༄༅།། མཆོད་རྟེན་དཀར་པོ་དགོན།

ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རིག་འཛིན་ཚེ་རིང་། སྤེལ་དུས། 01-19


མཆོད་རྟེན་དཀར་པོ་དགོན།
            དགོན་པ་འདི་པེ་ཅིན་ཧྥི་ཕྲེང་སྒོ་མོ་ཆེའི་ནང་དུ་ཆགས། ལེའོ་རྒྱལ་རབས་ཀྱི་ཧྲའུ་ཁྲང་ཁྲི་ལོ་གཉིར་པར(སྤྱི་ལོ༡༠༩༦ལོ)བཞེངས། ཡོན་རྒྱལ་རབས་ཀྲི་ཡོན་ཁྲི་ལོ་བརྒྱད་པར(སྤྱི་ལོ༡༢༧༡ལོ)ཉམས་གསོ་བྱས། ཁྲི་ལོ་བཅུ་དྲུག་ལ་དགོན་མིང་ཏ་ཧྲེན་ཧྲའུ་དབན་ཨན་དགོན་ཞེས་བཏགས། མིང་རྒྱལ་རབས་ཐན་ཧྲུན་ཁྲི་ལོ་དང་པོར(སྤྱི་ལོ༡༤༥༧ལོ)སྨེའོ་དབྱིང་ཞེས་དགོན་མིང་བསྒྱུར། དགོན་ནང་མཆོད་རྟེན་དཀར་པོ་ཞིག་ཡོད་པས་སྤྱིར་མཆོད་རྟེན་དཀར་པོ་དགོན་ཏེ། བེ་ཐའ་ཧྲེ་ཞེས་འབོད།
            མཆོད་རྟེན་དཀར་པོ་དགོན་གྱི་མཆོད་རྟེན་དཀར་པོ་དེ་ནི། རྒྱལ་སར་བཞེངས་པའི་བོད་ལུགས་མཆོད་རྟེན་སྔ་ཤོས་དེ་ཡིན། དེའི་བཟོ་དབྱིབས་བོད་ལུགས་མཆོད་རྟེན་ལ་དཔེ་བླངས་པ་ཙམ་མ་ཟད། དངོས་སུ་བསྐྲུན་པའི་བྱ་ལས་ཀྱང་བོད་དང་འབྲེལ་བ་ཡོད། ཨར་སྐྲུན་ལས་རིགས་ཀྱི་ཞིབ་འཇུག་མི་སྣ་འགའ་ཞིག་གིས། བོད་ལུགས་མཆོད་རྟེན་ཟེར་བ་ནང་སར་ཁྱབ་དར་བྱུང་བའི་ཐད། མཆོད་རྟེན་དཀར་པོ་དགོན་གྱི་མཆོད་རྟེན་བཞེངས་སྟངས་དེ་གལ་གནད་ཆེ་བའི་མཚོན་རྟགས་ཞིག་ཡིན་པར་ངོས་འཛིན་བྱེད་ཅིང་། དོན་དུ་ནི་མཆོད་རྟེན་དེ་རིགས་ཧའུ་ཆིང་རྒྱལ་རབས་སྐབས་ཏུན་ཧྭོང་དུ་བྱུང་མྱོང་བ་ལྟར་སྣང་། རི་པིན་གྱི་དཔེ་ཆ《དར་སྲིའི་ལམ་བུ》ཞེས་པའི་དེབ་གཉིས་པར་ཧའུ་ཆིང་དུས་ཀྱི་དགེ་སློང་གྲགས་ཅན་ཅིའུ་སྨི་ལོ་ཧྲི(སྤྱི་ལོ༣༣༤ལོ་ནས༤༡༣ལོའི་བར)ཞེས་པ་ཁྲང་ཨན་ལ་ཕེབས། ལམ་ཧྲའ་ཀྲའུ་ཟེར་བར་སླེབས་དུས་རྟ་ཤི། ས་དེ་རང་ལ་སྦས། དྲན་རྟེན་དུ་མཆོད་རྟེན་བཏབ་པར་རྟ་དཀར་མཆོད་རྟེན་དུ་གྲགས་ཞེས་འཁོད། དེབ་དེའི་ཤོག་གྲངས༡༩༤པར་གནའ་བོའི་ཧྲའ་ཀྲའུ་གྲོང་གི་རྟ་དཀར་མཆོད་རྟེན་གྱི་འདྲ་པར་ཞིག་ཀྱང་བཀོད་འདུག་པས། དེའི་བཟོ་དབྱིབས་མཆོད་རྟེན་དཀར་པོ་དགོན་གྱི་མཆོད་རྟེན་དང་ཧ་ཅང་འདྲ་ཆེ། དེའི་ཕྱིར་མཆོད་རྟེན་འདི་རིགས་ནང་སར་བཞེངས་པའི་འགོ་ཡང་དེ་ནས་ཚུགས་པ་མིན་ནམ་སྙམས། འོན་ཀྱང་པེ་ཅིན་ལ་མཆོད་རྟེན་བཟོ་དབྱིབས་འདི་འདྲ་དར་ནི་འགྲོ་མགོན་ཆོས་འཕགས་པེ་ཅིན་ལ་ཕེབས་སྐབས་སུ་གཞི་ནས་འགོ་བརྩམས།
            མཆོད་རྟེན་དཀར་པོ་དགོན་བསྐྲུན་པ་དེ་ཆོས་རྒྱལ་འཕགས་པ་དང་འབྲེལ་བ་ཡོད། བལ་ཡུལ་བ་ཨ་ཎི་མགོ་ཞེས་མཆོད་རྟེན་དཀར་པོ་དེ་བཟོ་སྐྲུན་གྱི་ལས་སུ་ཞུགས་མཁན་དེ་ཆོས་འཕགས་མཆོག་གིས་པེ་ཅིན་དུ་ཁྲིད་གནང་མཛད། 《ཡོན་རྒྱལ་རབས་ཀྱི་ལོ་རྒྱུས》སུ། ཆོས་འཕགས་མཆོག་གི་བལ་ཡུལ་གྱི་བཟོ་པ་བོད་དུ་མཆོད་རྟེན་བཞེངས་པར(ཀྲུང་ཐུང་ཁྲི་ལོ་དང་པོར)འབོད་མྱོང་བ་མ་ཟད། “ལས་ཀའི་ལྟ་ཞིབ”ཏུ་ཨ་ཎི་མགོ་བཀོད་ཅིང་། ཕྱི་ལོར་མཆོད་རྟེན་བསྒྲུབས། འོན་ཏང་ཨ་ཎི་མགོས“རང་ཡུལ་དུ་ལོག་རྒྱུའི་རེ་བ་གསོལ་བར་ཏི་ཤྲིས(མཆན། ཆོས་འཕགས་ལ་ཟེར)གོང་མ་མཇལ་བར་འགྲོ་དགོས་པའི་བསྐུལ་མ་མཛད་ནས་སྐྲ་ཕུད་བཞེས་ཏེ། སློབ་མར་རྗེས་སུ་བཟུང་། དེ་ནས་ཏི་ཤྲིའི་རྗེས་འབྲངས་གོང་མ་མཇལ་བར་བསྐྱོད”ཅེས་གསལ། ཨ་ཎི་མགོ་ནི་འགྲོ་མགོན་ཆོས་འཕགས་ཀྱི་སློབ་མའི་ཚུལ་དུ་ཏ་ཏུའུ(པེ་ཅིན)ལ་སླེབས། དོན་དུ་ཆོས་འཕགས་མཆོག་ལྷ་སར་བཞུགས་སྐབས་ཨ་ཎི་མགོའི་མཆོད་རྟེན་བཞེངས་པའི་འཇེམ་ཐང་ལ་མཐོང་ཆེན་གནང་། དོན་དེ་ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