སྤྱི་ཟླ་དང་པོའི་ཚེས་26ཉིན་གྱི་དགོང་མོར། ཁམས་པའི་བརྙན་འཕྲིན་ཁང་དང་བོད་ལྗོངས་ནག་ཆུ་ས་ཁུལ་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་ལོ་སར་སྤྲོ་ཚོགས་སྐལ་བཟང་ལོ་སར་ཞེས་པ་ཕབ་བསྐྲུན་ལེགས་འགྲུབ་བྱུང་།
ལོ་སར་དགའ་སྟོན་འདི་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པའི་རྗེས་སུ།རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བསམ་བློ་གསར་པར་སློབ་སྦྱོང་བྱེད་པ་དང་། དུས་རབས་གསར་པ་ཞིག་ལ་སླེབས་པ། དམིགས་འབེན་གསར་པ་ཞིག་ལ་གོམ་པ་སྤོས་བ། དུས་རབས་གསར་པའི་ལམ་ཆེན་ཞིག་གི་སྟེང་དུ་ཞུགས་པའི་རྒྱབ་ལྗོངས་འོག་བསྒྲུབས་པ་དང་། བོད་ཀྱི་གདོད་མའི་གླུ་གར་དང་གར་ཆུང་། ཁ་ཤགས་སོགས་བོད་ཀྱི་གོམས་སྲོལ་མ་ཉམས་པའི་གླུ་གར་གྱི་དགའ་སྟོན་གྱ་ནོམ་པ་ཞིག་ཕུལ་བས། དེས་འདས་པའི་ལོ་གཅིག་རིང་གི་བོད་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་། བོད་མིས་དགའ་དགའ་སྤྲོ་སྤྲོའི་ངང་ལྷན་ཅིག་ཏུ་དགྱེས་འཛོམས་བྱུང་སྟེ་བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་ལོ་སར་གཏོང་པའི་དགའ་སྤྲོའི་རྣམ་པར་མཚོན།
ལོ་སར་དགའ་སྟོན་འདིའི་སྟེང་དུ་འཁྲབ་སྟོན་པ་300ལྷག་ཞུགས་ཡོད་པ་དང་། ཚངས་དབྱངས་རྒྱ་མཚོའི་སྲས་པོ་གླུ་རྒྱལ་ཡ་དུང་དང་། གླུ་མ་འཇམ་དབྱངས་སྒྲོལ་མ། ཤེར་བསྟན། ཨ་ལན་ཟླ་བ་སྒྲོལ་མ། ཚེ་དབང་ལྷ་མོ་སོགས་བོད་མདོ་དབུས་ཁམས་གསུམ་དུ་དགའ་བསུ་ཤིན་ཏུ་ཐོབ་པའི་གླུ་པ་དང་གླུ་མ། འཁྲབ་སྟོན་པ་ཁག་ཅིག་གདན་ཞུས་ལྟར་ཕེབས་ཏེ། སྒྱུ་རྩལ་གྱི་ཁྱད་ཆོས་འབུམ་གྱིས་ཕྱུག་པའི་འཁྲབ་སྟོན་གང་མང་གནང་།
ལོ་སར་ཚེ་གཅིག་གི་སྐལ་བཟང་དགའ་སྟོན་ཉིན་མོ་ལ་2018ལོའི་བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་ལོའི་ལོ་སར་སྤྲོ་ཚོགས་སྐལ་བཟང་ལོ་སར་ཞེས་པ་འདི་ཁམས་པའི་བརྙན་ཁང་ནས་རྒྱ་ཆེ་བའི་སྤུན་ཟླ་རྣམས་ལ་སྐལ་བཟང་དགའ་སྟོན་གྱི་ལེགས་སྐྱེས་སུ་དབུལ་འཆར་འདུག་པས། དུས་ལྟར་མིག་གི་དགའ་སྟོན་དང་རྣ་བའི་བུ་རམ། ཡིད་ཀྱི་ལོངས་སྤྱོད་དུ་རོལ་བར་འཚལ་ལོ། །