༄༅།།བོད་ཀྱི་གྲིའི་སྐོར་ལ་ཅུང་ཟད་དཔྱད་པ།

ལོ་བ་རྟ་མགྲིན་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་ཕྲན། སྤེལ་དུས། 01-05


 
ལོ་བ་རྟ་མགྲིན་རྒྱལ། 
ཐོག་མའི་བོད་གྲིའི་བྱུང་བ་དང་མཚོན་དོན།                
        གཤིན་རྗེ་གཤེད་ནག་ལས། གྲུབ་ན་རལ་གྲི་རབ་ཏུ་འབར། །འོད་ཟེར་ལྔ་ཡི་གློག་ཆེན་འཁྱུག །གྲུབ་པ་དེ་ནི་བཟུང་གྱུར་པས། །མི་རྣམས་ཁམས་གསུམ་ལས་རྒྱལ་འགྱུར། །ཞེས་གསུངས་པ་བཞིན་བོད་མི་རིགས་ནི་གནའ་ནས་ད་བར་དུ་གྲི་ལ་དང་དོད་ཡོད་པའི་མི་རིགས་ཤིག་ཡིན་ལ། གྲི་ནི་བོད་པ་ཚོས་ཤེས་རབ་དང་དགྲ་བླ་ཞིག་ཏུ་གོ་ནས་བརྩི་བཀུར་བྱེད་སྲོལ་ཡང་ཧ་ཅང་མང་། དཔེར་ན་བསྟོད་གླུ་སྣ་ཚོགས་དང་བཤད་པ། གྲི་དང་འབྲེལ་བའི་སྒྲུང་དང་གཏམ་རྒྱུད། རི་མོ་སོགས་ཡོད་ལ། ཡང་བོད་བཙན་པོའི་སྔོན་གྱི་དབང་མཛད་བཅུ་གཉིས་སྐབས་དང་། གནའ་བོའི་བོད་རྒྱལ་གྲི་གུམ་བཙན་པོ་སོགས་ཀྱི་སྐབས། གླིང་སྒྲུང་ནང་དུ་དཔའ་རྟུལ་བརྒྱད་ཅུ་རེ་རེའི་རལ་གྲིར་བསྟོད་པ་བརྗོད་ཀྱིས་མི་ལང་བ་སོགས་ཡོད་ལ། ད་དུང་ད་སྐབས་དངོས་ཡོད་ངག་རྒྱུན་དང་རྒན་པོའི་ཁ་ཏ་སོགས་་ལ་ཉན་ནའང་བོད་ནི་གྲི་ལ་མཐོང་ཆེན་ཧ་ཅང་ཆེན་པོ་བྱེད་པའི་མི་རིགས་ཤིག་ཡིན་པ་ཤེས་ཐུབ། 
        བོད་ཀྱི་གྲིའི་བྱུང་བ་ནི་ཧ་ཅང་སྔ་ཞིང་། སྤྱི་ལོ་དུས་རབས་དང་པོ་མ་ཚུགས་པའི་སྔོན་ནས་དར་ཡོད་པ་ནི་ཐེ་མི་ཚོམ་པ་ཞིག་རེད། གདོད་མིའི་བོད་ནི་ཐོག་མར་རི་བྲག་དང་། ནགས་ཁྲོད་དུ་བཅས་ཤིང་། སེམས་ཅན་བསད་ཅིང་བཤའ་བ་དང་། ཤ་གཏུབ་པ། ཤ་རྗེན་ཟ་བ། མདུང་དང་མདའ་གཞི་སྤྱོད་པ། འུར་རྡོ་འཕེན་པ། དམར་མཆོད་བྱེད་པ་སོགས་ལ་བརྟག་ན་ཤེས་ཐུབ། ཐོག་མར་རྡོ་དང་རུས་པ། ཤིང་སོགས་གྲིའི་ཚབ་ཏུ་བཀོལ་བཞིན་ཡོད་ལ། རིམ་བཞིན་ཆ་ཇེ་ཚང་དང་སྤུས་ཇེ་ལེགས་སུ་བཏང་ནས་འཛམ་བུའི་གླིང་དུ་གྲགས་ཆེ་བའི་བོད་གྲི་བྱུང་བ་རེད། སྔོན་གྱི་ཡིག་ཚང་མང་པོའི་ཁྲོད་དུའང་"རུས་པའི་མཚོན་དང་འུར་རྡོ་བཟོས།།"དང་"མཚོན་ཆ་དགྲ་སྟ་ཆེན་མོ་བཟོས།།"ལྟ་བུར་གཞིགས་ན་ཤེས་ཐུབ་ཅིང་། ངག་རྒྱུན་དུ་ཡང་མཁྱེན་དཀར་བ་རྣམས་མཁྱེན་ཞེས་བྱ་བའི་སྤྱང་གྲུང་འཛོམས་ཤིང་བློ་རིག་བཀྲ་བ། འཇོན་ཐང་ཆེ་ཞིང་དཔའ་ངར་ལྡན་པའི་མི་ཞིག་ཡོད་པ་དེས་ལྕགས་ཀྱིས་རྒྱུ་བྱས་ཏེ་གྲི་ཞིག་བཟོས་ནས་རང་གི་ལུས་ལ་བཏགས་པས། མི་ཀུན་གྱི་ཡིད་དབང་འཕྲོག་ནས་དེར་མཐུད་གྲི་བཏགས། དེ་ནས་བཟུང་གྲི་འདོགས་པའི་གོམས་སྲོལ་ཆགས་པ་རེད་ལྟ་བུའི་ངག་རྒྱུན་ཧ་ཅང་མང་པོ་ཡོད་མོད། བོད་གྲི་དར་བའི་དུས་ཧ་ཅང་སྔ་བ་གོང་གསལ་ལས་ཀྱང་ཤེས་ཐུབ་པས་སྐབས་སུ་མ་བབ་པ་དག་རེ་ཞིག་སྨྲ་བར་མི་འདོད་དོ།། 

        དེ་ལྟར་སྔོན་མ་ནས་བོད་ནི་རང་ཤུགས་ཀྱིས་གྲི་འདོགས་པར་དགའ་པོ་ཡོད་པའི་མི་རིགས་ཤིག་ཡིན་པ་ཤེས་ཐུབ་པ་སྟེ། དཔེར་ན་ད་སྐབས་ཀྱི་བོད་པ་རྒན་པོ་དག་གིས་རྭ་གྲིའམ་རྭ་ཅོའི་བརྒྱན་པའི་གྲི་འདོགས་པ་དང་། ན་གཞོན་ཕོ་གསར་ཚོས་དངུལ་གྲི་འདོགས་པ། བུད་མེད་ཚོས་བཟོ་བཀོད་ལེགས་ཤིང་ཧ་ཅང་ཐུང་བའི་དངུལ་གྱི་གློ་གྲི་དང་སྟོང་གྲི་འདོགས་རྒྱུར་དགའ་བོ་ཡོད་པ་ལས་ཀྱང་ཤེས་ཐུབ་པར་མ་ཟད།  ཁམས་ཕྱོགས་ཀྱི་ས་ཁུལ་མང་པོ་ན་ཕོ་རྣམས་ཕར་ཞོག  མོ་རྒན་པ་གློ་གྲི་བཏགས་ཡོད་པ་མང་པོ་མཐོང་རྒྱུ་ཡོད་པ་ནང་བཞིན་རེད།གྲི་ནི་བོད་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་རྒྱན་ཆ་ཞིག་ཡིན་ལ། ཐོག་མར་འཚོ་བའི་དགོས་མཁོ་དང་།བར་དུ་དམག་འཁྲུག་གི་དགོས་མཁོ།ཐ་མར་རྒྱན་ཆར་གྱུར་བ་ཨེ་ཡིན་ནམ་སྙམ།དཔེར་ན་སྔོན་མར་རི་དྭགས་བསད་རྗེས་པགས་པ་དག་ལུས་ཀྱི་གྲང་བ་སེལ་སྤྱད་དུ་སྤྱོད་པ་དང་།བར་དུ་གཅན་གཟན་གདུག་པ་ཅན་བཏུལ་རྗེས་པགས་པ་གྱོན་ནས་དཔའ་བོ་མཚོན་བྱེད་དུ་གྱུར་བ།  ཐ་མར་རྒྱན་གོས་སུ་གྱུར་ནས་ཁྲོམ་ཆེན་སོགས་སུ་གཅན་གཟན་པགས་པ་གྱོན་ནས་འགྲོ་བ་སོགས་དང་རིགས་ཨེ་འདྲ་སྙམ།    

        བྱིས་པ་འཁུར་བྱེད་ཀྱི་སྐེ་རགས་སོགས་ཀྱི་ཁུད་དམ་བྱིས་པ་དག་ཐག་ཉེ་སར་གྲི་ཐུང་འདོགས་པ་དང་། ལོ་ལོན་བགྲེས་པོའི་སྐེ་རགས་ནང་དང་། འཁར་བ་ལ་འཕལ་ཀ་སྤྲད་ནས་ནང་དུ་གྲི་བསྡུ་བ་སོགས་བྱེད་ལ། འདིའི་འདྲེ་བདུད་སོགས་ཀྱིས་གནོད་པ་མི་ཡོང་བར་ཚེ་ལ་སྲུང་སྐྱོབ་བྱེད་པ་མཚོན་ཞིང་། གྲི་སྟེང་དུ་སྤོས་ན་བུ་རྟའི་ཁ་ལས་རླུང་རྟར་གནོད་པ་དང་། མཚན་མོར་ཉལ་བའི་སྐབས་སུ་སྔས་མགོའི་འོག་ཏུ་གྲི་ཞིག་བཞག་ན་རྨི་ལམ་ངན་པ་མི་རྨི་བ།ས་བཙན་ས་དང་རྩུབ་སར་རལ་གྲི་སྒོའི་དཀར་ནག་མཚམས་སུ་སར་མཛེར་ནས་འཇོག་པ་དང་། དབྱར་ཁར་ཆུ་ཐོག་རྒོད་དུས་ཡང་ས་མཛེར་ནས་འཇོག་པ་རེད། འདི་ལས་གྲི་ལ་དགའ་བ་དང་དད་མོས་ཆེན་པོ་ཡོད་ལ། དགྲ་ཕར་ཞོག   འདྲེ་བདུད་དང་ཆུ་ཐོག་སོགས་རང་བྱུང་གནོད་འཚེ་ཡང་འགོག་ཐུབ་སྙམ་པའི་འདུ་ཤེས་ཧ་ཅང་ཟབ། གྲི་ལ་རབ་འབྲིང་ཐ་གསུམ་ཡོད་པས་དེ་འདོགས་མཁན་ནམ་བཀོལ་སྤྱོད་བྱེད་མཁན་་ཡང་རབས་འབྲིང་ཐ་གསུམ་ཡིན་ལ། དཔེར་ན་གྲི་ཤུབས་དང་གྲི་ཡུའི་གཞོགས་ངོས་སུ་རྡོ་རྗེ་ཕ་ལམ་དང་། གཡང་ཊི། བྱུ་རུ། རྟ་ཀླད། མུ་ཏིག་སོགས་རིན་ཆེན་དངོས་རྫས་ཀྱིས་མཛེས་རྒྱན་སྤྲས་བྱས་ཡོད་པ་དག་རིན་ཐང་ཆེ་བའི་རྩ་ཆེན་གྱི་གྲི་ཡིན་པ་དང་དེ་འདོགས་མཁན་ནི་འབྱོར་ཕྱུག་ལྡན་ཞིང་དཔའ་ཉམས་ཀྱིས་ཁེངས་ཡོད་ཅིང་། ལྕགས་གྲི་དང་ཟངས་གྲི་སོགས་ཀོ་བའི་ཐུམ་བརྒྱབ་ནས་བཏགས་ཡོད་པ་དག་སྔོན་དང་བསྡུར་ན་འཚོ་བ་སོགས་ཕྱོགས་གང་ནས་ཀྱང་ལོས་ཞན་སྙམ་པའི་ཚོར་སྣང་སྟེར་བ་ལྟ་བུ་རེད།   