ཉག་ཆུ་རྫོང་གིས་མང་ཚོགས་ཀྱི་འཐུང་ཆུ་གཙང་མ་ཡོང་བར་ཁག་ཐེག་བྱས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-24
2017ལོའི་ཟླ་་3པར། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་རྟོག་ཞིབ་ཚོ་ཆུང་གིས་རང་ཁུལ་དུ་རྟོག་ཞིབ་གནང་བའི་ཚེ། ཉག་ཆུ་རྫོང་མགར་ར་གྲོང་རྡལ་ཝ་བདེ་ལུང་གྲོང་སྡེའི་འཐུང་ཆུར་དུག་སེལ་བྱེད་མེད་པས་མི་མངོན་པའི་ཉེན་ཁ་ཡོད་པའི་གནས་ཚུལ་ཕྱིར་ལྡོག་བྱས་པ་རེད། གནད་དོན་དེར་དམིགས་ནས་ཉག་ཆུ་རྫོང་གིས་དེ་མ་ཐག་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་བྱེད་ཐབས་གོ་ཆོད་པོ་སྤྱད་དེ་མང་ཚོགས་ཀྱི་འཐུང་ཆུ་གཙང་མ་ཡོང་བར་ཁག་ཐེག་བྱས་པ་རེད།
རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ལས་སྒྲུབ་ཚོ་ཆུང་བཙུགས་ཏེ་ཡུལ་དངོས་སུ་བརྟག་ཞིབ་ཐེངས་མང་བྱས་མཐར། རྫོང་ཨུའི་རྒྱུན་ཨུའི་གྲོས་ཚོགས་སུ་གཅིག་ནི་རྫོང་ཆུ་དོན་ཅུས་ཀྱིས་མ་དངུལ་སྒོར་ཁྲི་གཅིག་བཏང་ནས་སྨུག་ཕྱིའི་འོད་ཀྱིས་དུག་སེལ་སྒྲིག་ཆས་ཉོས་ཏེ་སྒྲིག་སྦྱོར་བྱས་པར་མ་ཟད་བེད་སྤྱོད་བཏང་བ་རེད། གཉིས་ནི་མིག་ཕུགས་རིང་པོར་བསྲིངས་ཏེ་ཝ་བདེ་གྲོང་སྡེའི་འཐུང་ཆུ་ལས་གཞི་དེ་མགར་ར་གྲོང་གསར་གྱི་སྦུག་ཆུ་བཟོ་གྲྭའི་ཆུ་འདྲེན་འཆར་འགོད་ཀྱི་ཁྱབ་ཁོངས་སུ་བཙུད་དེ་འཐུང་ཆུའི་གནད་དོན་རྦད་དེ་ཐག་གཅོད་བྱས་པ་རེད།
རྫོང་དེས་ད་དུང་ཤང་དང་གྲོང་རྡལ་17དང་སྲིད་འཛིན་གྲོང་སྡེ་113གྱི་འཐུང་ཆུ་གཙང་མའི་གནས་ཚུལ་ལ་རིམ་པར་གཙང་སེལ་དབྱེ་གསེད་བྱས་ཤིང་རྙེད་པའི་གནད་དོན་རྣམས་རྩིས་ཕྲར་བཟོས་ནས་རེ་རེ་བཞིན་དག་བཅོས་བྱས་པ་རེད། 2017ལོ་ནས་བཟུང་རྫོང་དེས་བྱེད་ཐབས་ལྔ་སྤེལ་བ་སྟེ། གཅིག་ནི་ས་གཤིས་རྩད་ཞིབ་ཁང་དང་ཀྲུང་ཧེན་སྤྱི་གཉེར་ཁང་ལ་མངའ་བཅོལ་བྱས་ཏེ་རྫོང་ཁོངས་ཀྱི་ཆུ་གཤིས་ཆད་ངོས་3དང་། གཅིག་བསྡུས་ཅན་གྱི་གྲོང་རྡལ་འཐུང་ཆུའི་ཆུ་ཕུགས། གྲོང་སྡེ་3བཅས་ལ་ལྟ་ཞིབ་ཚད་