ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 01-20


( ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོའི་ཚེས་བཅུ་དགུ་ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་འཆམ་བྱུང་།)
        ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར་པེ་ཅིན་ནས་བསྡུས།
        ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཨུ་ཡོན་ཉིས་བརྒྱ་དང་གསུམ་དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་དོན་གཉིས་ཞུགས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་ཆེད་མཁས་པ་ཁ་ཤས་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་བྱས། 
        ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་འགོ་འཛིན་བྱས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། 

        ཚང་འཛོམས་གྲོས་ཚོགས་སྟེང«ཀྲུང་གུང་ཀྲུང་དབྱང་གི་རྩ་ཁྲིམས་ཀྱི་ནང་དོན་ཁག་ཅིག་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་གྲོས་གཞི»ལ་གྲོས་འཆམ་བྱུང་བ་དང་། ཀྲང་ཏི་ཅང་གིས«གྲོས་གཞིའི་འཆར་ཟིན»ཐད་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་མཛད།
        ཚང་འཛོམས་གྲོས་ཚོགས་ནས་གཅིག་གྱུར་གྱིས་བལྟས་ན། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེང་དང་པོའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་པ་དང་། རྣམ་པ་མང་བའི་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་འཐབ་ཇུས་ཇུས་ཆོད་དང་བྱ་བའི་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དངོས་འབེབས་བྱེད་པར་བསམ་བློའི་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་པས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་བསམ་བློ་སྔར་ལས་གཅིག་གྱུར་དང་། ཡིད་ཆེས་སྔར་ལས་བརྟན་པོ། འགུལ་སྐྱོད་སྔར་ལས་ནུས་ལྡན་བཅས་སུ་གྱུར་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ལ་ཡར་ངོའི་ཟླ་ལྟར་འཕེལ་བའི་རྣམ་པ་བྱུང་བར་འདོད། 
        གྲོས་ཚོགས་སྟེང་བལྟས་ན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ཡིན་པ་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན་ལ། ཏང་དང་མི་དམངས་ཀྱི་འདོད་བློའི་གཅིག་བསྡུས་མཚོན་བྱེད་ཡིན། ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་བྱས་པའི་ཚུན་ལ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དང་། ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ལག་ལེན་ཁྲོད་དུ་ནུས་པ་གལ་ཆེན་བཏོན་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནུས་ལྡན་གྱིས་རྒྱུན་འཁྱོངས་བྱས་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་ནུས་ལྡན་གྱིས་འགན་སྲུང་བྱས་ལ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ནུས་ལྡན་གྱིས་ཡར་སྐུལ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ནུས་ལྡན་གྱིས་སྐུལ་འདེད་བཏང་ཞིང་། རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ། སྤྱི་ཚོགས་ཀྱི་བརྟན་འཇགས་བཅས་ལ་ནུས་ལྡན་གྱིས་སྲུང་སྐྱོབ་བྱས། ལག་ལེན་ལས་རང་རྒྱལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས། དུས་རབས་ཀྱི་འཕེལ་རྒྱས་རེ་བ་བཅས་དང་མཐུན་པའི་རྩ་ཁྲིམས་བཟང་པོ་ཡིན་པ་དང་། མི་དམངས་ཀྱི་ཐུན་མོང་འདོད་བློ་ལེགས་པར་མཚོན་པ་དང་། མི་དམངས་ཀྱི་དམངས་གཙོའི་ཁེ་དབང་ལ་འགན་སྲུང་ལེགས་པར་བྱེད་ཅིང་། མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་ལེགས་པར་བྱེད་པའི་རྩ་ཁྲིམས་བཟང་པོ་ཡིན་ལ། རྒྱལ་ཁབ་ཀྱི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱིས་བདེ་སྐྱིད་འཚོ་བ་བསྐྲུན་པར་ཁག་ཐེག་བྱེད་ལ། ཀྲུང་ཧྭ་མི་རིགས་ཀྱིས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་པའི་རྩ་ཁྲིམས་བཟང་པོ་ཡིན་པ་དང་། ང་ཚོའི་རྒྱལ་ཁབ་དང་མི་དམངས་ཀྱིས་དཀའ་ངལ་དང་ཉེན་ཁའི་ཉམས་སད་སྣ་ཚོགས་ཐེག་ཅིང་། ནམ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་བརྒྱུད་དེ་མདུན་སྐྱོད་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཀྱི་འགན་སྲུང་ཡིན་པ་ར་སྤྲོད་བྱུང་ཡོད། རྩ་ཁྲིམས་ཀྱི་ཁེ་དབང་དང་ཟིལ་ཤུགས་ལ་སྲུང་སྐྱོབ་བྱེད་པ་ནི། རྒྱལ་ཁབ་ཁྲིམས་ལུགས་ཀྱི་གཅིག་གྱུར་དང་། ཁེ་དབང་། ཟིལ་ཤུགས་བཅས་ལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོ་ཡིན་ལ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་ལ་ཁག་ཐེག་བྱེད་པའི་འགན་སྲུང་གལ་ཆེན་ཡིན་པར་འདོད། 
        ཚང་འཛོམས་གྲོས་ཚོགས་སྟེང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྔ་ན་མེད་པའི་ནུས་ཤུགས་ཀྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གོང་འཕེལ་དུ་བཏང་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་པ་བཅས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་བཟང་བོས་རྒྱལ་ཁབ་སྐྱོང་བ་གཉིས་ཟུང་སྦྲེལ་བྱེད་པ་རྒྱུན་འཁྱོངས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་ལམ་ལྟར་ཏང་སྐྱོང་བ་གཉིས་ནུས་ལྡན་གྱིས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། ཚན་རིག་ཁྲིམས་འཛུགས་དང་ཁྲིམས་བསྟར་ནན་མོ། དྲང་གཞག་ཁྲིམས་འཛིན། དམངས་ཡོངས་ཁྲིམས་བརྩི་བཅས་ཀྱི་གནད་འགག་གི་གོ་རིམ་དམ་དུ་བཟུང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ལ། བཅའ་ཁྲིམས་ཚད་གཞི་མ་ལག་དང་ཁྲིམས་སྐྱོང་ལག་བསྟར་མ་ལག ཁྲིམས་སྐྱོང་ལྟ་སྐུལ་མ་ལག ཁྲིམས་སྐྱོང་འགན་སྲུང་མ་ལག་དང་ཏང་ནང་ཁྲིམས་སྲོལ་མ་ལག་བཅས་ཀྱི་འཛུགས་སྐྲུན་གྱིས་ཕན་ཚུན་ལ་ཡར་སྐུལ་བྱས་པ་དང་མཉམ་དུ་གོང་འཕེལ་ལ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱིས་གྲུབ་འབྲས་བླངས་པར་འདོད། 
        ཚང་འཛོམས་གྲོས་ཚོགས་སྟེང་བལྟས་ན། ང་ཚོའི་ཏང་གིས་རྩ་ཁྲིམས་ཀྱི་རྒྱལ་སྐྱོང་སྲིད་འཛིན་ཁྲོད་ཀྱི་གོ་གནས་དང་ནུས་པ་གལ་ཆེན་ལ་ཧ་ཅང་མཐོང་ཆེན་བྱས་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་ན་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་ན་ཐོག་མར་རྩ་ཁྲིམས་ལྟར་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་པ་གཏན་འབེབས་གསལ་པོ་བྱས་ཏེ། རྩ་ཁྲིམས་ལག་བསྟར་བྱེད་པ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འབུར་ཐོན་གོ་གནས་སུ་བཞག་པ་དང་། ནུས་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱ་བར་ཤུགས་བསྣན་ནས། རྩ་ཁྲིམས་ལག་བསྟར་ལ་ཁག་ཐེག་བྱེད་པར་ནུས་པ་ཆེན་པོ་ལྡན་པའི་ཆབ་སྲིད་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་པར་འདོད། 