ད་དུང་ཕོ་འབྲུག་གྲི་བཏགས་པ་ཞིག་ཡིན་ན་གཉེག་སྒྲིག་བྱས་ཟིན་པ་མཚོན་ཞིང་། གྲི་སྣེ་བལ་ཐིག་དཀར་པོ་དང་རས་དཀར་པོ་བཏགས་ཡོད་ན་མདུན་བྱས་ཡོད་པ་མཚོན་པ་སོགས་བཤད་ཚུལ་མང་། ཡང་གྲི་མི་གཞན་ཕ་རོལ་བོ་ལ་སྤྲོད་ཚེ་ཡུ་བའི་ཕྱོགས་ནས་ཁ་གཏད་པ་ལས་རྩེ་མོའི་ཕྱོགས་ནས་ཁ་གཏད་པར་འཛེམ་ཞིང་། ཕ་མ་དང་རང་ལས་མཐོ་བ།ཡང་ན་དགྲ་ལས་གཞན་དག་ལ་གྲི་ཁ་བསྐོར་བ་སོགས་འཛེམ་བྱ་ཡང་ཧ་ཅང་མང་།  ད་དུང་གྲི་བསྟོད་དང་། གྲི་བཤད་། གྲི་རྩེད་སོགས་ཀྱང་གནའ་ནས་ད་བར་ཧ་ཅང་མང་ངོ་།། 
བོད་གྲིའི་དབྱེ་བ་དང་བཟོ་སྟངས།
        སྤྱིར་བོད་གྲི་ལ་དབྱེ་བ་གཉིས་བཤད་དེ། གཅིག་ནི་གློར་འདོགས་པའི་གྲུ་ཆུང་དང་། སྐེད་པ་འཕྲེད་དུ་གཟེར་བའི་གྲི་གཉིས་བཤད་ཀྱང་། ད་དུང་རྒྱབ་ཏུ་ཁུར་ཆོག་པའི་གྲི་ཡང་ཡོད་པ་སྔོན་མར་དཔེ་ཆ་ཞིག་གི་ནང་དུ་མཐོང་མྱོང་མོད། ད་ཆར་བརྗེད་པའི་རྐུན་པོས་འཕྲོག་སོང་པས་གསལ་བོ་ཞིག་བརྗོད་ཐབས་བྲལ་སོང་། ཡིན་ཡང་ད་དུང་"རྭ་གྲི"ཟེར་བའི་ཉག་ཁ་སོགས་ནས་དགྲ་ལ་རྙི་བཙུགས་ཆོག་པའི་གྲི་དང་། ལག་པས་ཐད་གར་འཕེན་ཆོག་པའི་གྲི་ཡང་ཡོད་པ་རྒན་པ་ཚོས་ངག་རྒྱུན་བརྒྱུད་ནས་ཐོས་མྱོང་།   མདོར་དྲིལ་ན་བོད་གྲི་ལ་ན་དབྱེ་བ་མ་མཐའ་ཡང་ལྔ་ཡོད་པ་ཤེས་ཏེ།  རྐེད་དུ་གཟེར་ཆོག་པའི་གྲི་དང་གློར་འདོགས་ཆོག་པའི་གྲི། རྒྱབ་ཏུ་ཁུར་ཆོག་པའི་གྲི། རྙི་བཞིན་བཙུགས་ཆོག་པའི་གྲི། ལག་པས་ཐད་ཀར་འཕེན་ཆོག་པའི་གྲི་སོགས་ཡོད། ནང་གསེས་སུ་གྲི་རིང་དང་གྲི་ཐུང་། གྲིའུ་སོགས་ཡོད་ལ། རྒྱུ་སྤུས་ཀྱི་ཆ་ནས་རྡོ་ཡིས་བཟོས་པའི་གྲི། རུས་པའི་བཟོས་པའི་གྲི། ལྕགས་ཀྱིས་བཟོས་པའི་གྲི།  