༄༅།། དཔེ་ཀློག་གི་ཕན་ནུས་ཆེན་པོ་དྲུག
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 01-18
དཔེ་ཀློག་ནི་མི་ཞིག་གི་མི་ཚེ་ཧྲིལ་པོའི་སློབ་སྦྱོང་གི་གོ་རིམ་ཞིག་ཡིན། དཔེ་ཀློག་ལ་བརྟེན་ནས་ཤེས་བྱ་མང་པོ་ཐོབ་པ་དང་། གྲོགས་པོ་མང་པོ་བསྒྲིགས་ཐུབ་པ། མིག་རྒྱང་རིང་དུ་འགྲོ་བ། རང་ཉིད་ཀྱི་རིན་ཐང་ཇེ་མཐོར་གཏོང་ཐུབ་པ་སོགས་ཀྱི་དགེ་མཚན་ཆེན་པོ་ལྡན་པས། དེའི་སྐོར་ཤེས་འདོད་ན་གཤམ་གྱི་ནང་དོན་ལ་ཞིབ་ཏུ་གཟིགས།
གཅིག རིག་གནས་དང་ཤེས་བྱ་མང་པོ་ཤེས་ཐུབ།
དཔེ་དེབ་ནི་འགྲོ་བ་མིའི་རིགས་འཕེལ་རྒྱས་ཀྱི་ཐེམ་སྐས་ལྟ་བུ་ཞིག་ཡིན་པ་དང་། དཔེ་དེབ་ཁྲོད་སྐྱེས་བུ་དམ་པ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་དང་ཤེས་རིག་གི་སྙིང་བཅུད། ད་དུང་མི་རབས་སྔོན་མ་རྣམས་ཀྱི་འཚོ་བའི་ཉམས་མྱོང་སོགས་ཤེས་བྱ་ཡོད་ཚད་འདུས་ཡོད། དེར་བརྟེན། དཔེ་ཀློག་ལ་བརྟེན་ན་རིག་གནས་དང་ཤེས་བྱ་མང་པོ་རྒྱུད་ལ་འཇགས་སྲིད།
གཉིས། ཡང་དག་པའི་ལྟ་བ་འཇགས་སྲིད།
དཔེ་ཀློག་ལ་བརྟེན་ནས། སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་བློ་གྲོས་དང་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ཤེས་བྱ་མང་པོ་ཞིག་ཤེས་ཐུབ་ལ། ད་དུང་གནའ་དེང་གི་རིག་གནས་པ་མང་པོ་ཞིག་གི་བསམ་བློ་དང་ཡོན་ཏན་སློབ་སྦྱོང་བྱ་ཐུབ་པས། རང་ཉིད་ལ་ཡང་དག་པའི་རིན་ཐང་ལྟ་བ་དང་མི་ཚེའི་ལྟ་བ། འཇིག་རྟེན་ལྟ་བ་སོགས་འཇགས་སྲིད།
གསུམ། ཤེས་རྟོགས་མཐོ་བའི་མི་ཞིག་བྱེད་ཐུབ།
དཔེ་ཀློག་ལ་བརྟེན་ནས་རང་ཉིད་ཀྱི་བསམ་བློ་དང་ཤེས་བྱའི་ཆུ་ཚད་ཇེ་ལེགས་སུ་གཏོང་ཐུབ་པ་དང་། འཇིག་རྟེན་ཤེས་བྱ་སྣ་ཚོགས་ལ་རྒྱུས་ལོན་ཐུབ།
བཞི། མིའི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ།
དཔེ་ཀློག་གིས་མིའི་རིགས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ་མ་ཟད། ད་དུང་མི་གཞན་གྱི་ཉམས་མྱོང་དང་བློ་གྲོས་ལ་བརྟེན་ནས། རང་ཉིད་ཀྱི་མི་ཚེ་དང་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ།
ལྔ། དམིགས་ཡུལ་དང་ཕུགས་འདུན་གཅིག་པའི་གྲོགས་མང་པོ་བསྒྲིགས་ཐུབ།
དཔེ་ཀློག་ལ་བརྟེན་ནས་གྲོགས་མང་པོ་ངོ་ཤེས་ཐུབ་པ་མ་ཟད། ད་དུང་སྤྱི་ཚོགས་སྟེང་གི་འབྲེལ་བའང་ཇེ་ལེགས་སུ་གཏོང་ཐུབ། རང་དང་ཕུགས་འདུན་གཅིག་པའི་གྲོགས་མང་པོ་བསྒྲིགས་ཐུབ། དེར་བརྟེན། ལྟ་བ་དང་ཕུགས་འདུན་གཅིག་པའི་གྲོགས་པོ་ཚོ་དང་མཉམ་ཏུ། འཇིག་རྟེན་འདིར་དོན་སྙིང་ལྡན་པའི་བྱ་བ་རླབས་ཆེན་སྣ་ཚོགས་སྒྲུབ་ཆོག་པ་དང་། ཤེས་བྱ་སྣ་ཚོགས་ལ་བགྲོ་གླེང་བྱས་ཆོག འདི་ནི་འཇིག་རྟེན་འདིར་ཆེས་དོན་སྙིང་ལྡན་པའི་བྱ་བ་ཞིག་ཅི་ལ་མིན།
དྲུག སེམས་རྒྱ་དང་མིག་རྒྱང་རིང་དུ་འགྲོ་ཐུབ།
དཔེ་ཀློག་ལ་བརྟེན་ནས་ཁྱེད་ཀྱི་མིག་རྒྱང་རིང་དུ་འགྲོ་ཐུབ་པ་མ་ཟད། ཁྱོན་ཆུང་བའི་ཁོར་ཡུག་ལས་བརྒལ་ནས་འཛམ་གླིང་ལ་བལྟ་ཐུབ། ཁྱེད་ཀྱིས་དཔེ་ཀློག་ལ་བརྟེན་ནས་གནའ་དེང་གི་སྤྱི་ཚོགས་དང་། རྒྱལ་ཁབ་ཕྱི་ནང་གི་བྱ་བ་མང་པོ་ཞིག་རྒྱུས་ལོན་བྱ་ཐུབ། དཔེ་ཀློག་མང་པོ་བྱས་པ་དང་བསྟུན་ནས་ཁྱེད་ཀྱི་སེམས་རྒྱ་ཇེ་ཆེ་དང་། མིག་རྒྱང་ཇེ་རིང་། ད་དུང་ཕུགས་བསམ་དང་བློ་གྲོས་ཇེ་ཆེར་འགྲོ་སྲིད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1