ལེན་ལས་ཀ་སྤེལ་དུ་བཅུག་པ་དང་། ལོ་མང་པོའི་དུས་ཚོད་མང་ཤོས་སུ་ཉག་ཆུའི་སྤུས་ཚད《ས་ངོས་ཀྱི་ཆུའི་ཁོར་ཡུག་གི་སྤུས་ཚད་ཀྱི་ཚད་གཞི》ནང་གི་རིགས་གཉིས་པའི་ཆུ་སྤུས་ལས་བཟང་བ་དང་། རྫོང་གྲོང་གི་གཅིག་བསྡུས་ཅན་གྱི་འཐུང་ཆུའི་སྤུས་ཚད་དེ་འཐུང་ཆུའི་རིགས་གཉིས་པའི་ཚད་གཞིར་སླེབས་ཤིང་ཚད་ལོན་ཚད་བརྒྱ་ཆ་བརྒྱ་ལ་ཟིན་པ་རེད། གཉིས་ནི་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་17གྱི་གཅིག་བསྡུས་ཅན་གྱི་འཐུང་ཆུའི་ཆུ་ཕུགས་ལ་ལུགས་མཐུན་གྱིས་དབྱེ་འབྱེད་བྱས་ཏེ་འཐུང་ཆུའི་ཆུ་ཕུགས་ཀྱི་བབ་བསྟུན་ལྟ་སྐུལ་དོ་དམ་མ་ལག་སོགས་བཙུགས་ཤིང་འཐུས་ཚང་དུ་བཏང་བར་མ་ཟད་བབ་བསྟུན་ནང་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འཐུང་ཆུ་གཙང་མར་ཡོང་བར་སྔོན་འགོག་བྱས་པ་རེད། གསུམ་ནི་ཚན་པ་དང་ཁག་བགོས་ནས་ཆུ་ཕུགས་གནས་ས་སྲུང་སྐྱོང་བྱེད་པའི་རྩ་དོན་ལྟར། སྒོར་ཁྲི་600ལྷག་བཏང་ནས་མགར་ར་གྲོང་རྡལ་དང་། མཁར་རིང་པོ་དང་གྲུ་རྒན་ཆུ་ཁ་ཤང་བཅས་སུ་གཅིག་བསྡུས་ཅན་གྱི་འཐུང་ཆུའི་ཆུ་ཕུགས་སྲུང་སྐྱོང་ལས་གཞི་སྤེལ་ནས་སྔར་ལྷག་གིས་འཐུང་ཆུའི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ་རེད། བཞི་ནི་ཁོར་ཡུག་སྐོར་གྱི་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་སྲུང་སྐྱོང་ཁུལ་ནང་དུ་ཁྲིམས་འགལ་གྱིས་སྦགས་བཙོག་འབུད་གཏོང་བྱ་སྤྱོད་ལ་ཞིབ་བཤེར་དང་ཆད་གཅོད་ནན་པོར་བྱས་ཤིང་། སྲུང་སྐྱོང་ཁུལ་ནང་དུ་འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ་བར་ཁྲིམས་ལྟར་བཀག་སྡོམ་དང་ཚོད་འཛིན་ནན་པོར་བྱས་ཏེ་འཐུང་ཆུར་བཙོག་པ་མི་བཟོ་བར་སྔོན་འགོག་བྱས་པ་རེད། ལྔ་ནི་མ་དངུལ་སྒོར་ཁྲི་1060ལྷག་བཏང་ནས་ས་གནས་22ཀྱི་ཞིང་སྡེའི་འཐུང་ཆུ་གཙང་མའི་ཨར་ལས་སྒྲིག་ཆས་གསོ་བཅོས་བྱས་ཏེ་མི་8642ཡིས་འཐུང་ཆུ་གཙང་མ་འཐུང་མི་ཐུབ་པའི་གནད་དོན་ཐག་གཅོད་བྱས་པ་རེད།།