སྟོང་གིས་བཟོས་པའི་གྲི། ཟངས་ཀྱིས་བཟོས་པའི་གྲི་སོགས་ཡོད་པར་མ་ཟད། ལྕགས་བཞུ་སྐབས་ལྕགས་ཀྱི་ནང་དུ་གསེར་དང་སྨན་སོགས་བསྲེ་བ། དུག་བསྲེ་བ་སོགས་ཡང་ཡོད་པར་འདོད། རྒྱུ་མཚན་དུག་གྲི་དང་སྨན་གྲི་སོགས་ཡོད་པའི་གནད་ཀྱང་དེ་ལ་ཐུག་པ་མ་ཡིན་ནམ་སྙམ།  བོད་ཀྱི་རལ་གྲི་འདི་མི་རིགས་གཞན་གྱི་གྲི་དང་བསྡུར་ན་ལས་སྣོན་བྱེད་རྒྱུ་ཧ་ཅང་ཞིབ་ཚགས་ལྡན་ཞིང་དཀའ་ཚེགས་ཆེ་བ། རྒྱུ་སྤུས་ཀྱི་ཆ་ནས་ཀྱང་ཧ་ཅང་རིན་ཐང་ཆེན་པོ་རེད།   གྲི་ཐོག་མར་ལས་སྣོན་བྱེད་དུས་ལྕགས་བཞུ་བ་དང་གྲིའི་བཟོ་ལུགས་འགོད་པ། གྲིའི་ཆེ་ཆུང་དང་དབྱིབས་གཏན་ལ་ཕབ་པ། རྣོ་འདོན་པ། ཚགས་རྒྱག་པ།  ཚ་ལ་རྒྱག་པ།  འཇམ་བཏོད་པ། མར་དང་གཙོད་ཁྲག་སོགས་བྱུགས་ནས་ངར་ལྡུད་པ་སོགས་གཞན་དང་མ་འདྲ་བའི་ཁྱད་ཆོས་མང་པོ་ལྡན་ཞིང་། གྲི་བཙོ་སྦྱངས་བྱས་རྗེས་མེའི་ནང་དུ་ཡང་བསྐྱར་ངར་ལྡུད་པ་དང་། དེར་མཐུད་གྲིའི་སྟེང་དུ་ཚྭ་ཆུ་བྱུག་ན་ལྕགས་ཀྱི་གསེང་དུ་རི་མོ་བྲིས་ཡོད་པ་ཕྱིར་མངོན་པ་རེད།  ལས་སྣོད་དང་བཙོ་སྦྱངས་བྱས་པའི་གྲི་མང་ཆེ་བའི་སྐྲ་ཕར་ཞོག   རྣོ་ལྕགས་ལ་ཡང་ཐུག་པ་ཙམ་གྱིས་གཅོད་ཐུབ་པར་བཤད། བོད་གྲི་འགྲུབ་རྗེས་ས་ཁུལ་ལ་ལར་ཆོས་ཀྱི་ཆོ་ག་སོགས་བསྒྲུབས་ནས་རལ་གྲི་ལ་བསྒྲུབ་རྒྱུ་མང་པོ་ཡོད་སྐད་དང་། ཡང་ས་ཆ་ལ་འགའ་ཤས་སུ་མི་ཁ་རྒྱས་དབང་ཐང་དར་བ་ཞིག་གམ་དཔའ་མཛངས་ལྡན་པ་ཞིག་གིས་ཐོག་མར་རྟེན་འབྲེལ་མཚོན་བྱེད་དུ་རལ་གྲི་དེ་བཀོལ་སྤྱོད་བྱེད་པར་གྲགས།  བོད་གྲིའི་ཡུ་བའི་སྟེང་དུ་རྡོ་རྗེ་ཕ་ལམ་དང་། གཡང་ཊི། རྟ་ཀླད། མུ་ཏིག  གཡུ།  རྭ་ཅོ། གསེར། དངུལ། བྱུ་རུ་སོགས་རིན་པོ་ཆེའི་ཕྲ་སྣ་ཚོགས་ཡོད་པ་དང་།  གྲི་ཤུབས་ལ་ཡང་ཤིང་དང་ལྕགས། ཀོ་བ། དངུལ། ཉ་པགས། ཟངས་སོགས་ཡོད་ལ།   གྲི་ཤུབས་ཡང་གཞན་དང་མི་འདྲ་ཞིང་། སྟེང་དུ་གཡུ་བྱུར་གསེར་དངུལ་དང་མུ་ཏིག་གི་བརྒྱན་ཆ། བཀྲ་ཤིས་རྟགས་བརྒྱད། སྟག་སེང་ཁྱུང་འབྲུག་སོགས་ཉམས་ཕུན་སུམ་ཚོགས་པའི་རི་མོ་དང་། རིན་ཐང་བྲལ་བའི་རིན་པོ་ཆེ་སོགས་ཀྱིས་བརྒྱན་པ་ཡིན་ལ།  གྲི་རིང་བ་ནི་རྨི་གཅིག་ལས་བརྒལ་ཡོད་པ་དང་། སྤྱིར་བཏང་གི་གྲིའི་རིང་ཐུང་ནི་ལི་སྨི་སུམ་བཅུ་ནས་བཞི་བཅུ་ཡས་མས་ཡིན།  གྲི་ཐུང་བའི་རིང་ཐུང་ལིའི་སྨི་བཅུ་ཡས་མས་ཡིན། བོད་སྔོན་མ་དག་གིས་གྲི་ལ་འདི་འདྲའི་མཐོང་ཆེན་བྱེད་པའི་རྒྱབ་ལྗོངས་ནི་གཡུལ་དང་དམག་འཁྲུགས་ལ་མཐོང་ཆེན་བྱེད་པ་ཡིན་ལ།  དམག་འཁྲུགས་ལ་མཐོང་ཆེན་བྱེད་པ་ནི་ཆབ་སྲིད་ཀྱི་དབུ་རྨོག་དང་རང་ས་བརྟན་སྲུང་བྱེད་པའི་འདུ་ཤེས་དང་སྙིང་སྟོབས་ཧང་སངས་བའི་ཆེན་པོ་ཡོད་པ་རྟོགས་ནུས་པས་སོ། ། 
བོད་གྲིའི་ཁྱབ་ཁོངས་དང་ཤུགས་རྐྱེན།
        བོད་གྲི་དངོས་མ་ནི་ས་བརླན་སོགས་ཀྱི་སྟེང་དུ་བཞག་ཀྱང་བཙའ་ཆགས་མི་ཐུབ་པ་དང་། སྤུས་ཚད་ལེགས་པ་དང་། རྣོ་ངར་འཛོམས་པ། སྲ་བ། བརྐོས་ཚགས་ལེགས་པ། གྲི་ཤུབས་ཀྱི་དབྱིབས་སོགས་ལ་འགྱུར་བ་བྱུང་མི་ཐུབ་པ་དག་ཡིན་ལ། བོད་ཀྱི་གྲི་སྤྱིའི་རྣམ་པའི་ཆ་དེ་འདྲ་ཡིན་མོད། བྱེ་བྲག་གིས་བཤད་ན་ཉིང་ཁྲི་དང་ཡོན་ནན། ལྷ་ས། ཀོང་པོ། ནག་ཆུ་སོགས་བོད་མདོ་དབུས་ཁམས་གསུམ་ན་གྲི་བཟོ་སྟངས་མི་འདྲ་བ་ཧ་ཅང་མང་པོ་ཡོད་པར་མ་ཟད། བཟོ་སྟངས་དེ་ཡང་ལད་བཟློས་ཙམ་མ་ཡིན་པར་རང་ས་གནས་ཀྱི་ལག་རྩལ་དང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ལག་རྩལ་གྱི་ཁྱད་ཆོས་སོགས་མངའ་བ་ཤ་སྟག་ཡིན།  ས་ཁུལ་ལ་ཤས་ན་ད་སྐབས་ཀྱང་སྔོན་གྱི་ལག་རྩལ་དེ་རྒྱུད་འཛིན་བྱེད་ཀྱིན་ཡོད་པ་སོགས་གྲོགས་རེ་འགའི་ཞལ་ནས་ཐོས་མྱོང་ཞིང་། འདི་ནི་ཉམས་དགའ་དགོས་པའི་དོན་ཞིག་རེད་སྙམ།  ཡིན་ཡང་། ང་ཚོ་བོད་ཀྱི་བླུན་པོ་ཕྱུགས་ཀྱི་ཤ་ཚུགས་ཅན་འགས་ཤས་ཀྱིས་གྲི་བཟུང་ནས་ཕུ་ནུ་ནང་དམེ་དང་། བུ་སྤུན་གསོད་གཏུབ་བྱེད་ཀྱིན་པ་སོགས་ལ་གཞིག་ནས་གྲི་བཏགས་མི་ཆོག་པའི་ཡུལ་སྲོལ་སོགས་གཏན་འཁེལ་བྱེད་པ་དང་བྱེད་ཀྱིན་ཡོད་མོད། དེར་མཐུད་མི་མང་ཆེ་བ་མི་རིགས་རང་གི་རིག་གནས་ཀྱི་རིན་ཐང་ལ་བརྩི་བཀུར་མེད་པ་སོགས་ཀྱི་ལན་སྟབསབོད་གྲི་ཉམ་རྒུད་དུ་སོང་ནས་ད་སྐབས་ཕལ་ཆེར་རྩ་མེད་དུ་འགྲོ་བཞིན་འདུག  ད་ཆར་བོད་གྲིའི་ཚབ་དུ་རྒྱ་གྲི་དང་།བོད་སྐད་ཚབ་དུ་རྒྱ་སྐད།   བོད་གཤིས་ཚབ་ཏུ་རྒྱ་གཤིས་སོགས་སུ་འགྱུར་དང་བསྒྱུར་བཞིན་ཡོད་མོད། ཚང་མས་མི་རིགས་ཞེས་པའི་ཁོག་དཔུང་དང་། མི་རིགས་རིག་གནས་ཞེས་པའི་ཐུན་མོང་གི་རིག་གནས་ནི་རྒྱུད་འཛིན་དང་དར་སྤེལ་གཏོང་ཐུབ་ན། མི་རིགས་འཕེལ་རྒྱུས་ནི་དེ་འདྲ་ཐབས་ཟད་པའི་ལས་ཀ་ཞིག་ཡིན་མི་སྲིད་སྙམ་པའི་སེམས་ཤུགས་ཤིག་སྐྱེ་ཡི་འདུག    བོད་གྲི་འདི་དམག་འཁྲུག་དང་ཚོང་ལས་སོགས་ཀྱི་རྐྱེན་གྱིས་གང་སར་ཁྱབ་ཡོད་ལ། དཔེར་ན། རྒྱ་ནག་དང་རྒྱ་གར། འབྲུག་ཡུལ། སོག་ཡུལ། ཨུ་རུ་སུ། དབྱིན་ཇི། འབྲས་ལྗོངས། ལ་དྭགས་སོགས་གཙོའི་རྒྱལ་ཁབ་མང་པོར་ཁྱབ་ཡོད་པར་མ་ཟད། ད་ལྟ་རྒྱལ་ཁབ་རིམ་པས་ཀྱང་བོད་གྲི་ལ་མཐོང་ཆེན་ལེགས་པོ་བྱས་ནས་རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་ནང་དུ་བདམས་ཡོད་པ་སོགས་ལ་བལྟས་ནའང་བོད་གྲིའི་རིན་ཐང་་ཟུར་བལྟ་ལེབ་མཐོང་ཡིན་ངེས། 