་ཐོག་འཁོད་པ་ཕུད། ཏཱ་ལའི་སྐུ་ཕྲེང་ལྔ་པའི《ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང》ནང་དུའང་འཁོད་འདུག་པར། སྐབས་དེའི་ས་སྐྱའི་དཔོན་ཆེན་དང་པོ་ཤཱཀྱ་བཟང་པོས་བལ་ཡུལ་པ་ཨ་ཎི་མགོ་ཀུ་ལི་ཀུང་ཞེས་བྱ་བ་མཆོད་རྟེན་བཞེངས་པའི་བྱ་ལས་སུ་གདན་དྲངས། གཞན་ཡང་ཆོས་འཕགས་ཀྱིས་རིན་ཆེན་མུ་ཏིག་ལ་སོགས་པ་ཞལ་འདེབས་སུ་ཕུལ་བའི་སྐོར་སོགས་ཀྱང་གསལ།
མཆོད་རྟེན་དཀར་པོ་དགོན་གྱི་ལྡེབས་རིས།
            མཆོད་རྟེན་དཀར་པོ་བསྐྲུན་རྗེས་མཆོད་རྟེན་དཀར་པོ་དགོན་གྱི་སྙན་གྲགས་རིང་དུ་འཕེལ་ཏེ། སྐབས་དེའི་རྒྱལ་ས་ཏ་ཏུའུ་ཡི་དགོན་ཆེན་ཨང་དང་པོར་གྱུར་ཅིང་། གོང་མ་སྟེང་ཞལ་ཡང་ཐེངས་མང་ཕེབས། མ་ཟད་འདིར“དཔོན་རིགས་རྣམས་མཛད་སྒོའི་སྲོལ་ལུགས་སྦྱོང་ས”ཆགས། ཆོས་རྒྱལ་འཕགས་པ་འདས་རྗེས་ཡོན་གོང་མས་ཏི་ཤྲིའི་དབུ་གནས་དེ་འདས་པོའི“གཅུང་པོ་ཡི་ལིང་ཀྲེན་ལ་ཕུལ་གནང་མཛད”ཡི་ལིང་ཀྲེན་ཞེས་པ《དེབ་དམར》ནང་རིན་ཆེན་རྒྱལ་མཚན་ཞེས་གསལ། རིན་ཆེན་རྒྱལ་མཚན་ནས་མཆོད་རྟེན་དཀར་པོ་དགོན་གྱི་བཟོ་སྐྲུན་དང་། ནང་རྟེན་སྒྲིག་འཇོག་སོགས་ཀྱི་ཐད་དགོངས་གཞི་གསར་དུ་འདོན་པ་གནང་བས། དགོན་པ་དེར་ནང་དོན་འཕར་མ་བྱུང་ཞིང་། དེའི་སྐོར་ལྕང་སྐྱ་ཧོ་ཐོག་ཐུས་བརྩམས་པའི《པེ་ཅིན་ནུབ་སྒོའི་མཆོད་རྟེན་དཀར་པོའི་ལོ་རྒྱུས》ཞེས་པའི་ནང“ཡོན་གོང་མ་ཆེན་པོའི་དུས་སུ་བོད་ནས་དགེ་སློང་ཨ་ཏོ་ལི་ཞེས་པ་ཞིག་མིང་ནོར་ནས་ཡི་ལིན་ཅེ་ཅག་ཅེས་གྲགས་པ་དེ་འོངས་ཤིང……ཨ་ཏོ་ལིས་དགོན་པའི་མཆོད་ཡོན་སྦྱིན་བདག་དང་གྲོས་བྱས། རིང་བསྲེལ་མཆོད་རྟེན་སྔར་བས་མཛེས་ཆ་མངོན་པར་དོད་ཅིང་དཔང་མཐོ་ལ་རྒྱ་ཆེ་བར་རྒྱས་བསྐྲུན་ཐོག