཐོག་འགོ་ཁྲིད་བྱ་རྒྱུ་ཡིན་པ་དང་། ཀྲུང་དབྱང་དམག་ཨུད་དང་། ཉེན་རྟོག་དྲག་དཔུང་། དམག་དཔུང་གི་འགོ་ཁྲིད་བཅས་བཀོད་འདོམས་ཀྱི་སྒྲིག་སྲོལ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
10.ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་དང་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ།
2018ལོར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་དང་ཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་རྒྱུ་རེད།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་དང་ཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སུ་རྣམ་གྲངས་རབ་དང་རིམ་པ་དོན་འཁྱོལ་ལག་བསྟར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ། དེའི་ནང་དམངས་འཚོའི་ལས་གཞིའི་རྣམ་གྲངས་དང་ཐོན་ལས་ཀྱི་རྣམ་གྲངས་གལ་ཆེན་སོགས་ཚུད་ཡོད་པ་རེད།