སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-26


        གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། སྤྱི་ཟླ་དང་པོའི་ཚེས་26ཉིན་གྱི་སྔ་དྲོར།  སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་རུ་ཚོགས་འགོ་བརྩམས། སྐབས་གསར་པའི་ཞིང་ཆེན་གྱི་མི་དམངས་འཐུས་མི་800ལྷག་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བཀའ་མངག་གལ་ཆེན་ཕྲག་ཏུ་ཁུར་བ་དང་།  སྤོབས་པ་ཆེར་བསྐྱེད་ཀྱིས་ཅིན་ཅང་ཚོགས་ཁང་ཆེན་མོ་རུ་ཕེབས་ནས་རང་འགན་གཙང་བསྒྲུབས་ཀྱིས་མཛེས་སྡུག་འབྱོར་ལྡན་པའི་འཆམ་མཐུན་སི་ཁྲོན་གྱི་འཛུགས་སྐྲུན་ལ་ཐབས་འབུལ་ཤུགས་འདོན་གནང་།
        ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་882དང་དངོས་སུ་ཞུགས་པའི་འཐུས་མི་866ཡོད་པས་ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན་པ་རེད།
        ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལས་འཛིན་ཀྲུའུ་ཞི་ཝང་ཏུང་མིང་གིས་ཚོགས་ཆེན་འགོ་བརྩམས་པར་གཙོ་སྐྱོང་གནང་།  ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལས་འཛིན་ཀྲུའུ་ཞི་ཧོང་ཅན་ཧྥ་དང་ཁྲེན་ཀོང་ཀྲི།  ཧོང་ཡན་རུང་།  ཧོང་ཞིན་ཁྲུའུ།  ཕེང་ཡུས།  ལི་ཞང་ཀྲི།  ལིའུ་ཙུའོ་མིང་།  ཅའོ་ཝེ་ཞ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
        དབྱི་ལི།  ཁོ་ཙུན་ཕིང་།  ཏེང་ཞའོ་ཀང་།  ཧྲུའུ་ཆིང་ཡིའུ་སོགས་ཚོགས་ཆེན་ལ་ཕེབས་པ་མ་ཟད་ཀྲུའུ་ཞི་སྟེགས་བུར་བཞུགས།
        སྔ་དྲོའི་ཆུ་ཚོད་10ཙམ་ནས།  ཝང་ཏུང་མིང་གིས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས། ཚང་མ་ཡར་ལངས་ཤིང་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་ཀྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་ཚོགས་ར་ཡོངས་སུ་ཁྱབ།
        དབྱི་ལི་ཡིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་མཛད་ནས་ལས་ཀའི་སྙན་ཞུ་ཕུལ།  སྙན་ཞུ་ཚན་པ་བཞིས་གྲུབ་པ་སྟེ།  2017ལོ་དང་འདས་པའི་ལོ་ངོ་ལྔའི་ལས་ཀར་ཕྱིར་དྲན།  འབྱུང་འགྱུར་གྱི་ལོ་ལྔའི་སྲིད་གཞུང་ལས་ཀའི་མཛུབ་སྟོན་བསམ་བློ་དང་འབད་འཐབ་དམིགས་འབེན།  2018ལོའི་ལས་ཀའི་བཀོད་སྒྲིག་གི་གྲོས་གཞི། ཁྱོན་ཡོངས་ནས་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་བཅས་སོ།།
        དབྱི་ལི་ཡིས་འདས་པའི་ལོ་གཅིག་གི་རིང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཞིང་ཆེན་ཏང་ཨུའི་བརྟན་བརླིང་གི་འགོ་ཁྲིད་འོག  ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་མོས་བྱས་པ་དང་།  ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ལ་གནང་བའི་དགོངས་དོན་གལ་ཆེན་དོན་འཁྱོལ་བྱས་པ།  ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་བྱས་ཤིང་།  བརྟན་བརླིང་ངང་མདུན་སྐྱོད་བྱེད་པའི་ལས་ཀའི་རྩ་བའི་དགོངས་གཞིར་དམ་འཛིན་བྱས།  དུས་དང་རྣམ་པ་ཀུན་ཏུ་འཕེལ་རྒྱས་ལ་དམིགས་པ་དང་བསྒྱུར་འགོད་འཕེལ་རྒྱས་ཀྱི་འཐབ་ཇུས་བརྟན་ཤུགས་རྒྱུན་འཁྱོངས་བྱས་པ་དང་།  གཅིག་བསྡུས་ཀྱིས་བརྟན་བརླིང་ངང་ཡར་རྒྱས་དང་བཅོས་བསྒྱུར་ལ་སྐུལ་འདེད།  གྲུབ་ཚུལ་ལེགས་སྒྲིག  དམངས་འཚོར་ཕན་སྒྲུབ།  གོད་ཆག་སྔོན་འགོག་སོགས་ལས་གཞི་དག་ལེགས་པོར་བསྒྲུབས་ཏེ། བདེ་བླག་ངང་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པར་གཏན་འབེབས་བྱས་པའི་ལས་འགན་ལེགས་པོར་གྲུབ། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་འབོར་གྲངས་སྒོར་དུང་ཕྱུར་36980ལ་སླེབས་པ་དང་8.1%འཕར། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་མ་རྩའི་གཏོང་ཚད་10.2%ལ་འཕར། སྤྱི་ཚོགས་འཛད་སྤྱོད་ཚོང་ཟོག་གི་སིལ་འཚོང་འབོར་གྲངས་12%ལ་འཕར། གྲོང་རྡལ་དང་ཡུལ་ཤོག་སྡོད་དམངས་ཀྱི་ལག་ཐོག་ཡོང་འབབ་སོ་སོར་8.4%དང་9.1%ལ་འཕར། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་1.4%ལ་འཕར། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་9.5%ལ་འཕར་ཞེས་བསྟན།
        དབྱི་ལི་ཡིས་2017ལོའི་ལས་ཀ་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དེས་སྐབས་འདིའི་སྲིད་གཞུང་གིས་འགན་བཞེས་ཡུན་གྱི་འབད་བརྩོན་དམིགས་འབེན་རྒྱལ་ཁའི་ངང་མངོན་དུ་གྱུར་བ་མཚོན། འདས་ཟིན་པའི་ལོ་ངོ་ལྔ་ནི་རང་ཞིང་གི་འཕེལ་རྒྱས་ཁྲོད་ཀྱི་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ངོ་ལྔ་ཡིན་པ་རེད། རྙོག་འཛིང་ལྡན་པའི་དཔལ་འབྱོར་གྱི་གནས་བབ་དང་སྣེ་མང་བའི་འགལ་བ། རང་བྱུང་གནོད་འཚེའི་ཉམས་ཚོད་ལ་གདོང་གཏད་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བརྟན་བརླིང་གི་འགོ་ཁྲིད་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་དང་སྣེ་ཁྲིད་འོག་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་འབད་པ་ལྷུར་ལེན་དང་བརྩོན་པ་ཆེར་བསྐྱེད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་བླངས་ཤིང་། “མཆོང་བསྐྱོད་གཉིས”མདུན་ཕྱོགས་སུ་གོམ་པ་ཆེན་པོ་ཞིག་སྤོས་པ་རེད། ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་འཕེལ་རྒྱས་ཀྱི་ངེས་གནས་ལ་དམ་པོར་དམིགས་ཤིང་རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ངོས་འཛིན་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་བསྡུས་སྟོབས་འབྱོར་སྐས་རིམ་གསར་པར་སླེབས། ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་གསར་གཏོད་འཕེལ་རྒྱས་རྒྱུན་འཁྱོངས་དང་བསྒྱུར་འགོད་རིམ་འཕར་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་གསར་པ་མགྱོགས་མྱུར་ངང་འཕེལ་བའི་རྣམ་པ་གྲུབ། ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་སྣེ་མང་འདེགས་སྐྱོར་དང་“ཅན་གཉིས”མཉམ་འགུལ་གྱི་གྲོང་རྡལ་དང་ཡུལ་ཤོག་གཅིག་སྡུད་ལ་སྐུལ་འདེད་བཏང་ནས་སྤྱིའི་ཆ་ནས་འཕེལ་རྒྱས་ཀྱི་རྣམ་པ་གྲུབ།  ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་བྱེད་པ་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་པ་དང་། སྐྱེས་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་སྤྱིའི་ཆ་ནས་མཐོར་འདེགས་སུ་ཕྱིན། ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་ཀུན་ཏུ་སྒོ་འབྱེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། གཏིང་ཟབ་པའི་སྒོ་ནས་གཙོ་གནད་ཁྱབ་ཁོངས་བཅོས་བསྒྱུར་དང་མི་མངོན་པའི་འཕེལ་རྒྱས་སྟོབས་ཤུགས་རྒྱུན་ཆད་མེད་པར་འདོན་སྤེལ་བྱས།  ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མཉམ་སྤྱོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་དམངས་འཚོར་འགན་སྲུང་དང་ལེགས་བཅོས་སུ་བཏང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་ཕྱིན།  ལོ་ངོ་ལྔའི་ཚུན་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཡིད་ཚིམ་པའི་སྲིད་གཞུང་འཛུགས་སྐྲུན་བྱེད་པ་དེ་འབད་བརྩོན་གྱི་ཁ་ཕྱོགས་སུ་བཟུང་ནས། བརྩོན་པ་ལྷོད་མེད་ཀྱིས་སྲིད་གཞུང་གི་བྱེད་ནུས་བསྒྱུར་བཀོད་དང་ལས་ཀའི་སྤྱོད་ལམ་བཅོས་བསྒྱུར་བྱས་ནས་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1