༄༅།། བོད་ཀྱི་དམངས་ཁྲོད་རྩོམ་རིག་ལས་ལྡེའུའི་སྐོར་ལ་ཅུང་ཟད་དཔྱད་པ།

གདུགས་དཀར་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 01-31


དང་པོ། ལྡེའུ་ཡི་གོ་དོན་སྤྱིར་བཤད་པ།
  ལྡེའུ་ནི་མིའི་བློ་སྒོ་འབྱེད་བྱེད་ཀྱི་རིག་རྩལ་ཞིག་ཡིན་ལ། དེ་ཡང་གནའ་སྔ་མོའི་དུས་ནས་བཟུང་རང་རེའི་མེས་པོ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་རིག་གནས་ཀྱི་ཡན་ལག་ཅིག་ཀྱང་ཡིན། གསལ་པོར་བཤད་ན་ལྡེའུ་དང་ཁེད་གཉིས་ཕལ་ཆེར་དོན་འདྲ་ལ། ལྡེའུ་ནི་ཕན་ཚུན་ལ་དྲི་བ་དྲིས་ནས་དེའི་དྲིས་ལན་ཐོབ་མི་ཐོབ་འགྲན་པའི་རིག་པ་ཞིག་ཡིན་པར་མ་ཟད། སྐད་བརྡའི་སྒྱུ་རྩལ་དང་མཐུན་པའི་རྩོམ་རིག་གི་རྣམ་པ་ཅན་གྱི་རིག་པ་ཞིག་ཀྱང་ཡིན། དཔེར་ན། དབྱར་གྱི་དུས་ལ་སྐམས་ཤིག་བཤས། སྟོད་ཚིལ་ཉི་མར་སྐམ་རིན་ཡོད།ཆུ་སེར་ཐང་ལ་འབོ་རིན་ཡོད་ལྟ་བུ།

གཉིས་པ། བྱེ་བྲག་ཏུ་བཤད་པ།
  དེ་ཡང་གནའ་སྔ་མོའི་དུས་ནས་བོད་དུ་དར་ཁྱབ་ཧ་ཅང་ཆེ་བའི་ལྡེའུ་ཞེས་པ་དེར་མཁས་པ་སོ་སོའི་བཞེད་ཚུལ་སྣ་ཚོགས་ཡོད་ཀྱང་གཙོ་ཆེ་བ་ལྡེའུ་དང་གབ་ཚིག་གཉིས་དོན་གཅིག་ཡིན་ཟེར་བ་དང་། ལྡེའུ་ནི་གསང་གནད་སྟོན་པའི་རིག་པ་ཞིག་ཡིན་ཟེར་བ་དང་། ཡང་ལྡེའུ་ནི་གདོད་མའི་ཆོས་ལུགས་ཤིག་ཡིན་ཟེར་བ་སོགས་བཞེད་ཚུལ་སྣ་ཚོགས་ཡོད་པ་ལས་བཞེད་ཚུལ་གཙོ་བོ་འགའ་དྲངས་ན།
1.ལྡེའུ་ནི་གསང་གནད་སྟོན་པའི་རིག་པ་ཞིག་ཡིན་ཚུལ།
  དེ་ལ་ཡང་དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་ལགས་ཀྱིས་ལྡེའུ་ནི་ཁེད་དུ་ངོས་བཟུང་བ་ནི་ལྡེའུ་ཡི་ཁྱད་ཆོས་བྱེ་བྲག་པའི་ངོས་ནས་བརྗོད་པ་ཡིན་པས། ཕྱོགས་ལྷུང་གི་གཏམ་དུ་འགྱུར་ཚུལ་བསྒྲུབས་ནས་ཁོང་གིས་ལྡེའུ་ཞེས་པ་ནི་བརྗོད་བྱ་དངོས་དེ་སྦ་ཞིང་གབ་པའི་ཚུལ་གྱིས་བརྗོད་པའི་ཚིག་རྒྱན་ཅན་དང་། གསང་བའི་ཟབ་གནད་སྟོན་པའི་བྱེད་ནུས་ཅན་ཞིག་ཏུ་ངོས་འཛིན་བྱས་ཡོད་པར་མ་ཟད། ཁོང་གིས་ལྡེའུ་འགྲུབ་བྱེད་ལ་ལས་ཀྱི་རྣམ་པ་དང་བརྗོད་བྱའི་ནང་དོན། ཚིག་གི་རྒྱན། འགྲོ་ཕྱོགས་བཅས་བཞི་ཡོད་པ་ལས་བརྗོད་བྱའི་ནང་དོན་དྲང་པོར་མི་བརྗོད་པར་གབ་པའམ་གསང་བའི་ཚིག་སྦྱོར་གཞན་སྤེལ་ནས་སྟོན་པའི་རྒྱན་ནི་རྗོད་བྱེད་ཚིག་གི་ཕྲེང་བ་མཛེས་པར་བྱེད་པའི་ཆོས་ཡིན་པས། བོད་ཀྱི་མགུར་གླུ་དང་མོ་ཚིག སྙན་ངག འཕྲིན་ཡིག གླུ་མདུད་དམ་གླུ་ཁེད་སོགས་རྩོམ་རིག་གི་རྣམ་པ་ཀུན་ལ་ཁྱབ་པར་མ་ཟད། ལས་དང་འགུལ་སྐྱོད་མི་ཉུང་བ་ཞིག་ལའང་ལྡེའུ་རྒྱན་གྱི་ཉམས་རྨད་དུ་བྱུང་བ་ལྡན་པ་ཡིན། འོན་ཀྱང་ལྡེའུ་ལ་རྒྱན་གྱི་ཉམས་ལྡན་པ་ཙམ་གྱིས་ལྡེའུ་ཡིན་པར་བརྗོད་ན《བཀའ་ཆེམས་ཀ་ཁོལ་མ》ཡི་དངོས་བསྟན་གྱི་མཚན་གཞི་ལས་ཆེས་ཆེར་བརྒལ་འགྲོ་བར་སྙམ་ཞེས་ཡང་བསྐྱར་ལྡེའུ་དེ་གསང་གནད་སྟོན་པའི་རིག་པ་ཞིག་ཡིན་པ་ལས་ཁེད་མིན་ཚུལ་གསལ་སྒྲུབ་བྱས་ཡོད།
2.ལྡེའུ་ནི་བོད་གདོད་མའི་ཆོས་ལུགས་སམ་རྩོམ་རིག་ཅིག་ཡིན་ཚུལ།
  《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས》ཞེས་བྱ་བ་རུ་འདི་ལྟར། 《བཀའ་ཐང་སྡེ་ལྔ》ལས། རྗེ་གཅིག་གཉའ་ཁྲི་བཙན་པོའི་སྐུ་རིང་ལ༔ལྷ་ཡི་ཆོས་ལུགས་སྒྲུང་དང་ལྡེའུ་བྱུང༔ཞེས་པ་ཡང་གཉའ་ཁྲི་བཙན་པོའི་སྐབས་རྩོམ་ལུས་དེ་དངོས་སུ་བྱུང་བར་མི་གོ་བར། སྐབས་ཐོག་དེར་རྩོམ་ལུས་འདི་གཉིས་དར་རྒྱས་བྱུང་བའི་དུས་སྐབས་ཡིན་པ་བསྟན་ཡོད་པས། ལྡེའུ་ནི་རྗེ་གཉའ་ཁྲིའི་ཡར་སྔོན་ནས་རྩོམ་རིག་གི་བྱུང་འཕེལ་ལྟར་ན་འབྱུང་འོས་པ་དང་ལོ་རྒྱུས་ཀྱི་ཡིག་ཆས་ཟིན་པ་ཞིག་ཀྱང་ཡིན། ལྡེའུ་ཞེས་པ་འདིའི་རྩ་གནད་དར་ཆེ་ཤོས་ནི་དེང་དུས་ཡོངས་གྲགས་ཀྱི་ཕྱྭ་མོ་ཞེས་པ་གནའ་སྲོལ་དར་ཆེ་བའི་ལྡེའུ་འཕྲུལ་དུ་གྲགས་པ་དེ་ཡིན། ལྡེ་འཕྲུལ་ལ་ཡང་གསང་གནད་སྟོན་པའི་ལྡེའུ་དང་།ཟབ་གནད་སྟོན་པའི་ལྡེའུ་གཉིས་བྱུང་བར་གྲགས་ཞེས་དང་། ཡང་དོན་གྲུབ་རྒྱལ་ལགས་ཀྱིས་མཛད་པའི《མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས》ལས་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ།བོད་གངས་ཅན་གྱི་ཡུལ་དུ་སྤུ་རྒྱལ་གོང་དུ་མངའ་མཛད་ཆེན་པོ་དྲུག་སོགས་བྱུང་མྱོང་བར་བཤད་ཅིང་། ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་རིང་ལ་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་པ་ཡིན་ཟེར། སྒྲུང་དང་ལྡེའུ་གཉིས་ནི་གནའ་རབས་བོད་ཀྱི་གདོད་མའི་ཆོས་ལུགས་གཉིས་ཡིན་ལ། བོད་གནའ་རབས་ཀྱི་གདོད་མའི་སྤྱི་ཚོགས་སུ་བྱུང་བའི་ལྷ་སྒྲུང་གི་རྣམ་པ་ལྡན་པའི་ཆོས་ལུགས་མི་འདྲ་བ་གཉིས་ཀྱང་རེད། སྐབས་འདི་ལ《མ་སང་གི་སྒྲུང》དང《མཆིལ་བའི་སྒྲུང》སོགས་ཡོད་པར་མ་ཟད། ད་དུང《སྲིད་པ་ཆགས་གླུ》དང《ཨ་འཆགས་ཆགས་ལ་ཆགས་དགུ》《ཨ་མཚར་མཚར་ལ་མཚར་དགུ》སོགས་ཀྱི་གླུ་ཡང་ཡོད་ལ་གབ་ཚིག་གི་དྲི་བ་དྲིས་ལན་གྱི་རྩོམ་རིག་ཀྱང་ཡོད་ཅེས་གསུངས་པའི་ཤུགས་ལས་ང་ཚོས་ལྡེའུ་ནི་གདོད་མའི་སྤྱི་ཚོགས་སུ་བྱུང་བའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པ་རྟོགས་ཐུབ།
3.ལྡེའུ་ནི་རྒྱལ་པོའི་དོན་ལ་འཇུག་ཚུལ་སྐོར།
  དེང་དུས་བོད་ཀྱི་ན་གཞོན་རིག་པ་སྨྲ་བ་བན་ཤུལ་དཔལ་མཁར་རྒྱལ་གྱིས་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་པ་དོན་གྱིས་བོན་ནི་ཆོས་དང་སྒྲུང་ནི་སྲིད། ལྡེའུ་ནི་རྒྱལ་པོ་ཡིན་ཚུལ་སྐོར་གསུངས་ཡོད་མོད་རྒྱུ་མཚན་འཐད་ལྡན་དུ་མ་མཐོང་།
4.ལྡེའུས་ཆབ་སྲིད་བསྐྱངས་ཚུལ།
  དེ་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་མངོན་པའི་སྡེ་སྣོད་འབྱུང་བའི་ལྟས་སུ་ལྡེའུ་སྤྲོད། དེ་ཡིས་བོད་རྣམས་ཅུང་ཟད་བློ་ཁ་ཕྱེ། ཞེས་གསུངས་པར་གཞིགས་ན་དེ་ཡང་གཙོ་བོ་ལྡེའུ་བཤད་དེ་རྒྱན་སྐུགས་པ་ལ་བརྟེན་ནས་ཆབ་སྲིད་བསྐྱངས་པ་ཡིན་པར