མཛོད་དགེ་མི་རིགས་ཆོས་ལུགས་ཅུས་ལ་རྒྱལ་ཡོངས་ཀྱི་མཚན་སྙན་འཐོབ་ཡོད།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-16


        གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཉེ་སྔོན། 2018ལོའི་རྒྱལ་ཡོངས་ཀྱི་ཆོས་ལུགས་ཅུས་ཀྲང་གི་གྲོས་ཚོགས་སུ། རྒྱལ་ཁབ་མི་ཤུགས་སྤྱི་ཚོགས་འགན་ལེན་པུའུ་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་གཉིས་ཀྱིས་མཉམ་དུ་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་མ་ལག་གི་སྔོན་ཐོན་སྡེ་ཁག་32ལ་བྱ་དགའ་བསྩལ་བ་དང་། རྔ་བ་ཁུལ་གྱི་མཛོད་དགེ་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུས་ལ་རྒྱལ་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་མ་ལག་གི་སྔོན་ཐོན་སྡེ་ཁག་གི་མཚན་སྙན་ཐོབ་པ་རེད། དེ་ནི་སི་ཁྲོན་ཞིང་ཆེན་ལ་མཚོན་ན་མཚན་སྙན་དེ་འདྲ་འཐོབ་མཁན་གཅིག་པུ་ཡིན་པ་རེད། 
        ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ལས་དོན་གཙོ་བོར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རབ་དང་རིམ་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱས་ཤིང་། ཏང་གི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་དོན་འཁྱོལ་བྱས་ནས། ཆོས་ལུགས་ལས་དོན་གྱི་དོ་དམ་དང་དགོན་པ་དོ་དམ་ལ་ཤུགས་བསྣན་པ། དགོན་ཁག་གི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས་ཆོས་ལུགས་པ་རྣམས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་བཅུག་ཅིང་། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་བརླིང་བཅས་ལ་སྐུལ་འདེད་བཏང་། རྫོང་རིམ་འགོ་ཁྲིད་དང་རྫོང་རིམ་པའི་ལས་ཁུངས་ཀྱིས་དགོན་པ་དང་ཆོས་ལུགས་པའི་འཐུས་མིར་འབྲེལ་བ་འཛུགས་པའི་ལམ་ལུགས་ལག་ཏུ་བསྟར་ནས། དགོན་པ་དང་མང་ཚོགས་ཀྱི་ལས་དོན་རྒྱུན་སྲོལ་ཅན་དུ་བསྒྱུར་བ་རེད།
        མཛོད་དགེ་རྫོང་གིས་ལམ་ལུགས་རབ་དང་རིམ་པའི་མང་བོ་བཟོས་ཏེ། རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན། རྫོང་རིམ་པའི་ལས་ཁུངས། ཡུལ་ཚོ་དང་གྲོང་རྡལ་སོ་སོ་བཅས་ཀྱི་འགོ་ཁྲིད་གཙོ་བོས་དགོན་པ་དོ་དམ་སོགས་ལས་ཀ་བསྒྲུབས་ཚུལ་གསལ་བཤད་བྱས་ཤིང་། དགོན་པའི་དམངས་གཙོའི་དོ་དམ་ཐད། མཛོད་དགེ་རྫོང་ལྷ་མོ་དགོན་པས་བཏོན་པའི་མི་རུང་བ་གསུམ་གྱི་དམ་བཅའ་ལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་ཏེ།བོད་བརྒྱུད་ནང་བསྟན་དགོན་པའི་ཁྲིམས་བརྟེན་དོ་དམ་དང་དམངས་གཙོ་དོ་དམ། སྤྱི་ཚོགས་དོ་དམ་བཅས་མཉམ་དུ་འབྲེལ་བའི་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས། དམངས་གཙོའི་དོ་དམ་གྱི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་བ་རེད། 
        རྒྱུས་ལོན་པ་ལྟར་ན། མཛོད་དགེ་རྫོང་གིས་སྒོར་ཁྲི་3000ལྷག་རྫོང་ཡོངས་ཀྱི་དགོན་པ་དག་གི་ཆུ་དང་གློགལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་བཏང་ནས། སྔ་གཞུག་ཏུ་དགོན་པའི་སྤྱི་སྤྱོད་ཁང་བ་109དང་གྲྭ་ཁང་533གྱི་གློག་སྐུད་ལེགས་བཅོས། དགོན་པ་30ཡི་སྤྱི་སྤྱོད་ཆབ་ཁང་། དགོན་པའི་མེ་འགོག་རྫིང་བུ། དམངས་གཙོའི་དོ་དམ་ཁང་གི་གཞུང་སྤྱོད་ཁང་བ་སོགས་འཛུགས་སྐྲུན་བྱས་ཏེ། དགོན་པ་དག་གི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་ཡོད། རྣམ་པ་གསར་བའི་ཞིང་གྲོང་གི་རྒན་གསོའི་འགན་བཅོལ་དུ་གྲྭ་བཙུན་1135བཅུག་པ་དང་། གྲྭ་བཙུན་80འགན་སྲུང་ལྔའི་གསོ་སྐྱོང་དུ་བཅུག་པ། གྲྭ་བཙུན་111གིས་རྒན་གསོའི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་ཡོད། རྫོང་ཁོངས་ཀྱི་དགོན་པ་དག་ལ་རྒྱང་སྒྲོག་བརྙན་འཕྲིན་འཕྲོད་པར་བྱས་ཡོད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1