གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནས་ཤེས་རྟོགས་བྱུང་བར། 2017ལོར་རྫ་ཆུའི་ཆུ་འགོའི་གླིང་དུ་གསའ་ཡི་རང་བྱུང་ཉམས་ལེན་ཚོད་ལྟའི་ལས་དོན་སྤེལ་བ་ནས་བཟུང་། འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་རང་བྱུང་ཉམས་ལེན་པ་ཚོས་གླིང་དེའི་རྣམ་སྲས་རོང་ཆེན་ནས་གསའ་འགུལ་སྐྱོད་བྱེད་པའི་པར་བརྙན་མང་པོ་ཕབ་པའི་ཁྲོད་གསའ་མོ་དང་གསའ་ཕྲུག་གི་པར་དང་དེ་བཞིན་གསའ་ཡིས་ཟས་བཟའ་བའི་རྩ་ཆེའི་པར་ཡང་ཡོད་པ་རེད། གོང་གི་པར་རིས་ནི་ཧྥ་རན་སེའི་རང་བྱུང་ཉམས་ལེན་པ་ཧྥ་ལེ་ཏེ་ལི་ཁེ·ལ་ལེ་ཡིས་གཙང་གསུམ་ཆུ་འགོའི་སྤྱི་གླིང་གི་རྫ་ཆུའི་ཆུ་འགོའི་རྣམ་སྲས་རོང་ཆེན་ནས་པར་བླངས་པའི་གསའ་ཡིན་པ།
“ཚོད་ལྟའི་ལས་དོན་སྤེལ་བ་ནས་བཟུང་། འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་རང་བྱུང་ཉམས་ལེན་པ་86གིས་འབྲོག་པའི་སྣེ་ཤན་པའི་རོགས་རམ་འོག་གསའ་འགུལ་སྐྱོད་ཀྱི་བརྙན་ཕབ་30ལྷག་ཙམ་ཟིན་ཐོར་བཀོད་པ་དང་མང་ཤོས་སྐབས་ཉིན་གཅིག་ལ་གསའ་7པར་ལེན་ཐུབ་ཡོད”ཅེས་གཙང་གསུམ་ཆུ་འགོའི་ཁུལ་དུ་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་དང་མི་ཕྱུགས་ཀྱི་འགལ་ཟླའི་ཁ་གསབ་སོགས་ཀྱི་ལས་ཀ་ཡུན་རིང་སྤེལ་མྱོང་བའི་རི་ཆུའི་རང་བྱུང་སྲུང་སྐྱོང་ལྟེ་གནས་གཙང་གསུམ་ཆུ་འགོའི་རྣམ་གྲངས་ཀྱི་ཀྲུའུ་རེན་ཀྲའོ་ཞང་གིས་དེ་ལྟར་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། དུས་ཡུན་རིང་པོའི་ནང་། གསའ་ཡི་འགུལ་སྐྱོད་བྱེད་སྟངས་ལ་རྒྱུས་མངའ་དེ་ཙམ་མེད་པ་དང་ལྟ་ཞིབ་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་མི་རྣམས་ཀྱིས་གསའ་ལ་ཐད་ཀར་ལྟ་ཞིབ་དང་ཟིན་ཐོར་བཀོད་པ་ཧ་ཅང་ཉུང་ཉུང་ཡིན་ལ། གསའ་ཡི་རང་བྱུང་ཉམས་ལེན་བྱེད་པའི་ཆ་རྐྱེན་ཚང་བའི་ས་ཆའང་དེ་ཙམ་མང་པོ་མེད། 2015ལོ་ནས་བཟུང་རྫ་སྟོད་རྫོང་སྲིད་གཞུང་དང་རི་ཆུའི་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་མཉམ་ལས་བྱས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་དྲ་རྒྱའི་ལས་དོན་སྤེལ་ཏེ། རྣམ་སྲས་རོང་ཆེན་དུ་དམར་ཕྱིའི་འོད་ཐིག་གི་པར་ཆས་100ལྷག་ཙམ་བཙུགས་པ་དང་ལྟ་ཞིབ་ཚད་ལེན་ཐུབ་པའི་གྲངས་གཞི་བརྒྱུད་གསའ་ཡི་འགུལ་སྐྱོད་བྱ་ཡུལ་དང་དུས་ཚོད་སོགས་དབྱེ་ཞིབ་བྱས་ནས་རང་བྱུང་ཉམས་ལེན་པ་ཚོས་གསའ་ལ་ལྟ་ཞིབ་ཐུབ་ཚད་མང་དུ་འགྲོ་རྒྱུར་རོགས་རམ་བྱས་པ་མ་ཟད། ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་ལ་གཞིགས་ནས་མིའི་བྱ་སྤྱོད་དབང་གིས་གསའ་ལ་ཤུགས་རྐྱེན་ཐེབས་ཤུགས་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད།
གསའ་ཡི་ཞིབ་འཇུག་ལ་ཡུན་རིང་གཞོལ་བའི་པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་འབུམ་རམས་པ་ཤའོ་ལིང་ཡུན་གྱིས“སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་སྣོད་བཅུད་ཉམས་གསོ་དང་མི་ཕྱུགས་འགལ་ཟླའི་ཁ་གསབ་སོགས་ལས་དོན་ལ་མཛུབ་ཁྲིད་བྱེད་པ་དང་ཆབས་ཅིག་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འགུལ་སྐྱོད་བྱ་ཡུལ་དང་འགུལ་སྐྱོད་དུས་ཚོད་སོགས་ལ་སྔར་ལས་ལྷག་པའི་རྒྱུས་མངའ་ལོན་ཏེ། གསའ་སོགས་ངོ་མཚར་ཆེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ལྟ་ཞིབ་ཐུབ་ཚད་མང་དུ་བཏང་ཡོད། གོ་ལ་ཧྲིལ་པོ་ནས་གསའ་འཚོ་གནས་བྱེད་མང་ཤོས་ཀྱི་ས་ཁོངས་གྲས་ཤིག་ཡིན་པའི་རྫ་ཆུའི་ཆུ་འགོ་འདི་ཉིད་ད་ཆ་འཛམ་གླིང་ཐོག་གི་གསའ་ཡི་རང་བྱུང་ཉམས་ལེན་ཁུལ་ཡག་ཤོས་སུ་འགྱུར་བཞིན་ཡོད”ཅེས་བཤད།།