་འདོད་ལ། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ལྡེའུས་ཆབ་སྲིད་བསྐྱངས་ཞེས་པའི་གོ་དོན་ནི། དེ་དུས་བོད་ཡིག་ད་དུང་གསར་བཟོ་བྱས་མེད་སྟབས་ཡི་གེ་ལ་བརྟེན་ནས་མི་རྣམས་ལ་སློབ་གསོ་གཏོང་ཐབས་བྲལ་བས། ཤེས་རིག་ཡར་རྒྱས་གཏོང་ཐབས་སུ་གབ་ཚིག་ལ་བརྟེན་ནས་དྲི་བ་བཏོན་ཏེ། དེའི་ལན་གཟུགས་སྣང་ཅན་གྱི་རི་མོའམ། ཡང་ན་དངོས་པོ་འདི་དང་། དེ་ཡིན་ཞེས་དྲི་བ་བཀོད་པ་པོས་ལན་མདོར་བསྡུས་སུ་འདེབས་པ་ཞིག་ཡིན་པས། བྱ་ཐབས་དེ་ལ་བརྟེན་ནས་ཤེས་རིག་འཕེལ་བའི་བློ་སྒོ་ཕྱེ་བ་ལ་ལྡེའུ་ལ་བརྟེན་ནས་ཆབ་སྲིད་བསྐྱངས་ཞེས་བརྗོད། ཅེས་ལྡེའུས་ཆབ་སྲིད་བསྐྱངས་ཚུལ་གསལ་པོར་གསུངས་ཡོད་ལ།《བཀའ་ཆེམས་ཀ་ཁོལ་མ》ལས་ཀྱང་རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསྟན་ཞེས་པའི་ཚིག་དོན་ལས་ཀྱང་ལྡེའུས་ཆབ་སྲིད་བསྐྱངས་པ་ཤེས་ཐུབ།
  ཆབ་སྲིད་ལྡེའུས་བསྐྱངས་པའི་ཚུལ་གང་འདྲ་ཞིག་ཡིན་ཟེར་ན། མཁས་པ་སོ་སོར་བཞེད་ཕྱོགས་མི་མཐུན་པ་ཡོད་ཀྱང་མང་ཆེ་བའི་ལྟ་ཚུལ་ལམ་རྒྱུག་ཆེ་བ་ནི་འདི་ལྟར། ཨ་འཆགས་ཆགས་ལ་ཆགས་དགུ་ཡོད། ཆགས་དགུ་མ་ཁེད་སྡེ་དགུ་དགོས་ཞེས་དང་ཨ་མཚར་མཚར་ལ་མཚར་དགུ་ཡོད། མཚར་དགུ་མ་ཁེད་རུ་དགུ་དགོས། ཞེས་པར་དམིགས་ནས། ལྡེའུ་བཤད་ནས་རྒྱན་འཇོག་སྐབས་ཆབ་སྲིད་ཀྱི་མངའ་དབང་རྒྱན་དུ་བཞག་པར་འདོད་པ་ནི《གླིང་གི་རྟ་རྒྱུག་རྒྱལ་འཇོག》ནང་གླིང་གི་རྒྱལ་སྲིད་རྟེན་དུ་འཇོག་པ་ལས་ཀྱང་གསལ་པོར་ཤེས་ཐུབ་པ་ཡིན།
5.ལྡེའུ་ནི་ཁེད་དང་དོན་གཅིག་ཡིན་པ།
  ང་ཚོས་གོང་ནས་བཤད་ཟིན་པ་ནང་བཞིན་དུ་ལྡེའུ་ནི་ཁེད་དང་ཀུན་ནས་མཚུངས་པས་ལྡེའུ་ཞེས་པ་དེ་ཁེད་ཀྱི་བརྡ་རྙིང་ཡིན་པའི་སྐོར་ཅུང་གསལ་པོ་བྱས་ནས་བཤད་ན། ཨ་ལགས་ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ལགས་ཀྱིས《སྙན་ངག་སྤྱི་དོན》ལས་གནའ་དུས་བོད་རྒྱལ་སྲོང་བཙན་སྒམ་པོའི་ཡན་ཆད་དུ་བོད་ལ་ཡི་གེ་མེད་པའི་རིང་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་པའི་ནང་གི་ལྡེའུ་ནི་ཁེད་ཀྱི་བརྡ་རྙིང་ཡིན་ཞེས་གསུངས་པ་ལས་བོད་གནའ་རབས་ཀྱི་ལྡེའུ་ནི་ཁེད་ཀྱི་བརྡ་རྙིང་ཡིན་པ་དང་། ལྡེའུ་དང་ཁེད་གཉིས་ལ་མིང་བརྡ་གསར་རྙིང་གི་ཁྱད་པར་ཙམ་ལས་དོན་ལ་ཁྱད་པར་མེད་པའི་ཚུལ་ནི《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས》ལས་ཀྱང་ཚིག་ཐག་ཆོད་པོས་བསྒྲུབས་ཡོད། ཡང་ཆབ་འགག་རྟ་མགྲིན་ལགས་ཀྱིས་ལྡེའུ་དེ་ཁེད་དུ་ངོས་འཛིན་པ་ནི་ལྡེའུ་ཞེས་པའི་ཁྱད་ཆོས་བྱེ་བྲག་པའི་ངོས་ནས་བརྗོད་པའི་ལྟ་བ་རྐྱང་རྐྱང་ཡིན་པས།ཕྱོགས་ལྷུང་གི་གཏམ་དུ་གྱུར་པ་རེད་ཅེས་དགག་གཞག་མཛད་འདུག་ཀྱང་། མཁས་དབང་ནམ་མཁའི་ནོར་བུས་ལྡེ་དང་ལྡེའུ་ཞེས་པ་ཞང་ཞུང་སྐད་དང་། རྒྱུན་པར་སྒོ་ལྕགས་ཀྱི་ལྡེ་མིག་ལ་གོ། ། སྒོ་དེ་ཡང་ཕྱི་སྒོ་ནང་སྒོ་ཁོ་ནར་མི་གོ་བར། སྒོ་གསུམ་སྟེ་ལུས་ཀྱི་སྒོ་དང་ངག་གི་སྒོ། ཡིད་ཀྱི་སྒོ་འབྱེད་པའི་ཤེས་རབ་དམ་པའི་ལྡེའུ་མིག་དང་འདྲ་བ་རྒྱུ་མཚན་དུ་བཏགས་ནས་བྱུང་ཞེས་གསུངས་ཡོད་པ་ལས་ལྡེའུ་ནི་ཁེད་དང་ཀུན་ནས་མཚུངས་པའི་བློ་སྒོ་འབྱེད་བྱེད་ཀྱི་རིག་པ་ཞིག་ཡིན་པ་སྔར་ལས་ཀྱང་གསལ་པོར་རྟོགས་ཐུབ།
  དེ་ལ་ཡང་ང་ཚོས་གོང་ནས་བཤད་པ་དག་མདོར་དེད་ན་བོད་ཀྱི་ལོ་རྒྱུས་ཡིག་ཚང་སྔ་ཤོས《བཀའ་ཆེམས་ཀ་ཁོལ་མ》ལས་བྱུང་བའི་ཐེམ་ཉེར་ཉེར་སྦ་བ་ཕྱིས་ཞ་སེ། ཅི་ཡིན་ཞེས་དྲི་བ་བཀོད་པའི་ལན་དུ་འདེགས་བྱེད་ཀྱི་སྲང་དང་སྲང་རྡོ་རི་མོར་བཀོད་ནས་བྲིས། ཡང་ནག་པོ་ཁ་གདངས་མིག་ཚུམས། ། དམར་པོ་སྤུ་བཅུག་ཅིང་ཕྱུང་། ། ཅི་ཡིན་ཞེས་དྲི་བ་བཀོད་པའི་ལན་དུ་མགར་བ་ཞིག་གིས་ལྕགས་དམར་པོ་སྐམ་པས་བཟུང་སྟེ་ཐབ་ཀྱི་ནང་ནས་འདོན་བཞིན་པ་ཞིག་རི་མོར་བྲིས་པ་བཅས་ཡོད་ཚུལ་གསལ་བས་ལྡེའུ་ནི་གདོད་མའི་དུས་ནས་བཟུང་བོད་རང་ས་ནས་དར་བའི་མིའི་བློ་སྒོ་འབྱེད་བྱེད་ཀྱི་ཁེད་ཡིན་པ་ལས་ནང་དོན་གཞན་ཞིག་མ་ཡིན་པ་ཤེས་ཐུབ།