        ཚང་འཛོམས་གྲོས་ཚོགས་སྟེང་བལྟས་ན། རང་རྒྱལ་གྱི་རྩ་ཁྲིམས་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་ནས་རྒྱུན་ཆད་མེད་པར་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་དགོས། འདི་ནི་རང་རྒྱལ་གྱི་རྩ་ཁྲིམས་འཕེལ་རྒྱས་ཀྱི་ཁྱད་ཆོས་མངོན་གསལ་ཞིག་ཡིན་ལ། གཞི་རྩའི་ཆོས་ཉིད་ཅིག་ཀྱང་ཡིན། གཅིག་སྟོང་དགུ་བརྒྱ་ང་བཞི་ལོར་རང་རྒྱལ་གྱི་རྩ་ཁྲིམས་ཁག་དང་པོ་བྱུང་བ་ནས་ད་ལྟའི་བར་དུ། རང་རྒྱལ་གྱི་རྩ་ཁྲིམས་འདི་དུས་ནམ་ཡང་འཚོལ་ཞིབ་ལག་ལེན་བྱེད་པ་དང་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བའི་བརྒྱུད་རིམ་ཁྲོད་དུ་གནས་ཡོད། གཅིག་སྟོང་དགུ་བརྒྱ་གྱ་གཉིས་ལོར་རྩ་ཁྲིམས་ཁྱབ་བསྒྲགས་ལག་བསྟར་བྱས་རྗེས། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་དང་འཕེལ་རྒྱས་གཞིར་བཟུང་ནས། གཅིག་དགུ་གྱ་བརྒྱད་ལོ་དང་། གཅིག་དགུ་གོ་གསུམ་ལོ། གཅིག་དགུ་གོ་དགུ་ལོ། ཉིས་སྟོང་བཞི་ལོ་བཅས་ལ་སོ་སོར་ཐེངས་བཞིར་བཟོ་བཅོས་བྱས། ལག་ལེན་ལས་རང་རྒྱལ་གྱི་རྩ་ཁྲིམས་ནི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ལག་ལེན་འཚོལ་ཞིབ་བྱས་པ་དང་དམ་དུ་འབྲེལ་ཡོད་ལ། དུས་རབས་ཀྱི་གོང་འཕེལ་དང་། ཏང་དང་མི་དམངས་ཀྱི་ལས་དོན་གྱི་གོང་འཕེལ་དང་བསྟུན་ནས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་པར་འདོད། 
        ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རྩ་ཁྲིམས་ཀྱིས་ཏང་དང་མི་དམངས་ཀྱིས་བསྐྲུན་པའི་རླབས་ཆེན་གྲུབ་འབྲས་དང་ཉམས་མྱོང་རྩ་ཆེན་དུས་ལྟར་ཁས་བླངས་ཏེ། རྩ་ཁྲིམས་ཀྱི་ཚད་འཛིན་དང་ཁྲིད་སྟོན། སྐུལ་འདེད། འགན་སྲུང་བཅས་ཀྱི་ནུས་པ་སྔར་ལས་ལེགས་པར་འདོན་པ་ནི། ལག་ལེན་འཕེལ་རྒྱས་ཀྱི་ལྡོག་མེད་རེ་བ་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཕྱོགས་གནས་གསར་པ་ཡིན། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་གནས་བབ་གསར་པ་དང་ལས་འགན་གསར་པ་ལྟར་ན། རང་རྒྱལ་གྱི་རྩ་ཁྲིམས་ལ་འོས་འཚམ་གྱི་བཟོ་བཅོས་བྱེད་པའི་དགོས་གལ་ཆེ་བས། ཉིས་སྟོང་བཞི་ལོར་རྩ་ཁྲིམས་ལ་བཟོ་བཅོས་བྱས་པ་ནས་བཟུང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ཡང་བསྐྱར་འཕེལ་རྒྱས་ཀྱི་འགྱུར་ལྡོག་གལ་ཆེན་མང་པོ་བྱུང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱས་པ་དང་འཕེལ་རྒྱས་སུ་བཏང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སྲོལ་བཏོད་དེ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱས་ལ། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་སྤེལ་བས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་། ཏང་གི་ཚོགས་ཆེན་བཅུ་དགུ་པས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་བྱས་ཏེ། འབད་འཐབ་ཀྱི་དམིགས་འབེན་གསར་པ་གཏན་འབེབས་བྱས་ཡོད། རྩ་ཁྲིམས་ཀྱིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་དུ་ཐོན་པའི་ནུས་པ་གལ་ཆེན་སྔར་ལས་ལེགས་པར་འདོན་ཆེད། རྩ་ཁྲིམས་ལ་འོས་འཚམ་གྱི་བཟོ་བཅོས་བྱས་ཏེ། ཏང་དང་མི་དམངས་ཀྱིས་ལག་ལེན་ཁྲོད་དུ་བླངས་པའི་གལ་ཆེ་བའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་དེ་རྩ་ཁྲིམས་ཀྱི་གཏན་ཁེལ་དུ་འཕེལ་བར་བྱ་དགོས་པར་འདོད།
