༄༅།། འཕགས་པ་ཀླུ་སྒྲུབ་ཀྱི་བྱུང་བ་བརྗོད་པ།

དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྦྲང་ཆར། སྤེལ་དུས། 01-09



   ཀུ་མ་ར་ཛི་བས་རྒྱ་ཡིག་ཏུ་བསྒྱུར།  དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར།

        འཕགས་པ་ཀླུ་སྒྲུབ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་སྲོལ་གཏོད་མཁན་ཡིན། ཁོང་ནི་སྤྱི་ལོའི་བརྒྱ་སྐོར་དང་པོ་ནས་གཉིས་པའི་མཚམས་དེར་རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེའི་རིགས་ལས་འཁྲུངས། ཁོང་ནི་ཀླུའི་རིགས་ཡིན་ལ་ཤིང་སྡོང་ཞིག་གི་གན་དུ་འཁྲུངས་པ་ཡིན་པས་མཚན་ལ་ནཱ་ག་ཛུ་ན་སྟེ་ཀླུ་སྒྲུབ་ཏུ་གྲགས། (རྒྱ་ཡིག་ཏུ་ཀླུ་ཡི་སྡོང་བོ་དང་ཀླུ་དཔའ་བོ་ཞེས་གཉིས་བསྒྱུར་འདུག)སློབ་དཔོན་དེ་ནི་གཞོན་ནུའི་དུས་ནས་རིག་པ་ཤིན་ཏུ་རྒོད་ཅིང་བྲམ་ཟེ་རྣམས་ཀྱིས་གཞུང་བཏོན་པ་ལན་རེ་གཉིས་ཐོས་འཕྲལ་བློར་ཟིན་ཅིང་། ལོ་ཉི་ཤུ་པ་ཙམ་ནས་སྐར་མའི་དཔྱད་དང་། ས་དཔྱད་རྩིས་རིག་དང་བྲམ་ཟེ་སོགས་ཕྱི་རོལ་པའི་གཞུང་ལུགས་མང་བོར་སྦྱངས་ཤིང་། གོ་རྟོགས་ཕུལ་དུ་བྱུང་བས་མཁས་པའི་སྙན་གྲགས་རྒྱས། སློབ་དཔོན་ལ་ན་ཟླ་སློབ་གྲོགས་དུ་མ་ཡོད་པ་ཚང་མ་རིག་ཡག་ཤ་སྟག་ཡིན། ཉིན་ཞིག་ཚང་མ་མཉམ་དུ་འཚོགས་ནས་གྲོས་བྱས་པ། ངེད་ཅག་ནི་འཇིག་རྟེན་ན་དར་བའི་རིག་པའི་གཞུང་ལུགས་ལ་འདི་མ་སྦྱངས་ཟེར་བ་མེད། འོན་ཀྱང་། མཁྱུད་སྤྱད་མན་ངག་གི་སྐོར་ད་དུང་མ་སྦྱངས་པས། བག་མེད་དུ་སྡོད་ག་ལ་རུང་ཟེར། དེ་ནས་མ་འགྱངས་པར་ས་ཆ་ཞིག་ན་ལུས་མི་སྣང་བར་བྱེད་པའི་སྒྲིབ་ཤིང་གི་མན་ངག་ལ་མཁས་པའི་སློབ་དཔོན་ཞིག་ཡོད་པར་ཐོས་ནས་སློབ་གྲོགས་རྣམས་དང་མཉམ་དུ་སློབ་དཔོན་དེ་ལ་མཇལ་བར་སོང་། སློབ་དཔོན་དེས་མན་ངག་ཞུ་མཁན་དེ་དག་ལོ་ན་ཕྲ་ཞིང་། ཀུན་སློང་རྣམ་དག་མིན་པར་ཤེས་ནས་སྒྲིབ་ཤིང་གི་མན་ངག་སྟེར་དུ་མ་ཉན། ཡང་ཡང་ནན་ཏན་ཞུས་པས་བྱ་