ད་ལྟའི་བོད་གྲིའི་གནས་བབས་དང་བསམ་གཞིགས།
        ད་ལྟ་འཛམ་གླིང་རིག་གནས་ཁག་ཁྱབ་ཆེ་རུ་འགྲོ་བ་དང་བསྟུན་བོད་ཀྱི་རིག་གནས་སྤྱིའི་ཆ་ནས་ཁྱབ་ཆུང་དུ་འགྲོ་བཞིན་ཡོད་པ་དང་།  འཛམ་གླིང་གཞི་གཅིག་ཏུ་སྒྲིལ་བཞིན་ཡོད་པའི་དུས་འདིར་བོད་རྒྱ་ཆེ་རུ་འཐོར་བཞིན་ཡོད་པའི་སྐབས་འདིར་ཆེས་རྩ་གནད་དུ་གྱུར་ཡོད་པ་ནི་ཕྱི་དངོས་པོའི་ཆ་ནས་གསར་གཏོད་ཀྱི་ཕྱོགས་ལ་ཤུགས་རྒྱགས་དགོས་པ་དང་། གཉིས་ནས་བོད་སྲོལ་རྒྱུན་རིག་གནས་བཟང་པོ་རྒྱུད་འཛིན་གོང་སྤེལ་གཏོང་རྒྱུ་གཉིས་ནི་རྩ་གནད་དམ་རེད་སྙམ།   འདིར་བོད་གྲིའིནསྐོར་ནས་གླེང་ནའང་སྔོན་མར་བོད་གྲི་ནི་དགོན་པའི་བཙན་ཁང་དང་། རི་མགོའི་ལབ་ཙེ།  ཁྱིམ་གྱི་མཐོ་སར་འཇོག་པ་དང་།   ད་དུང་གྲིའི་སྟེང་དུ་མི་སྤོ་པ། གྲི་རྩེད་དང་གྲི་བསྟོད་སོགས་གྲི་དང་འབྲེལ་བའི་རིག་གནས་སྣ་མང་ཕུན་སུམ་ཚོགས་པ་ཡོད་མོད།  ད་སྐབས་གྲི་ལ་འཛིན་པའི་ལྟ་ཚུལ་རྦད་དེ་འགྱུར་ཡོད་དེ།གྲི་ནི་ཤ་བཟའ་སྤྱད་ཙམ་ལས་གྲི་འདོགས་པ་དང་གྲི་བསྟོད་སོགས་ཚང་མ་འགྱུར་བ་ནས་ཚར་བའི་བར་དུ་སོང་ཡོད་པ་ནི་སྐྱོ་བ་ཞིག་རེད་འདོད་དོ།   དེ་བས་གྲི་བསྟོད་དང་མདའ་བསྟོད། དཔའ་བསྟོད་སོགས་ནི་བོད་ཀྱི་རིག་གནས་ཀྱི་སྙིང་སྟོབས་ཤིག་ཡིན་ཙ་ན།འདི་ལྟར་ཉམ་རྒུད་དུ་སོང་ན་དཔྱོད་ལྡན་པ་དག་གིས་ཐུགས་བསམ་བཞེས་རྒྱུ་གལ་ཆེ་བར་འདོད།   གྲི་འདོགས་པ་ནི་གཙོ་བོ་དཔའ་བ་དང་རང་གི་གཟི་བརྗིད་མཚོན་པ།  རང་གཞན་ལས་འགྲན་ཟླ་མེད་པ་སོགས་ཀྱི་མཚོན་ཚུལ་ཡིན་པ་ལས་ཤ་ཟ་འདོད་ཆེ་བ་དང་། མི་གསོད་རྒྱུར་སྤྲོ་བ། རྟ་འདེད་རྒྱུར་མོས་པ་དག་གི་མཚོན་རྟགས་ག་ལ་ཡིན་ཏེ། མ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1