        ཚང་འཛོམས་གྲོས་ཚོགས་སྟེང་བལྟས་ན། རྩ་ཁྲིམས་ལ་བཟོ་བཅོས་བྱེད་པ་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་གཏན་འབེབས་བྱས་པའི་ཇུས་ཆོད་གལ་ཆེན་ཡིན་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་ཡང་ཡིན། ཐེངས་འདིར་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་བཟུང་ནས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གྱིས་གཅིག་གྱུར་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་འབེབས་བྱས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་བྱེད་ཕྱོགས་སྲིད་ཇུས་གལ་ཆེན། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་སུ་བཀོད་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་ཉམས་མྱོང་གསར་པ། བླང་བྱ་གསར་པ་བཅས་མཚོན་པར་བྱེད་པ་དང་། སྤྱིའི་ཆ་ནས་རང་རྒྱལ་རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན། དབང་ཟིལ་རང་བཞིན་བཅས་སྲུང་འཛིན་བྱེད་པའི་རྨང་གཞིའི་སྟེང་དུ་རྩ་ཁྲིམས་བབ་བསྟུན་མདུན་སྐྱོད་དང་འཐུས་ཚང་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ནུས་པ་ལྡན་པའི་རྩ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱ་རྒྱུ་དེ་ཡིན་པར་འདོད།
        གྲོས་ཚོགས་སྟེང་བསྟན་དོན། ཐེངས་འདིར་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པར་ངེས་པ་དུ་གཤམ་གྱི་རྩ་དོན་དག་ལག་བསྟར་བྱེད་དགོས་ཏེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་རྒྱུན་འཁྱོངས། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བཅས་བྱེད་དགོས། ཁྲིམས་དང་གོ་རིམ་ལྟར་བཟོ་བཅོས་ནན་མོ་བྱེད་དགོས། དམངས་གཙོ་དར་སྤེལ་ལེགས་པོ་དང་བསམ་ཚུལ་རྒྱ་ཆེར་གཅིག་སྡུད་བྱས་ཏེ། མི་དམངས་ཀྱི་འདོད་བློ་མངོན་མཚོན་བྱེད་པ་དང་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་པར་ཁག་ཐེག་བྱེད་དགོས། རྩ་ཁྲིམས་ལ་བཟོ་བཅོས་ཁག་ཅིག་བྱེད་པ་ལས་བཟོ་བཅོས་ཆེན་པོ་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཏང་དང་མི་དམངས་ཀྱི་ལས་དོན་གོང་འཕེལ་གྱི་རེ་བར་མཐུན་པར་བྱེད་དགོས་པ་མ་ཟད། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འཕེལ་རྒྱས་ཆོས་ཉིད་བརྩི་སྲུང་བྱས་ནས། རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན། དབང་ཟིལ་རང་བཞིན་བཅས་སྲུང་འཛིན་བྱ་དགོས། 
        ཚང་འཛོམས་གྲོས་ཚོགས་སྟེང་བལྟས་ན། རྩ་ཁྲིམས་ལ་བཟོ་བཅོས་བྱེད་པ་དེ་ཁྱོན་ཡོངས་ལ་འབྲེལ་ཡོད་པ་དང་།ཤན་ཤུགས་རྒྱ་ཆེ་ཞིང་གཏིང་ཟབ་པས། ཚན་རིག་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ། ཆབ་སྲིད་དང་སྤྱི་ཡོངས། འཐབ་ཇུས་བཅས་ཀྱི་ཐད་ནས་གནད་དོན་ལ་དབྱེ་ཞིབ་བྱེད་པར་གཙིགས་འཛིན་དང་། རྩ་ཁྲིམས་འཕེལ་རྒྱས་ཀྱི་ཕྱིའི་ཆོས་ཉིད་དང་ནང་གནས་བླང་བྱའི་ཐད་ནས་གནད་དོན་ལ་བསམ་གཞིགས་གཏོང་བར་གཙིགས་འཛིན་བྱས་ཏེ། རྩ་ཁྲིམས་ཀྱི་དབང་ཟིལ་རང་བཞིན་ལ་སྲུང་སྐྱོབ་བྱ་དགོས་པར་འདོད། 
        ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་ཆེས་གསར་པ་ཡིན་པ་དང་། དེང་རབབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་བསམ་བློ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་ཆེས་ཆེན་པོ་ཡིན་པས། ངེས་པར་དུ་ཏང་གིས་བྱ་བ་ཡོད་ཚད་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་དགོས། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། ཉིས་སྟོང་ཉི་ཤུ་ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། ཉིས་སྟོང་སོ་ལྔ་ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པ། དུས་རབས་འདིའི་དུས་དཀྱིལ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཅན་འཛུགས་སྐྲུན་བྱེད་པ་བཅས་ཀྱི་འབད་འཐབ་དམིགས་འབེན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱེད་པར་སྣེ་ཁྲིད་ཀྱི་དོན་སྙིང་ཆེན་པོ་ལྡན། ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་དང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་རྒྱུན་འཁྱོངས་བྱས་ན། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཞི་བདེ་འཕེལ་རྒྱས་ཀྱི་མཆོག་གྱུར་ལས་དོན་ལ་ཡར་སྐུལ་བྱེད་པར་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་ནི་ཁྱོན་ཡོངས་ལ་འབྲེལ་བའི་ཆབ་སྲིད་སྒྲིག་སྲོལ་གྱི་བཅོས་སྒྱུར་གལ་ཆེན་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་རང་ཉིད་ལ་ལྟ་སྐུལ་ནན་མོ་བྱེད་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་པས། ཏང་གིས་གཅིག་གྱུར་འགོ་ཁྲིད་བྱེད་པའི་རུལ་སུངས་ལ་རྒོལ་བའི་བྱ་བའི་ལས་ཁུངས་ཁྲིམས་ལྟར་འཛུགས་པ་དང་། གཅིག་བསྡུས་གཅིག་གྱུར་དང་དབང་ཟིལ་ཕན་འབྲས་ཅན་གྱི་རྒྱལ་ཁབ་ལྟ་ཞིབ་མ་ལག་བཙུགས་ཏེ། སྤྱིའི་དབང་ཤུགས་བཀོལ་བའི་སྤྱི་འགན་མི་སྣ་ཡོད་ཚད་ལ་ལྟ་ཞིབ་ཡོངས་སུ་ཁེབས་པར་བྱེད་དགོས། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅའ་ཁྲིམས་ཁྲིམས་སྲོལ་སྣ་ཚོགས་ཀྱི་སྤྱིའི་གཞི་འཛིན་ས་ཡིན་པས། རྩ་ཁྲིམས་ཀྱི་གལ་ཆེ་བའི་ལམ་ལུགས་ཀྱི་ཐག་གཅོད་ཕུན་སུམ་ཚོགས་པར་བཏང་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་ལྡན། 
        ཚང་འཛོམས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རྩ་ཁྲིམས་ཀྱི་ཚེ་སྲོག་ནི་ལག་བསྟར་ལ་རག་ལས་པ་དང་། རྩ་ཁྲིམས་ཀྱི་དབང་ཟིལ་ཡང་ལག་བསྟར་ལ་རག་ལས། རྩ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ་ནི། ཏང་དང་མི་དམངས་ཀྱི་ཐུན་མོང་འདོད་བློའི་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ་ཡིན་པ་དང་། རྩ་ཁྲིམས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་ནི། ཏང་དང་མི་དམངས་ཀྱི་ཐུན་མོང་འདོད་བློའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་ཡིན་ཞིང་།རྩ་ཁྲིམས་ཀྱི་ལག་བསྟར་ལ་ཁག་ཐེག་བྱེད་པ་ནི། མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པ་ཡིན་པས། ཐེངས་འདིར་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པ་གོ་སྐབས་སུ་བརྩིས་ཏེ། ཚན་རིག་ཁྲིམས་འཛུགས་དང་ཁྲིམས་བསྟར་ནན་མོ། དྲང་གཞག་ཁྲིམས་འཛིན། དམངས་ཡོངས་ཁྲིམས་བརྩི་བཅས་གཏིང་ཟབ་ཏུ་སྤེལ་ནས། བརྩི་བྱའི་ཁྲིམས་ཡོད་པ་དང་། ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ། ཁྲིམས་འཛིན་དུས་ངེས་པར་དུ་གཟབ་ནན་བྱེད་དགོས་པ། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་དགོས་པ་བཅས་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བ་ཆུ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་སུ་གཏོང་དགོས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ལ་གོང་བཀུར་དང་རྩ་ཁྲིམས་ལ་སློབ་སྦྱོང་། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་ལ་སྲུང་སྐྱོབ། རྩ་ཁྲིམས་བཀོལ་སྤྱོད་བཅས་བྱེད་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ཟབ་མོར་སྤེལ་ཏེ། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་ཆེན་པོ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་དོན་དར་སྤེལ་ཆེན་པོ་བྱས་ནས། མི་དམངས་མང་ཚོགས་ཀྱི་རྩ་ཁྲིམས་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས། རིམ་པ་སོ་སོའི་རྒྱལ་ཁབ་ཀྱི་ལས་དོན་སྒྲུབ་མཁན་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རྩ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་འགན་དབང་ལག་བསྟར་དང་འགན་ནུས་ལག་བསྟར། བྱ་བ་ནན་སྒྲུབ་བཅས་བྱས་ཏེ། ལས་གནས་བརྟན་སྲུང་དང་སྤྱོད་གཙང་ཁྲིམས་བརྩི་སྒོས་རང་རྟོགས་ཀྱིས་མི་དམངས་ཀྱི་ལྟ་སྐུལ་དང་དུ་ལེན་པ་དང་། རང་གི་འབད་བརྩོན་བརྒྱུད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་པར་བྱས་རྗེས་འཇོག་དགོས་པ་ལས། ཁྲིམས་ཚབ་གཏམ་གྱིས་བྱེད་པ་དང་། ཁྲིམས་མགོ་དབང་གིས་མནོན་པ། ཁྲིམས་འགལ་ཁེ་སྙེག ཉེར་ཕྱོགས་ཁྲིམས་འགལ་བཅས་གཏན་ནས་བྱ་མི་རུང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་། རྒྱལ་ཁབ་ལས་ཁུངས་ཡོད་ཚད། དྲག་ཆས་སྟོབས་ཤུགས། སྲིད་ཏང་སོ་སོ་དང་སྤྱི་ཚོགས་ཚོགས་པ་སོ་སོ། ཁེ་ལས་ལས་དོན་རྩ་འཛུགས་སོ་སོ་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་ནི་གཞི་རྩའི་བྱ་འགུལ་གྱི་ཚད་གཞི་རུ་འཛིན་དགོས་ལ། ཚང་མར་རྩ་ཁྲིམས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་རྩ་ཁྲིམས་ཀྱི་ལག་བསྟར་ལ་ཁག་ཐེག་བྱེད་པའི་འགན་འཁྲི་ཡོད་པས། རྩ་འཛུགས་དང་མི་སྒེར་གང་ཡང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱད་དབང་ལས་བརྒལ་མི་ཆོག་ལ། རྩ་ཁྲིམས་དང་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་ཡོད་ཚད་ལ་ངེས་པར་དུ་རྩད་གཅོད་བྱ་དགོས། 
        གྲོས་ཚོགས་སྟེང་ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་ཟབ་མོ་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་བརྟན་པོར་བཅངས་པ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་དུ་སྐྱོད་པ། རང་རྟོགས་ཀྱིས་རྩ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་དང་། རྩ་ཁྲིམས་ལག་བསྟར་ལ་ཁག་ཐེག་བྱས་ཏེ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1