ཆོས་ཕར་ཕྱིན་འགྲེལ་པ་བཞི་སྦྲགས་མ་སོགས་སྔ་རྟིང་རིམ་པ་བཞིན་ཤིང་ལ་བརྐོས་པ་རྣམས་དང་། མདོ་སྔགས་ཀྱི་དཔེ་ཆ་གྲངས་མེད་བསགས་པ་རྣམས་མཆོད་རྟེན་ཆེན་པོའི་ནང་དུ་རྩ་ཆེར་བཟུང་ནས་སྦས། ནོར་བུའི་རིག་རྫས་དང་། རིང་བསྲེལ་བཅས་ཀྱིས་ཁོག་པ་གཏམས། གཡང་ཊི་དཀར་པོ་ལས་གྲུབ་པའི་དེ་བཞིན་གཤེགས་པའི་སྐུ་ཁྲི་ཕྲག་ལྔས་ཕྱོགས་བརྒྱད་ལ་མཛེས་པར་བརྒྱན། ཁྲོ་བོ་དང་ཁྲོ་མོའི་སྣང་བསྙན་མང་པོས་མཐའ་ཡོངས་སུ་བསྐོར་བར་བྱས……”ཞེས་སོགས་འཁོད(དུམ་བུ་དེ་ཧོའོ་དབྱིང་མན་ཧུའེ་ཡིས་བསྒྱུར་བའི་རྒྱ་ཡིག་ལས་དྲངས།)
            གོང་གསལ་ལོ་རྒྱུས་དཔྱད་གཞི་དེ་དག་གི་ཐོག་ནས། ཡོན་རྒྱལ་རབས་སུ་མཆོད་རྟེན་དཀར་པོ་དགོན་གསང་སྐྲུན་དང་། ཉམས་གསོ་བྱས་པ་ཚང་མར་བོད་རིགས་ཀྱིས་ལེགས་སྐྱེས་ཕུལ་ཡོད་པ་གསལ་པོར་མཚོན་ཞིང་། དགོན་པ་དེའི་སྐོར་གོ་ཤྲི་ལྕང་སྐྱ་མཆོག་གིས་མཛད་པའི་ཆེད་རྩོམ་ནི་མིག་སྔར་དགོན་པ་དེའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུའི་ཐད་གཞིར་བཟུང་ས་གལ་ཆེའི་གྲས་ཤིག་ཆགས། གཞན་ཡང་། ཡོན་རྒྱལ་རབས་ཀྲེ་ཡོན་ཁྲི་ལོ་དགུ་པར(སྤྱི་ལོ༡༢༧༢ལོ)རིན་ཆེན་རྒྱལ་མཚན་སོགས་ཀྱི་མཆོད་རྟེན་དཀར་པོའི་བཟོ་སྐྲུན་ལས་གྲ་བསྒྲུབས“ཁྲི་ལོ་བཅུ་དྲུག་པར(སྤྱི་ལོ༡༢༧༩ལོ)ཏི་ཤྲི་རིན་ཆེན་རྒྱལ་མཚན་དགོངས་པ་རྫོགས་པས། གོང་མའི་བཀའ་བཞིན་རྒྱལ་ཁབ་ཀྱི་ཆོས་དཔོན་ཆེན་མོ་དང་། སྒོམ་ཆེན་པ་བརྒྱ་དང་བརྒྱད་ཙམ་ཏ་ཏུའུ་ཡི་དབན་ཨན་དགོན་དུ་གསོལ་ཚོགས་འཚོགས་ཏེ། དགོངས་རྫོགས་མཆོད་འབུལ་དང་། གོས་བཟང་བསྒྲོན་པའི་མཛད་སྒོ་རྒྱས་པར་གནང”(གོང་མ་ཡོན་ཧྲེ་ཛུའུ་ཡི་མཛད་རྣམ་ལ་གསལ།)