ཐབས་མེད་པར་འོ་ན་ཁྱེད་ཅག་མི་རེར་སྨན་གྱི་རིལ་བུ་རེ་སྟེར། ཁྱེད་ཅག་མི་མེད་སར་སོང་ནས་སྨན་རིལ་ཆུར་བསྒྲུངས་ནས་མིག་གི་མཐར་བསྐུས་ན་གཞན་དག་གིས་ཁྱེད་ཅག་མི་མཐོང་ཟེར་རོ། ། ཀླུ་སྒྲུབ་ཀྱིས་སློབ་དཔོན་གྱི་དྲུང་དེ་གར་སྨན་རིལ་དེ་ཆུར་བསྒྲུངས་ནས་དྲི་མ་ལ་བསྣམས་ནས་ཁྱེད་ཀྱི་རིལ་བུ་འདི་ནི་སྨན་སྣ་བདུན་ཅུ་ལས་བསྡེབས་པ་རེད་ཟེར། སློབ་དཔོན་དེས་ཁྱོད་ཀྱིས་ཇི་ལྟར་ཤེས་ཞེས་དྲིས་པ་ལ། ཀླུ་སྒྲུབ་ཀྱིས་ཁོ་བོས་སྨན་གྱི་དྲི་མའི་སྟེང་ནས་སྡེབ་སྦྱོར་ཤེས་པ་ཡིན་ཟེར། དེ་ནས་སློབ་དཔོན་ཤིན་ཏུ་ཡ་མཚན་པར་གྱུར་ཅིང་། ཐབས་འདི་ལ་གཟབ་ནན་བྱེད་དགོས། གང་ཡིན་སར་དགོལ་མི་རུང་ཞེས་པར་གདམས་ནས་མངགས། དེ་ནས་ཀླུ་སྒྲུབ་གྲོགས་པོ་གསུམ་དང་མཉམ་དུ་སྒྲིབ་ཤིང་གི་ཐབས་ལ་བརྟེན་ནས་མཚན་མོར་རྒྱལ་པོའི་ཕོ་བྲང་དུ་སོང་། ཕོ་བྲང་ནང་གི་ན་ཆུང་མཛེས་མ་རྣམས་དང་རྩེ་དགར་རོལ། དེ་ནས་ཟླ་བ་འགའ་སོང་རྗེས་ཕོ་བྲང་ནང་གི་བུ་མོ་ཁ་ཤས་ལ་མངལ་ཆགས་ནས་ལྟོ་བ་རྒྱས་པར་གྱུར་པས། རྒྱལ་པོ་ཐུགས་ཁྲོས་ནས་བུ་མོ་རྣམས་ཁྲིམས་ལ་སྦྱར་ནས་འདྲི་རྩད་བྱས་པ་ན། བུ་མོ་རྣམས་ཀྱིས་ངེད་ཅག་ལན་མེད། མཚན་མོ་རྨི་ལམ་སྣང་བར་གཟུགས་མེད་སྐོར་ཅིག་འོངས་ནས་སྡོད་དུ་མ་བཅུག་པ་རེད་ཟེར། རྒྱལ་པོས་བློན་པོ་རྣམས་བསྡུས་ནས་བློ་དྲིས་པར། བློན་རྒན་པ་ཞིག་གིས་དེ་ནི་ཡང་ན་འདྲེ་གདོན་གྱི་འཕྲུལ་ཡིན་ལ། ཡང་ན་མཁྱུད་སྤྱད་མཁན་གྱིས་འཕྲུལ་བཏང་བ་རེད། ཕོ་བྲང་གི་སྒོ་སོ་སོར་སྲུང་དམག་རིག་པ་སྤྱང་བོ་ཅན་བཞག་ནས་བལྟར་ཆུགས། མི་ཡི་འཕྲུལ་ཡིན་ན་གཟུགས་ཀྱི་མཚན་མ་ཅུང་ཟད་རེ་མེད་མི་སྲིད། མཚན་མར་ལྟོས་ནས་མཚོན་ཆས་སྣུན་ཆོག འདྲེ་གདོན་ཡིན་ན་མཚན་མ་མེད་ཀྱང་རྫས་སྔགས་ཀྱིས་ཚར་གཅོད་པར་ནུས་ཞེས་སྨྲས་སོ། ། དེ་ལྟར་མཚན་མ་ཡོད་མེད་བརྟགས་པས། མཁྱུད་སྤྱད་མཁན་གྱི་འཕྲུལ་ཡིན་པར་ཤེས་ནས་དམག་གིས་བསྲུངས་ཏེ། ཞག་ཅིག་དེ་རྣམས་ཡོང་བས་རལ་གྲི་དང་མདུང་སོགས་བར་མཚམས་མེད་པར་གཡུགས་པས་གྲོགས་པོ་གསུམ་དེ་ནས་བསད། ཀླུ་སྒྲུབ་ནི་རྫས་ཀྱི་ནུས་པ་མ་ཉམས་པས་རྒྱལ་པོའི་སྐུ་རྒྱབ་ཏུ་ཡིབས་ནས་བསྡད་པས་སྲོག་ལས་ཐར་ཏོ། །

        སྲོག་ལ་བབས་པའི་ཉམ་ཉེས་ཚབས་ཆེན་དེ་འདྲ་དང་ཐུག་པའི་རྗེས་ནས་ཀླུ་སྒྲུབ་ཀྱིས་བསམ་པར། བཅོམ་ལྡན་འདས་ཀྱིས་ཆགས་པ་ནི་ཉེས་སྐྱོན་དང་སྡུག་བསྔལ་གྱི་རྩ་བ་ཡིན། ཆགས་པ་ནི་སྤྱོད་པ་འཆལ་བ་དང་སྲོག་གི་ཆད་པ་སོགས་འབབ་པའི་རྒྱུ་ཡིན་གསུངས་པ་ཤིན་ཏུ་བདེན་པར་འདུག་སྙམ་ནས་དཀོན་མཆོག་ལ་དད་པ་སྐྱེས་ཤིང་། རི་མགོར་མཆོད་རྟེན་ཡོད་པ་ཞིག་མཐོང་སྟེ་མཇལ་བར་སོང་ཞིང་། མཆོད་རྟེན་དེའི་དྲུང་དུ་ནང་བའི་དགེ་སློང་ཞིག་དང་མཇལ་ནས་དེ་ལ་ཞུས་ཏེ་རབ་བྱུང་གི་སྡོམ་པ་བླངས། མཆོད་རྟེན་དེའི་རྩར་ཟླ་བ་གསུམ་ཙམ་བསྡད་ནས་དེར་ཡོད་པའི་ཆོས་དཔེ་མ་ཚང་བ་མེད་པར་བལྟས་ཀྱང་ཡིད་ཚིམ་པོ་ཞིག་མ་བྱུང་། དེ་ནས་རྒྱ་གར་བྱང་ཕྱོགས་སུ་སོང་། དེ་གའི་གངས་ཀྱི་རི་བོ་ཞིག་ལ་མཆོད་རྟེན་ཞིག་ཡོད་པ་མཐོང་ནས་མཇལ་བར་སོང་། དེ་གའི་དགེ་སྦྱོང་རྒན་པོ་ཞིག་ལ་གསོལ་བ་བཏབ་པས་དགེ་སྦྱོང་དེས་ཐེག་པ་ཆེན་པོའི་སྐོར་གྱི་ཆོས་ཚན་སྐོར་ཞིག་གི་དཔེ་ཆ་གནང་། དེར་དཔེ་ཆ་གཟིགས་ནས་ཟླ་བ་གསུམ་སོང་། དེར་ཡང་ཡིད་ཚིམ་པོ་མ་བྱུང་ནས་རྒྱལ་ཁམས་བསྐོར་དུ་སོང་། ལམ་དག་ཏུ་ནང་བའི་ཆོས་ཀྱི་དཔེ་ཆ་འཚོལ་སྡུད་མཛད་ནས་གཟིགས་རྟོག་གནང་། ལམ་ཁར་མུ་སྟེགས་ཕྱི་རོལ་བ་དུ་་མ་རྩོད་པས་ཚར་བཅད། སྐབས་དེར་ཁོང་གི་བསམ་པར་རྒྱལ་བའི་གསུང་རབ་ཕྱི་རོལ་བའི་གཞུང་ལ་ལྟོས་ཟབ་ཅིང་རྒྱ་ཆེ་མོད། དེ་ཡང་ཤེས་དཀའ་བ་ཞིག་མ་རེད་སྙམ་ནས་ང་རྒྱལ་ཅུང་ཟད་སྐྱེས་པ་ན། དགེ་སློང་་ཀླུ་ཆེན་པོ་ཞེས་བྱ་བ་སྨྲ་ར་འཛིངས་ཤིང་སྤྱན་བགྲད་ཅིང་ཁོད་འཚེར་བ་ཞིག་ཁོང་གི་རྩར་བྱོན་ནས། གཞོན་ནུ་ཁྱོད་དོང་ཆུ་ནང་གི་སྦལ་བ་ལྟར་ང་རྒྱལ་མ་བྱེད། ཁྱོད་སངས་རྒྱས་ལས་མཁས་ག་ལ་སྲིད། ཁྱོད་ངའི་རྗེས་སུ་འབྲངས་ནས་འགྲོ། ཐེག་ཆེན་གྱི་མདོ་སྡེ་ཅི་ཙམ་ཡོད་པ་ཁྱོད་ཀྱིས་ད་གཟོད་ཤེས་འགྲོ་ཟེར་ནས་ལམ་ཁྲིད་བྱས་ཏེ་ཕེབས་སོང་། དེ་ནས་རི་ཕུ་མགོའི་བྲག་ཁུང་ཞིག་གི་ནང་དུ་བསླེབས། དེར་ཡུལ་ལྗོངས་མཛེས་པས་བསྐོར་པའི་ཀླུའི་ཕོ་བྲང་ཁང་བཟང་བཀོད་ལེགས་འོད་འཚེར་བ་ཞིག་ཡོད་པ་མཐོང་། དགེ་སློང་ཀླུ་ཆེན་པོས་ཁང་བཟང་ཞིག་གི་ནང་དུ་ཁྲིད་ནས་རྡོ་གཡང་ཊིའི་ཟ་མ་ཏོག་མང་བོའི་ནང་ན་གསུང་རབ་གླེགས་བམ་ཡོད་པ་མཐར་དྲི་བཟང་གིས་བ་པ་བ་ཕྱེ་རས་བསྟན་ཅིང། གཞོན་ནུ་ལྟོས་ཤིག གསུང་རབ་འདི་དག་གིས་ཁྱོད་ཀྱི་རེ་འདོད་སྐོང་ཐུབ་བམ་གསུངས། དེར་སྔར་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་པའི་གསུང་རབ་མང་དུ་འདུག་པ་གཟིགས་ནས་དགྱེས་པ་དཔག་མེད་འཁྲུངས་ཤིང་། དགེ་སྦྱོང་རྒན་པོར་དེས་པར་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ་ཞེས་ཞུས་སོ། ། དེར་གསུང་རབ་གླེགས་བམ་མང་དུ་ཡོད་པ་སྐོམ་པའི་ཆུ་འདོད་ལྟར་ཉིན་མཚན་བསྟུད་ནས་གཟིགས་ཤིང་། ཤེས་རྒྱ་ཆེར་རྒྱས་ནས་སྔར་གྱི་མཁས་པའི་ཁེངས་དྲེགས་ཞི་ཞིང་རྒྱལ་བའི་གཞུང་ལུགས་ནི་ཟབ་ཅིང་རྒྱ་ཆེ་བ་གཏིང་མཐའ་མི་མངོན་པ། ཕྱི་རོལ་པའི་ཆོས་རྣམས་དེའི་ཆ་ཤས་ཙམ་ཡང་བསྒྲུན་དུ་མི་བཟོད་ང་ཞིག་ཡིན་པའི་ངེས་པ་རྙེད། དཔེ་ཀློག་གིས་ཡིད་ཚིམ་པོ་བྱུང་ནས་སྔར་རང་ཉིད་ཀྱིས་གྲུབ་མཐའ་གསར་བ་ཞིག་བཙུགས་ནས་འཁོར་སློབ་སྐྱོང་འདོད་ཡོད་པ་དེ་ཡང་ནོར་འཁྲུལ་དུ་ཤེས། སློབ་དཔོན་ཀླུ་ཡུལ་དུ་ཡུན་རིང་བཞུགས་ནས་དེར་ཡོད་པའི་གསུང་རབ་ཀྱི་ཚིག་དུམ་ཕལ་ཆེར་ཐུགས་ཐོག་ཏུ་སྐྱོར་ཐུབ་པ་བྱུང་། དགེ་སློང་ཀླུ་ཆེན་པོས་གདམས་ངག་འགའ་ཞིག་ཀྱང་གནང་། དེ་ནས་སླར་ཡང་རྒྱ་གར་ལྷོ་ཕྱོགས་སུ་བྱོན་ནས་ཐེག་པ་ཆེན་པོའི་ཆོས་སྤེལ་པ་དང་། ཕྱི་རོལ་པ་འདུལ་བ་སོགས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། ཁོང་གིས་ཕྱི་རོལ་པ་ནང་བའི་ཆོས་སུ་བཅུག་པ་ཡང་བགྲང་གིས་མི་ལང་། སྐབས་དེར་མུ་སྟེགས་པ་རྫུ་འཕྲུལ་ཤེས་པ་ཞིག་གིས་སློབ་དཔོན་ལ་ཕྲག་དོག་ལངས་ནས་རྫུ་འཕྲུལ་འགྲན་པར་འདོད་ནས་རྒྱལ་པོར་ཞུས་པ་ན། ཁྱོད་ཀྱིས་ང་རྒྱལ་མ་བྱེད། སློབ་དཔོན་ཀླུ་སྒྲུབ་ནི་རྟོགས་པ་མཐོན་པོར་བསླེབས་ཡོད་པའི་གང་ཟག་ཅིག་རེད། སྔོན་ཆད་དང་མི་འདྲ། ཤེས་རབ་དང་རྟོགས་པ་ཉི་ཟླ་དང་དོ་མཉམ། ཁྱོད་ཀྱིས་འགྲན་བཙལ་དོན་ཅི་ཡིན་ཅེས་པས། མུ་སྟེགས་པས་རྒྱལ་པོ་ཁྱོད་ཀྱིས་དེའི་གཡོ་སྒྱུ་མ་ཤེས་པ་རེད། དེ་ནི་ཁ་ཐབས་ཅི་ཡང་མེད་པའི་ཟོག་རྫུ་ཞིག་རེད། ཁྱོད་ཀྱི་རྣ་བར་མི་འགྲོ་ན་ངེད་ཅག་རྫུ་འཕྲུལ་འགྲན་ཆོག་ཟེར། དེ་ནས་རྒྱལ་པོས་ཀྱང་འོ་ན་དེ་ལྟར་གྱིས་ཞེས་བཀའ་གནང་། རྫུ་འཕྲུལ་འགྲན་པའི་ཉིན་དེར་སློབ་དཔོན་སྔོན་ལ་བྱོན་ནས་རྒྱལ་པོ་དང་མཉམ་དུ་ཕོ་བྲང་གི་ནང་དུ་བཞུགས་ཤིང་། མུ་སྟེགས་པ་དེས་མཐོང་སྟེ་ལྷག་པར་ཞེ་སྡང་ལངས་ནས་ཐོན་མ་ཐག་ཏུ་ཕོ་བྲང་གི་མདུན་དུ་རྫུ་འཕྲུལ་གྱིས་གསེར་གྱི་མཚེའུ་ཆུ་ཡི་རྦ་རླབས་གཡོ་བ། མཚེའུའི་ལྟེ་བར་གསེར་གྱི་པད་མ་འདབ་མ་སྟོང་དང་ལྡན་པ། མུ་སྟེགས་པ་ཁོ་རང་པད་མའི་ལྟེ་བར་སྡོད་པ་ཞིག་ཏུ་སྤྲུལ་ནས། ཁེངས་དྲེགས་ཆེན་པོས་སྨྲས་པ། ཁྱོད་ཀྱིས་ལྟོས་ཤིག ང་ནི་པད་མའི་ལྟེ་བར་བསྡད་ཅིང་མཐོ་རིས་ཀྱི་ལྷ་དང་འདྲ་བ་ཡིན་ལ། ཁྱོད་ནི་དམན་པའི་ས་ལ་འཁུམས་ཏེ་སྡོད་པས་དགོད་རེ་བྲོ། པད་མའི་གདན་ལ་གནས་པའི་བློ་གྲོས་ཆེན་པོ་ཁོ་བོ་དང་རྩོད་ཕོད་དམ་ཟེར་རོ། ། དེ་ནས་སློབ་དཔོན་གྱིས་ཅང་མི་སྨྲ་བར་ཁྲི་ལས་ལངས་ཏེ་སྔགས་བཟླས་ནས་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་སྟེང་དུ་བཞུགས་པ་ཞིག་ཏུ་སྤྲུལ། མཚེའུའི་མཐར་ལན་གཅིག་སྐོར་ནས་སྣ་ཞགས་བསྐྱངས་ནས་ཕྱི་རོལ་པ་བར་སྣང་དུ་བཏེགས་ནས་ས་ལ་བརྡབས། མཚེའུ་དང་གླང་ཆེན་ཡང་མི་སྣང་བར་གྱུར་ཅིང་མུ་སྟེགས་པའི་རྐང་བ་དང་སྐེད་པ་བསྣད་ནས་ས་ལ་ཉལ་ནས་བསྡད་པ་མཐོང་། དེ་ནས་ཕྱི་རོལ་པ་དེ་སློབ་དཔོན་གྱི་དྲུང་དུ་གོག་སྟེ་བསྡད་ནས་འགྱོད་བཤགས་བྱས་ཤིང་། ཁོ་བོ་རང་ཚོད་རང་གིས་མ་ཐིག་པས་སློབ་དཔོན་ལ་བརྙས་བཅོས་བྱས་པ་མ་འགྲིག