གསུམ་པ། ལྡེའུ་དང་གབ་ཚིག་གི་དབྱེ་བ།
  དེ་ལ་ཡང་མཁས་པ་ལ་ལས་གབ་ཚིག་སྙན་ངག་དང་ལྡེའུ་གཉིས་དོན་གཅིག་ཡིན་པར་གསུངས་ཀྱང་། དེ་གཉིས་མི་འདྲ་བའི་ཚུལ་ལ་སློབ་དཔོན་དམུ་དགེ་བསམ་གཏན་མཆོག་གིས་ལུང་རིགས་ཟབ་མོའི་སྒོ་ནས་དེ་གཉིས་ཀྱི་ཁྱད་པར་དེ་འབྱུང་ཁུངས་དང་། དུས། ངོ་བོ། ཐ་སྙད་བཅས་བཞིའི་ཐད་ནས་གསལ་པོར་གསུངས་ཡོད་པ་དཔེར་བཀོད་ན།
  གབ་ཚིག་གི་རྒྱན་ནི། གཙོ་བོ་འཕགས་ཡུལ་གྱི་སྙན་ངག་དག་ལས་བྱུང་བ་ཡིན་ཏེ།《སྙན་ངག་མེ་ལོང》ལས། འདི་རྣམས་གབ་ཚིག་བཅུ་དྲུག་སྟེ། ། སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། ། ཞེས་དང་། གབ་ཚིག་དག་གི་རྣམ་པ་ཡི། ། ལུགས་ཀྱང་རབ་ཏུ་བསྟན་པར་བྱ། ། ཞེས་གསུངས་སོ། །
  《སྙན་ངག་མེ་ལོང》བོད་དུ་མ་འགྱུར་བའི་སྔོན་གྱི་བོད་གཞུང་དག་ན་གབ་ཚིག་གི་རྒྱན་གྱི་ཐ་སྙད་མི་འབྱུང་བས་ཀྱང་། གབ་ཚིག་གི་རྒྱན་གྱི་འབྱུང་ཁུངས་སྙན་ངག་གི་གཞུང་རྣམས་ཡིན་པ་ཤེས་སོ། །
  ཁེད་ཀྱི་འབྱང་ཁུངས་ནི་བོན་ཡིན་ཏེ། བཀའ་ཆེམས་སོགས་ལས། བོན་སྒྲུང་ལྡེའུ་གསུམ་ཞེས་པའི་ལྡེའུ་ནི་ཁེད་ཡིན་ཏེ།《དེབ་ཐེར་མཁས་པའི་དགའ་སྟོན》ལས། མངོན་པའི་སྡེ་སྣོད་འབྱུང་བའི་ལྟས་ལྡེའུ་སྤྱོད། ཅེས་པའི་མཆན་དུ། སྲང་ལ་ཐེམ་གཉེར་ལྦ་བ་ཅི་ཡིན། ཞེས་འདྲི་བ་དཔེར་བཞག་པ་ལྟ་བུའོ། །
2.དུས་ཀྱི་ཁྱད་པར།
  གབ་ཚིག་གི་རྒྱན་ནི་རིག་གནས་ཆུང་བ་ལྔའི་ཡ་གྱལ་གྱི་སྙན་ངག་དར་བ་ནས་བྱུང་བ་ཡིན། སྤྱིར་སྙན་ངག་ཙམ་ནི་བོད་འདིར་སྔ་མོ་ཞིག་ནས་ཡོད་མོད། རིག་གནས་ཆུང་བ་ལྔའི་ཡ་གྱལ་གྱི་སྙན་ངག་ནི། འཕགས་ཡུལ་གྱི་མཁས་པ་དག་གི་ལུགས་བཞིན་དུ། ཤར་ལྷོའི་ལམ་ལུགས་སོ་སོ་དང་། ཐུན་མོང་ལའང་། དོན་རྒྱན་སྒྲ་རྒྱན་གབ་ཚིག་གི་རྒྱན་སྐྱོན་སེལ་དང་བཅས་པའི་རྣམ་གཞག་སྟོན་པའི་གཞུང་དང་མཐུན་པར་རྩོམ་པ་དེ་ཡིན་ལ། དེ་བསྟན་པ་ཕྱི་དར་གྱི་དུས་སུ་བྱུང་བ་ཡིན། ཁེད་ནི་བསྟན་པ་སྔ་དར་མ་ཟད། བོད་དུ་སངས་རྒྱས་ཀྱི་བསྟན་པ་མ་དར་བའི་སྔོན་ནས་བྱུང་བ་ཡིན་ཏེ། དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། འདི་ཡན་གདུང་རབས་ཉི་ཤུ་རྩ་བདུན་དུ། ། ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས། ། ཞེས་དང་། བོད་རྒྱལ་སྤུ་དེ་གུང་རྒྱལ་དང་བློན་པོ་རུ་ལས་སྐྱེས་གཉིས་ཀྱི་དུས་སུ་དར་ཡོད་པར་བཤད།
3.ངོ་བོའི་ཁྱད་པར།
        གབ་ཚིག་ནི། སྙན་ངག་གི་ཚིག་རྒྱན་ཡིན་ཏེ། སྙན་ངག་གི་འགྲེལ་བ་ཐམས་ཅད་ལས། གཉིས་པ་ཐུན་མོང་གི་རྒྱན་ལ་དོན་རྒྱན་དང་སྒྲ་རྒྱན། གབ་ཚིག་གི་རྒྱན་དང་གསུམ་ཞེས་གསུངས་ཤིང་། གབ་ཚིག་ནི་སྙན་ངག་གི་རྒྱན་གཞན་པ་དང་འདྲ་བར། བརྗོད་བྱ་དང་ལྡན་པའི་ཚིགས་བཅད་ཀྱི་ལུས་ལ་སྙན་ངག་གི་རྒྱན་དུ་འགྲོ་ངེས་པ་ཞིག་ལས། ཁེད་བཞིན་དུ་གང་བྱུང་སྨྲས་པ་དག་ནི་རྒྱན་དུ་མི་འགྲོ།
        ཁེད་ནི་སྙན་ངག་གི་རྒྱན་མ་ཡིན་ཏེ། དེ་ལྟར་འདོད་མཁན་སྔར་སུ་ཡང་མ་བྱུང་ལ། དོན་ལའང་ཚིག་རྒྱན་ཡིན་པར་འདོད་མི་རིགས་ཏེ། གཞུང་ལུགས་དང་རིག་གནས་ལ་སྦྱངས་མ་སྦྱངས་ལ་བལྟོས་པ་མེད་པར། ཁྱིམ་པ་དག་དང་ལྷག་པར་བྱིས་པ་དག་གིས་ཀུ་རེ་རྩེད་མོ་སློང་ཆེད། གོང་དུ་བཤད་པ་ལྟར། སྲང་སྟེ་རྒྱ་མ་ལ། ཐེམ་གཉེར་ལྦ་བ་ཅན་ཟེར་བ་ལྟ་བུའོ། །
4.ཐ་སྙད་ཀྱི་ཁྱད་པར།
  གབ་ཚིག་གི་མིང་ལ་རྒྱ་བོད་གཉིས་ཀྱི་སྙན་ངག་གི་གཞུང་གང་དུའང་གབ་ཚིག་ཅེས་པ་ལས་ཁེད་དང་ལྡེའུའི་ཐ་སྙད་བཏགས་པ་གང་ཡང་མེད་པའི་ཕྱིར། སྔར་མ་གྲགས་ཀྱང་། ཁེད་དང་དོན་འདྲ་བས་ཁེད་ཅེས་བཏགས་ཆོག་གོ་ཟེར་ན། དེ་གཉིས་ཀྱི་དོན་གྱི་ངོ་བོ་མི་འདྲ་བ་གོང་དུ་བཤད་པ་དེ་ལྟར་ཡིན་མོད། གལ་ཏེ་བརྟག་པ་མཐའ་བཟུང་གིས་དེ་གཉིས་དོན་འདྲ་བའི་དབང་དུ་བཏང་ན་ཡང་། དེ་གཉིས་ཀྱི་ཐ་སྙད་བསྲེ་མི་རུང་སྟེ། འདུས་བྱས་མི་རྟག་གཉིས་དོན་གཅིག་ཡིན་ཡང་། དངོས་མིང་སོ་སོར་གོ་བྱའི་ཆོས་ཡིན་པས། མིང་གི་ཐ་སྙད་དང་མཚན་ཉིད་སོགས་སོ་སོར་འཇོག་དགོས་པ་རིགས་པའི་གཞུང་ལུགས་དང་མི་མཐུན་པར་མ་ཟད། རྙོག་དྲ་བཟོ་བ་ཡིན། དོན་གྱི་ཕྱོགས་འདྲ་བས་གཅིག་གི་མིང་དེ་གཅིག་ལ་བཏགས་ན།ལུག་གི་རིལ་མ་ལ་ལུག་གི་སྐྱག་པ་དང་། རྟ་ལུད་ལ་རྟའི་སྐྱག་པ་དང་། ལྕི་བ་ལ་གཡག་གི་སྐྱག་པ་སོགས་སྨོས་ཤིག་དང་། རིག་གནས་ལ་སྦྱངས་པ་དག་མ་ཟད། ཁྱིམ་པ་མ་སྦྱངས་པ་དག་ཀྱང་བཞད་གད་ཐག་གེར་འགྲོའོ། །
  ཁེད་ཀྱི་ཐ་སྙད་ལ་ཡང་། སྔར་གྱི་ལོ་རྒྱུས་དེབ་ཐེར་དག་ན་ལྡེའུ་ཞེས་བརྗོད་ཀྱང་། ཕྱིས་སུ་ཁེད་ཅེས་ཚང་མས་སྨྲ་བ་ལས། དེའི་མིང་ལ་གབ་ཚིག་ཅེས་གང་དུའང་མ་གྲགས་པའི་ཕྱིར། ཁེད་དེ་ལྡེའུ་ཞེས་པ་མིན་ནོ་ཞེ་ན། འོ་ན་ལྡེའུ་དེ་གང་ལ་བྱེད་པ་སྨོས་ཤིག་དང་བཀའ་དྲིན་ཆེ་ཞུའོ། །ཞེས་ཁོང་གིས་ལུང་རིགས་གཙང་མས་སྒྲུབ་བྱེད་ཡང་དག་བཀོད་ནས་ལྡེའུ་དང་གབ་ཚིག་གཉིས་ཀྱི་ཁྱད་པར་གསུངས་པ་ལས་ཀྱང་ང་ཚོས་ལྡེའུ་དང་གབ་ཚིག་གཉིས་དོན་གཅིག་མིན་པ་ཤེས་ཐུབ་པར་མ་ཟད། ལྡེའུ་ནི་གནའ་སྔ་མོའི་དུས་ནས་བོད་རིགས་མང་ཚོགས་ཐུན་མོང་གི་བློ་གྲོས་རྩལ་ལས་ཐོན་པའི་ངག་རྩོམ་ཞིག་ཡིན་ཞིང་། གབ་ཚིག་ནི་དུས་རབས་བཅུ་གསུམ་པའི་ནང《སྙན་ངག་མེ་ལོང་མ》བོད་དུ་འགྱུར་བ་ནས་བཟུང་གཞུང་དེའི་དངོས་བསྟན་གྱི་ལུགས་ལྟར་སྦྱངས་བརྩོན་བྱས་ནས་བརྩམས་པའི་མཁས་པའི་སྙན་ངག་ཅིག་ཡིན་པས། དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། རྩོམ་མཁན་གྱི་ཆ་ནས་རྩོམ་པ་པོ་ཡོད་མེད་ཀྱི་ཁྱད་པར་དང་། ངོ་བོའི་ཆ་ནས་གབ་ཚིག་ནི་རྩོམ་པ་པོའི་རྩོམ་རིག་གི་ཁོངས་སུ་གཏོགས་པ་དང་ལྡེའུ་ནི་དམངས་ཁྲོད་རྩོམ་རིག་གི་ཁོངས་སུ་གཏོགས་པ་ཡིན། །

 

  
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1