            མན་ཇུ་ཆན་ལུང་ཁྲི་ལོ་བཅུ་གཉིས་སྐབས(སྤྱི་ལོ༡༧༥༣ལོ)མཆོད་རྟེན་དཀར་པོ་དགོན་ལ་ཉམས་གསོ་བྱས། མཆོད་རྟེན་ནང་བོད་ཡིག་ཆོས་དཔེ་སོགས་རྟེན་དངོས་ཁག་ཅིག་དཔེར་ན《རྣམ་རྒྱལ་མའི་གཟུངས》ལྟ་བུ་དང་། ཚེ་དཔག་མེད་ཀྱི་གསེར་སྐུ་སྦྱངས་བརྡུངས་མ(མཆན། དེའི་གསེར་གྱི་ཕྱི་སྒྲོམ་གྱི་མཐའ་བཞིར་སྔགས་ཡིག་དང་། མ་ཎི་ཡིག་དྲུག ད་དུང“མ་ལུས་དགེ་ཚོགས་དོན་གྲུབ་པ། ། རང་སེམས་འདུལ་བ་ཉིད་ལ་བརྟེན། ། ”ཞེས་པའི་ཚིག་ཀྱང་འཁོད)ཞིག་བཅས་བཞག་ཡོད། དང་ཐོག་ད་དུང་མན་ཇུ་དང་སོག རྒྱ། བོད་བཅས་ཡིག་རིགས་བཞི་ལས་བྲིས་པའི་གཟུངས་བསྡུས་ཆ་ཚང་དང་། བོད་ཡིག་གི《འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཐེག་པ་ཆེན་པོའི་མདོ》བཅས་ཀྱང་བཞུགས་འདུག གཞན་ཡང་ཤིང་ཙན་དན་དཀར་པོ་ལ་བརྐོས་པའི་སྤྱན་རས་གཟིགས་ཀྱི་སྐུ་ཆ་ཚང་ཞིག་ཡོད་པའི་རྒྱབ་མདུན་གཉིས་སུ་ཆན་ལུང་གོང་མས་མ་ཎི་ཡིག་དྲུག་གི་མཚལ་ཡིག་བསྟར་མ་བཀོད་པ་ཞིག་ཀྱང་ཡོད་འདུག
            མཆོད་རྟེན་དཀར་པོ་དགོན་པར་དེ་སྔ་མན་ཇུ་རྒྱལ་རབས་དུས་ཀྱི་བོད་ཡིག་རྡོ་རིང་ཞིག་ཡོད་པ་དེའི་མིང་ལ《གོང་མ་ཧྲེན་ཛུའུ་ཡིས་བསྩལ་བའི་རྡོ་རིང》ཞེས་འབོད་པ་དེ། ཆན་ལུང་ཁྲི་ལོ་བཅོ་བརྒྱད(སྤྱི་ལོ༡༧༥༣ལོ)ལ་བཞེངས། དེ་ད་ལྟ་མེད་པར་སོང་ཡང་བླངས་པའི་པར་གཞི་མཐོང་རྒྱུ་ཡོད། དེ་ནི་ཡིག་རིགས་བཞི་ལས་བྲིས་པའི་རྡོ་རིང་ཡིག་བརྐོས་མ་ཞིག་ཡིན་འདུག་པ་ཞིབ་ཕྲ་པེ་ཅིན་དཔེ་མཛོད་ཁང་གི་རྡོ་ཡིག་པར་བླངས་མ་དཔེར་གཟིགས། མཆོད་རྟེན་དཀར་པོ་དགོན་གྱི་གནས་ཚུལ་སྐོར་ད་དུང《རྒྱལ་ས་པེ་ཅིན་གྱི་མཐོང་ཐོས་རྙིང་པར་དཔྱད་པ》ཞེས་པར་གཟིགས་ཞིབ་གནང་འོས་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1