ད་ནས་ནང་པའི་ཆོས་ལ་ཞུགས་ནས་ཁྱོད་ཀྱི་སློབ་མ་བྱེད་རྒྱུ་ཡིན། བདག་ལ་སློབ་སྟོན་གནང་བར་ཞུ་ཞེས་ཞུས་སོ། །
        ཡང་དེ་ནས་འདབས་འབྲེལ་གྱི་རྒྱལ་ཁབ་ཅིག་ན་ཕྱི་རོལ་པ་ལ་དད་པའི་རྒྱལ་པོ་ཞིག་ཡོད་ལ། འབངས་མི་རྣམས་ཀྱང་བཙན་གྱིས་ཕྱི་རོལ་པའི་ཆོས་ལ་བཅུག་ཅིང་ནང་བ་སངས་རྒྱས་པ་ལ་སྡང་བོ་བྱེད་པ་བྱུང་། སློབ་དཔོན་གྱིས་གནས་ཚུལ་དེ་མཁྱེན་ནས་རྒྱལ་ཁབ་དེར་ཆོས་སྤེལ་དུ་བྱོན། དེར་རྒྱལ་པོས་སྲུང་དམག་འཚོལ་སྡུད་བྱེད་པའི་སྐབས་ལ་ཁེལ་པས་སློབ་དཔོན་ཡང་སྲུང་དམག་གི་གྲས་སུ་ཞུགས་ནས་མ་འགྱངས་པར་སྲུང་དམག་གི་དམག་དཔོན་ཞིག་ཏུ་གྱུར། ཉིན་ཞིག་རྒྱལ་པོ་ལྗོངས་རྒྱུར་གཤེགས་པའི་ཚེ། སྲུང་དམག་རྣམས་མཚོན་དང་དར་ཆ་ཕྱར་ནས་གོམ་སྟབས་མཉམ་པར་བགྲོད་ཅིང་འཇིགས་ཟིལ་དང་ལྡན་པ་མཐོང་ནས་རྒྱལ་པོས་སྲུང་དམག་གི་དམག་དཔོན་སུ་ཡིན་དྲིས་པས། ཞམ་འབྲིང་པས། མི་འདིས་རྒྱལ་པོའི་སྐུ་སྲུང་དམག་བྱེད་འདོད་པ་ཡིན་ཟེར་ནས་བྱ་བ་ལ་ཧུར་བརྩོན་བྱེད་ཀྱང་གཞུང་གི་ཟླ་ཕོགས་མི་ལེན། གཞུང་གི་ཟ་མ་ཡང་མི་ཟ་བའི་མི་ཡ་མཚན་ཅན་ཞིག་རེད་ཅེས་ཞུས། དེ་ལ་རྒྱལ་པོ་ཡང་ཡ་མཚན་ནས་དྲུང་དུ་བོས་ཏེ། ཁྱོད་སུ་ཡིན་ཅེས་དྲིས་པ་ལ། ཁོ་བོ་ཤེས་བྱ་ཀུན་ཤེས་ཡིན་ཟེར། རྒྱལ་པོས་ཤེས་བྱ་ཀུན་ཤེས་ཤིག་འཇིག་རྟེན་ན་དཀོན་པར་སྣང་བ། ཁྱོད་ལབ་རྒྱག་མཁན་ཞིག་རེད་ཨང་གསུངས། སློབ་དཔོན་གྱིས་རྒྱལ་པོས་རྣ་བར་མི་འགྲོ་ཆ་ད་ལྟ་བདེན་མིན་བརྟག་ཆོག་གསུངས། དེ་ནས་རྒྱལ་པོས་བསམ་པར་ཁོ་བོ་ནི་བྲམ་ཟེའི་གཞུང་ལ་མཁས་པའི་རིག་པའི་རྗེ་བོ་ཡིན་ཀྱང་ཁོ་བོའི་དྲུང་དུ་ཤེས་བྱ་ཀུན་ཤེས་ཡིན་ཅེས་བག་མི་ཚ་བར་བཤད། མི་འདིའི་ཚོང་མི་ཐིག་པས་རིག་པ་སྒྲིན་པོ་བྱེད་དགོས་སྙམ་ཞིང་བདག་གིས་དྲིས་ན་ལན་ཐེབས་ཚེ་ཁོ་རང་རྒྱལ་ཁ་ལོན་པ་ཡིན་ལ་མ་དྲིས་ན་རང་གིས་ཕམ་ཁ་ཉོས་པ་ཡིན་པས་ཇི་ལྟར་བྱ་བསམས་ནས་ཡུད་ཙམ་འདང་བརྒྱབ། དེ་ནས་འདིས་གཏན་ནས་ལན་མི་ཕོག་པའི་དོན་ཞིག་འདྲི་དགོས་སྙམ་ནས། འོ་ན་སྐབས་འདིར་ནམ་མཁའི་ལྷ་རྣམས་བྱ་བ་ཅི་བྱེད་ཀྱིན་འདུག་ཅེས་དྲིས་པ་ལ། སློབ་དཔོན་གྱིས་ལྷ་དང་ལྷ་མིན་གཡུལ་འགྱེད་པའི་སྒང་རེད་ཟེར། རྒྱལ་པོའི་བསམ་པར་མི་འདི་ཅི་བཤད་འདི་བཤད་མེད་པའི་སྨྱོན་པ་ཞིག་ཡིན་པར་འདུག་བསམས་ནས་ཧད་དེ་བསྡད། སློབ་དཔོན་གྱིས་ངའི་གཏམ་རྫུན་ཡིན་མིན་ད་ཤེས་པར་འགྱུར་ཟེར་ནས་ཅང་མ་འགོར་པར་བར་སྣང་དུ་མཚོན་བཀྱེ་བ་དང་ཀི་བསྭོ་འཐབ་མོའི་སྒྲ་གྲགས་པ་དང་མཚོན་གྱིས་བཅད་པའི་ལྷ་མིན་གྱི་རྐང་ལག་སར་ལྷུང་བ་སོགས། རྒྱལ་བློན་འབངས་འཁོར་དང་བྲམ་ཟེ་ཚང་མའི་མིག་ལ་ལྷ་དང་ལྷ་མིན་གཡུལ་འགྱེད་པའི་ཚུལ་མངོན་སུམ་དུ་སྣང་བར་བྱས་སོ། ། དེ་ལ་རྒྱལ་པོ་དང་ཁྲོམ་འདུས་ཀྱི་མི་ཚང་མ་ཤིན་ཏུ་ཡ་མཚན་སྐྱེས་ནས་རྒྱལ་པོས་སླར་ཡང་སློབ་དཔོན་ལ་ཁྱོད་ངོ་མ་སུ་ཡིན་ཅེས་དྲིས་པས། སློབ་དཔོན་གྱིས་དགེ་སློང་གི་ཆ་བྱད་བསྟན་ནས་ཁོ་བོ་ནི་ཤཱཀྱའི་དགེ་སློང་ཀླུ་སྒྲུབ་ཟེར་བ་དེ་ཡིན་ཅེས་གསུངས། རྒྱལ་པོས་ཀྱང་ཉེ་འདབས་ཀྱི་རྒྱལ་ཁབ་དེར་ཀླུ་སྒྲུབ་ཅེས་པའི་རྒྱལ་པོའི་མཆོད་གནས་ཤིག་ཡོད་པ་དང་། དེས་རྒྱལ་ཁབ་ཀྱི་འབངས་མི་ཡོངས་རྫོགས་སངས་རྒྱས་པའི་ཆོས་སུ་བཅུག་པའི་གནས་ཚུལ་སྔར་ནས་ཐོས་ཀྱང་བདེན་མིན་མི་ཤེས་ལ་དངོས་སུ་མཐོང་ནས་འཕགས་པའི་གང་ཟག་ཅིག་ཡིན་པར་ཡིད་ཆེས་པས་གུས་པའི་སྐྱབས་གནས་སུ་བསྟེན་ཅིང་ཆོས་གསུང་བར་ཞུས། དེའི་རྒྱལ་ཁབ་ཀྱི་འབངས་མི་ཡོངས་རྫོགས་ཀྱང་ཆོས་འོག་ཏུ་བཅུགསློབ་དཔོན་སླར་ཡང་རང་ཡུལ་དུ་ཕེབས་སོ། །
