འཆི་སྲོལ།
ལྡོང་ཕོ་ཉ། (མགོ་ལོག)
ལུས་ལ་ཚ་བ་བརྒྱབ་ནས་དམྱལ་ཁམས་འཁྲུག །
ཚོར་བའི་བ་སྤུའི་རྩེ་ནས་ཆུ་ཁོལ་གདུ།།
ཤ་རུས་མཚམས་སུ་དུས་ཀྱི་དྲག་རླུང་ལྡང་།།
འདི་ནི་སྐྱེ་རྒ་ན་འཆིའི་རྐྱེན་དུ་ཁེལ།།
བྲང་གཞུང་ནུ་མའི་ཏོག་ཏུ་བ་མོ་ཆགས།།
ཁ་སྤུ་མིག་སྐྱིའི་ནང་དུ་རྔུལ་ཆུ་འཛུམ།།
སྐྲ་དང་སེན་མོའི་རེག་བྱ་རྩུབ་སྣང་མངོན།།
དུས་འདི་ལུས་སེམས་འགལ་བའི་ཧེ་བག་ཙམ།།
ཡ་ཁོག་བྱིངས་ནས་མིག་ཆུའི་མེ་ཏོག་གད།།
གློ་སྙིང་འཇིངས་སུ་སྐྱོ་བའི་འདུ་ཤེས་འབྱུང་།།
ཡོད་ཚད་ཤུལ་ཏུ་ལྷག་པའི་སེམས་ངལ་ལྕི།།
སྐབས་འདི་འཆི་གསོན་གཉིས་ཀྱི་འདྲེས་མདོར་འདུ།།
སྐྱི་པགས་ཟུངས་ཁྲག་བར་ནས་མེ་རི་འཕྱུར།།
ཀླད་པ་རྩ་ཕྲན་རྒྱ་མཚོར་ཐན་པ་བྱུང་།།
དབང་ལྔ་ཚོགས་དྲུག་ཤེས་པའི་སེམས་ནད་སྦྲུམ།།
དེ་ནི་གསོན་སྐལ་རྫོགས་པའི་ཉིན་མོར་འཁུ།།
སྤྱན་གྱི་དཀྱིལ་ལ་མིག་སྤྲིན་ཚེས་རུ་ཤར།།
ཚེམས་ཀྱི་གྲངས་སུ་གཤིན་རྒྱལ་ཞགས་ཐག་རེག །
ཞལ་རས་མཆུ་སྒྲོས་དགུན་གཞུང་རླུང་བུས་ཁྱེར།།
དུས་འདི་འཆི་གསོན་འཁྲབ་པའི་ཟློས་གར་ལགས།།
2016.9.7 ཐོལ་བྱུང་དུ་སྦྱར།