        ཡང་སློབ་དཔོན་ཞོན་ཙང་གི《རྒྱ་གར་ལམ་ཡིག》ཏུ། སློབ་དཔོན་འདི་སྐུ་ཚེ་སྨད་ལ་ཚེའི་རིག་འཛིན་བརྙེས་ཤིང་། ལོ་བརྒྱ་ལྷག་སོང་ཡང་རྒས་ཉམས་མེད་ལ་རྒྱལ་པོ་དང་མཉམ་དུ་འཆི་མེད་སྒྲུབ་པས་རྒྱལ་པོ་ཡང་ཚེ་ཡི་དངོས་གྲུབ་ཐོབ། རྒྱལ་པོ་དེའི་སྲས་པོ་ཡང་བགྲེས་པར་གྱུར་ཀྱང་རྒྱལ་སྲིད་མ་ཐོབ་པས་རང་གི་མ་ལ་འདི་ལྟར་བསྡད་ན་ཁོ་བོས་ནམ་ཞིག་རྒྱལ་སྲིད་འཛིན་ཐུབ་ཅེས་སྨྲས། ཀླུ་སྒྲུབ་མ་ཤི་ན་ཁྱེད་ཀྱི་ཕ་ཡང་མི་འཆི་བས་ཀླུ་སྒྲུབ་ནི་བྱང་ཆུབ་སེམས་དཔའ་ཡིན་ལ། བྱང་ཆུབ་སེམས་དཔས་ལུས་སྲོག་ཀྱང་སྦྱིན་པ་གཏོང་བས་ཁྱོད་སོང་ནས་ཀླུ་སྒྲུབ་ལ་ཞུས་ཤིག་ཅེས་བསླབས། དེ་ནས་རྒྱལ་སྲས་དེ་ཀླུ་སྒྲུབ་ཀྱི་དྲུང་དུ་སོང་ནས། ཁོ་ལ་ནད་ཐུ་མོ་ཞིག་ཐེབས་སོང་། དེའི་སྨན་ལ་མི་ཡི་ཀླད་པ་མེད་ན་ནད་མི་སོས་པས་མི་ཡི་ཀླད་པ་གང་དུ་འཚོལ། ཁྱེད་ཀྱིས་ཐུགས་རྗེ་ཞིག་མི་གཟིགས་སམ་ཞེས་ཞུས་པས། སློབ་དཔོན་གྱིས་དེའི་འདོད་དོན་མཁྱེན་ནས་བྱེད་ཀྱི་རེ་འདོད་བསྐང་ཆོག འོན་ཀྱང་དེར་བརྟེན་ནས་ཁྱེད་ཀྱི་ཕ་ཡང་ཚེ་ཐག་འཆད་པས་ཁྱེད་ཕ་ལ་མ་གུས་པའི་རྣམ་སྨིན་མྱང་དགོས་ཟེར་ནས་འཇག་མ་ཞིག་ལ་ཕུ་བཏབ་ནས་རལ་གྲིར་གྱུར་ལ་དེ་ཡིས་རང་གི་སྐེ་བཅད་ནས་གཤེགས་ཤིང་རྒྱལ་པོ་ཡང་གྲོངས་སོ་ཞེས་བྱུང་།
 ཡང་བཤད་ཚུལ་ཞིག་ལ་སློབ་དཔོན་གྱི་སྐུ་ཚེ་གང་བོར་ཐེག་ཆེན་སྤེལ་པས་ཐེག་དམན་གྱི་གྲུབ་མཐའ་འཛིན་མཁན་མང་བོ་དང་། ཕྱི་རོལ་པ་བཅས་ལ་འཐབ་རྒོལ་མང་དུ་མཛད་ཅིང་རྒྱལ་པོ་གསར་བ་དེ་ཐེག་དམན་ལ་དད་ཅིང་ཐེག་ཆེན་ལ་སྡང་བ་ཞིག་ཡིན་པས། ཐེག་དམན་པ་ཞིག་གིས་དུག་དྲངས་ཏེ་སློབ་དཔོན་གྱི་སྐུ་ལུས་ཀྱང་ཆེས་ཞན་པར་གྱུར་ཏེ། ཏིང་ངེ་འཛིན་ལ་བཞུགས་ནས་ཚེ་ཡི་འདུ་བྱེད་བཏང་ངོ་ཞེས་པར་གྲགས་སོ། །
སློབ་དཔོན་འདིས་གསུང་རྩོམ་མང་དུ་མཛད་ཅིང་གཞུང་ལུགས་སྟོང་ཕྲག་སྨྲ་བའི་དབང་བོར་གྲགས། འདི་བའི་གསུང་ད་ལྟ་མཇལ་རྒྱུ་ཡོད་པ《དབུ་མ་རྩ་བ་ཤེས་རབ》དང《སྒོ་བཅུ་གཉིས་པ》《ཤེར་ཕྱིན་ཆེན་མོའི་རྣམ་བཤད》《ས་བཅུ་བྱེ་བྲག་ཏུ་བཤད་པ》《བྱང་ཆུབ་སེམས་དཔའི་ཚོགས་ཀྱི་རྩ་བ》《དེ་བཞིན་གཤེགས་པའི་ལམ་གྱི་རྒྱན》སོགས་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1