གཙོ་ངོས།>> པར་སྐྲུན།>>བོད་ཀྱི་རྩོམ་རིག་སྒྱུ་རྩལ།

ཤར་ཚ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༡༦ཉིན།

ནོར་རྒྱལ་དང་བུ་བཀྲ་ཤིས།

གཅིག

 

        "ཡ།   ད་ཇ་ཞིག་ཐུངས།    རང་གི་ཕྲུ་གུར་རླུང་དེ་འདྲ་བསྟན་ནས་ཅི་ཕན།    ཇི་ལྟར་སྡུག་ཀྱང་རང་གི་ཤ་ལས་མཆེད་པ་རེད།  མ་གཞི་ཕ་རྒྱུད་བུ་ལ་མ་འཁྲིལ་ན་རི་བོང་ཤོབ་ཏོ་ག་ནས་ཡོང་ཟེར་བ་སྔ་རབས་ཀྱི་གཏམ་དུ་གྲགས།  མ་ཟད་ཕ་དུག་ཤིང་གི་སྡོང་པོ་ལ་བུ་ཙན་དན་གྱི་ཡལ་ག་འཁྲུངས་རབས་མེད་པས།  ཁྱོད་ཆུང་དུས་ཀྱང་ཕ་མའི་གམ་ན་འདི་འདྲ་རེད་མོད།  བུ་སྨྱོན་པ་མིན་ན་འཚུབ་ན་དགའ།  བུ་མོ་ལྐུགས་མ་མིན་ན་དལ་ན་དགའ་ཟེར་བ་ཐོས་ཨེ་མྱོང་།  ཆུང་དུས་?ར་རྣམ་ཡང་རྒྱ་སྡེ་པའི་མི་ཁ་གླེང་ས་ཡིན་ཡང་།  ཕོ་ཁྲམ་པ་ཁུག་ན་གསེར་ལས་ལྷག་ཟེར་བ་ལྟར་ད་ལྟ་མི་བཟང་པོ་ཇི་འདྲར་གྱུར་བ་མིག་མཐོང་ལག་ཟིན་རེད།" སྒྲོལ་མཚོས་ལྕི་བ་བྱུར་བུར་བླུགས་པའི་སླེལ་པོ་དག་སྦྲ་གུར་གྱི་སྒོ་ཁའི་ལྕི་ཁང་དུ་ཕབ་རྗེས།  ནོར་རྒྱལ་ལ་སེམས་གསོའི་ཚུལ་དུ་དེ་ལྟར་སྨྲས་ཤིང་ཇ་གང་བླུགས་ནས་ཁོ་པར་བསྲིངས།  ནོར་རྒྱལ་གྱིས་རྩིད་སྐུད་ཡོག་འཕྲོ་དག་གཞོགས་གཅིག་ཏུ་བཞག་སྟེ།  "ཕ་ཐང་དཀར་རྒོད་པོ་ལ་བུ་ཁ་ཏ་སྐྱག་གཟན་ཞིག  འབྲུ་དགའ་བདེས་རི་བོ་པང་དུ་ལེན་ཡང་དགའ་བདེའི་བུས་ཐབ་?་མི་འཁྱོགས་པ་གོ་ཨེ་མྱོང་།  ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ལ།  མདའ་སྟོང་ཁའི་གཏོང་ཚོད་ཤེས་ལེ་དགོས།  མོ་ལོ་ལྔ་གསུམ་བཅོ་ལྔ་ལ།    ཞོ་འོ་མའི་ཚ་གྲང་ཤེས་ལེ་དགོས།  ང་ཚོ་ཆུང་དུས་ཕོ་ལོ་བཅུ་གསུམ་ལས་མ་སོན་ཡང་།  རྐང་ལྷམ་མེད་ཕོ་རོག་ནག་ཆུང་འདྲ་རུང་རྫ་ལམ་དང་བྲག་གཡང་ཅི་ཞིག་ལའང་མ་སོང་བ་མེད།  མགོ་ཞྭ་མེད་ནགས་ཀྱི་སྤྲེའུ་འདྲ་རུང་ཆར་རླུང་དང་ཉི་འོད་ཅི་ཞིག་མ་གཟེད་པ་མེད།  དེ་ཚོ་ཚང་མ་ནོར་གྱི་ཆེད་དུ་རེད།  དེ་ཚོ་ཚང་མ་ཁྱིམ་ཚང་གི་ཆེད་དུ་རེད་ཡ།  ཕུ་བྱང་ཚ་ལེན་པར་གཡག་གུ་དགོས།  མདའ་གྲོ་ནས་ཉོ་བར་གཡང་ཟོག་དགོས།  ད་སྒོ་ཟོག་ཚང་མ་སྟོངས་སོང་ན།  སྦྲ་ནག་གི་ལས་དབང་ཟད་པ་རེད།  རྩྭ་ཐང་གི་དབང་ཐང་རྫོགས་པ་རེད།  འབྲོག་པའི་འཚོ་རྟེན་འཐོར་བ་རེད།"

 

        ཉི་ཟེར་གྱི་ཐིགས་པ་ཕྲ་མོ་ཞིག་ཁ་ཚུབ་ཀྱི་ཐད་ནས་ཐད་ཀར་རྒད་པོའི་གདོང་དུ་འཕྲོས་པས།  ལོ་ཟླའི་གོད་ཆགས་ཀྱིས་བཏབ་པའི་གཉེར་རིས་རྣམས་རྒད་པོའི་སྣུམ་ཚིལ་ཚིལ་གྱི་གདོང་པར་དེ་བས་མངོན་གསལ་ཆེ་བར་གྱུར།  རྒད་པོས་རྩིད་པ་ཡོག་འཕྲོ་དག་ཟུར་དུ་བཞག་སྟེ་སླར་ཡང་མནོ་བསམ་གྱི་རྒྱ་རུ་ཚུད།  ཁོ་པས་དངུལ་ཤན་ཅན་གྱི་ཤྭ་རུའི་སྣ་ར་དེ་པུས་མོའི་ཐོག་ཐུག་ཐུག་འགའ་བརྡབས་རྗེས་ལག་གཡོན་མའི་གོང་མཛུབ་ཀྱིས་མཐའ་བསྐོར་བའི་མཐེ་བོང་གི་སེན་སྟེང་དུ་སྣ་ཐ་སྡག་སྡག་གང་བླུགས་པ་དང་།   ལག་གཡས་པའི་གོང་མཛུབ་དང་མཐེ་བོང་གིས་དེ་ལས་སྣ་ཐ་ཅུང་ཟད་རེ་བླངས་ཏེ།     དཀྱིལ་མཛུབ་ཀྱིས་སྣ་བུག་གཡོན་མ་གཙིར་ཅིང་གོང་མཛུབ་དང་མཐེ་བོང་གིས་སྣ་བུག་གཡས་པའི་ནང་སིར་སྒྲ་དང་བཅས་སྣ་ཐ་ཤུགས་ཀྱིས་འཐེན་བཞིན་སྨུག་རླངས་ལྟར་གྱི་དུ་བ་དཀར་པོ་ཞིག་གིས་སྦྲ་ཆེན་དེའི་མཁའ་དབུགས་ཡོངས་རྫོགས་མོག་པོར་བཏང་།    

 

         ཁོས་སླར་དབུགས་རིང་ཞིག་བཏང་རྗེས།  "ད་ནི་མ་སོང་བར་ཐབས་མེད།  མི་ཞིག་བྱུང་ན་ཆུང་ནས་བྱུང་།  རྟ་ཞིག་བྱུང་ན་རྟེའུ་ནས་བྱུང་ཟེར་བ་ལྟར་ལྟས་ཕྲུག་འདི་ཚོ་ཆུང་དུས་ནས་མ་གཅུན་ན་ཡོང་ཐབས་མེད"ཟེར་བཞིན་སྣ་ཐ་བླུགས་ཤུལ་གྱི་སེན་མོ་དག་པུས་མོའི་ཐོག་ཕྱིས་རྗེས་གདན་ལས་ཧོབ་སྟེ་ལངས།  

 

        སྒྲོལ་མཚོས་ཚི་དྲེག་གིས་འཚོས་པའི་པང་གདན་གྱིས་ལྕིབས་ཏེ་སྒྱེད་བུའི་སྟེང་ལྷོག་ལྷོག་འཁོལ་གྱིན་པའི་ཁོག་ལྡིར་དག་ཕབ་ནས་སྐྱོམ་སྐྱོམ་འགའ་བྱས་རྗེས་རྒན་པོར་སླར་ཡང་ཇ་གང་བླུགས།  ཁོ་མོས་ཕྲུ་གུ་ཆུང་དུས་ནས་ལང་ལ་ཤོར་ཟིན་པས་ད་ཕོ་ལོ་ཉི་ཤུར་སོན་པ་ལ་གཅུན་ཐབས་ཤིག་ཅི་ལ་ཡོད།  རྟ་རྒན་ལ་འགྲོས་དང་མི་རྒན་ལ་བསླབ་བྱ་བྱེད་སྲོལ་མེད།  ལྕང་མ་ཆུང་དུས་ཡལ་གཅོད་མི་བྱེད་པར་རྒས་དུས་བཀུག་ན་ཆགས་པའི་ཉེན་ཁ་ཆེ།  བཀྲ་ཤིས་ད་ལྟ་ལོ་ན་ཆུང་ཆུང་མིན་པས་ཁོ་པ་མི་རིང་བར་བསམ་ཤེས་ཐུབ་ནས་སེམས་ཁུག་སྲིད།

 

        རྒད་པོས་སྒྲོལ་མཚོའི་བཤད་འཕྲོ་འཕྲོག་སྟེ།  "ཁ་བཤད་ཚིག་གི་རྩལ་ལ་སུ་ཡང་མཁས་ཟེར་བ་ལྟར་ད་གཟོད་ཁྱོད་ཀྱིས་བཤད་དུས་ཚིག་འདྲ་ཆགས་རེ་བསྒྲིགས་ཐུབ་ཀྱང་།  ཐོག་མར་ངས་ཕྲུ་གུ་སློབ་གྲྭར་མི་གཏོང་ཟེར་དུས་ཁྱོད་དང་?ར་རྣམ་གྱིས་རྫོགས་རྒྱུ་མེད་པའི་གནས་ལུགས་འབྲུག་གྲགས་གྲགས་བཤད།     ཆད་རྒྱུ་མེད་པའི་ཚིག་འབྲུ་ཆར་འབབ་འབབ་བསྙིལ།     སྙན་སྙན་རྫུན་གྱི་སྔ་རྟིང་འཇའ་ཚོན་ལྟར་གུང་བསྒྲིགས་ཏེ་བྱིས་པའི་སེམས་ལ་བསླུ་བྲིད་ཇི་ལྟར་བྱས་པ་ཡིན།  གལ་ཏེ་དེ་དུས་ནས་ངའི་ཁ་ལ་ཉན་ནས་སློབ་གྲྭར་བཏང་མེད་ན།  ད་ལྟའི་ཆར་རྒྱ་སྡེ་པའི་དབུས་ན་མིས་སྨོན་རང་སྐྱིད་ཀྱི་ནོར་རྫི་སྟག་ཕྲུག་འདྲ་བ་ཞིག་ཡིན་རྒྱུ་སྨོས་མེད་རེད།  ད་ནི་རྒྱ་གྲོང་འགྲིམས་འགྲིམས་ནས་མི་རྒྱ་མ་བོད།  སྐད་ར་མ་ལུག་ཆས་ཡ་མ་ཟུང་།  སེམས་མི་མ་འདྲེ་འདི་འདྲར་གྱུར་སོང་།  ངེད་ཞི་སྐྱིད་ཚང་ལ་མི་དེ་འདྲ་སྔ་རབས་ཀྱི་གཏམ་དུ་གྲགས་མྱོང་མེད།  ངེད་ཀྱི་མེས་པོ་རུས་ཅན་ཚོ་ཕུ་བྱང་ཚྭ་ལེན་པའི་འགོ་དཔོན་མ་ཡིན་ཡང་།  མདའ་རྒྱ་ཇ་ལེན་དུས་དྲེལ་དཔོན་མ་ཡིན་ཡང་།  གང་དུ་སོང་ཡང་ཡར་ཕེབས་ཡར་བཞུགས་རེད།  དེས་མ་ཚད་གཟན་དམར་མཆོད་མཁན་གྱི་ཆོས་པ་རྣམ་དག་ཅིག་ངེད་ཚང་ལ་རྒྱུན་ཆད་མྱོང་མེད།"

 

        དེ་དུས་སྦག་སྦག་ཅིག་ཁོང་ཚང་ལ་གཟས་ཏེ་ཤར་འོངས་བ་སྒྲོལ་མཚོས་སྦྲ་སྒོ་ནས་མཐོང་བས།  རྒད་པོ་ལ"གྲོང་དཔོན་སླེབས་བྱུང་།"ཟེར་བཞིན་སྒོ་ཐོན་ནས་ཕྱིར་བུད།  གྲོང་དཔོན་གྱི་མིང་ལ་?ར་རྣམ་ཟེར་ཞིང་ཁོ་པ་ད་ལོ་ལོ་སུམ་ཅུ་སོ་གཅིག་ལ་བུད་པས་ནོར་རྒྱལ་ལས་ལོ་བཅུ་གསུམ་གྱིས་ཆུང་བ་ཡོད།   ཁོ་པའང་ཆུང་དུས་རྒྱ་སྡེ་པའི་མི་ཁ་འཁོར་སའི་མདོ་མེད་རབ་གཅིག་ཡིན་མོད།    ཕོ་ལོ་ཉི་ཤུ་ལྷག་སོན་པ་ན་རིམ་གྱིས་མི་ཡ་རབས་ཤིག་ཏུ་གྱུར་བས།    ཡུལ་དེའི་མི་རྣམས་ཀྱིས་ཕོ་ཁྲམ་པ་ཁུག་ན་གསེར་ལས་ལྷག་ཟེར་བ་?ར་རྣམ་ལྟ་བུ་རེད།  ཅེས་རྒྱུན་དུ་དཔེ་འཇོག་ས་རེད།     ནོར་རྒྱལ་གྱིས་ཀྱང་ཁོ་པ་ནི་མི་ཡ་རབས་བཟང་སྤྱོད་ཅན་ཞིག་ཏུ་མཐོང་གིན་ཡོད་མོད།     རང་གི་ཕྲུ་གུ་གསུམ་ག་ཁོའི་སྐུལ་འདེད་འོག་སློབ་གྲྭར་བསྐྱལ་བ་དང་།     ཕྱིས་སུ་ཕྲུ་གུ་གཅིག་ཀྱང་སློབ་གྲྭ་ལས་ཁུངས་མ་འཁྱོལ་ཁར།     ཁོང་ཚོ་སློབ་གྲྭ་ལས་ཕྱིར་རང་ཁྱིམ་དུ་ལོག་འོངས་དུས་ནོར་རྫིར་མི་འགྲོ་བའི་སྒྱིད་ལུག་ཅན་འབའ་ཞིག་ཏུ་གྱུར་བས།     ད་གཟོད་ཁོ་པའི་སེམས་གཏིང་ནས་གྲོང་དཔོན་ལ་མི་དགའ་ཞིང་།     དེ་ལ་བརྟེན་ནས་ཁོ་པས་དུས་རྒྱུན་ནས་?ར་རྣམ་གྱི་ཁ་གཏད་ཁོ་ནར་ལངས་ཀྱིན་ཡོད།    ངོ་མ་མི་ངན་གྱི་ལས་ལ་ཇུས་མ་བྱེད།     ཁྱི་ངན་གྱི་ཁ་ལ་ཤ་མ་སྦྱིན་ཟེར་བ་ཅིས་མི་བདེན།     ལྷག་པར་དུ་ནོར་རྒྱལ་གྱི་ཁྱིམ་རྒྱུད་དེ་སྤྱི་ཚོགས་རྙིང་པའི་སྐབས་ཞི་སྐྱིད་ཚང་ཞེས་ཡུལ་དེར་གྲགས་པ་ཅུང་ཆེ་བའི་ཕྱུག་བདག་ཅིག་ཡིན་པ་དང་།     ཁོའི་གཅེན་པོའི་བུ་མོ་ཞིག་ཤང་སྲིད་གཞུང་དུ་ཡོད་པས།       རྒྱུན་པར་ཁོས་ཀ་བའི་ལྟག་ཤེད་ཀྱིས་གདུང་མས་འཕྲེད་ཉལ་བྱས་ཏེ་གྲོང་དཔོན་ལ་སྣང་བ་གཏན་ནས་མི་གཏོང་།      གྲོང་དཔོན་གྱིས་ཙིར་སྒྲ་དང་བཅས་སྦག་སྦག་སྒོ་འགྲམ་དུ་ཁ་བཀག་རྗེས།  སྒྲོལ་མཚོར་གཏད་དེ"ཨ་ཡེ་སྒྲོལ་མཚོ།    ཁྱིམ་དུ་མི་ཨེ་ཡོད"ཅེས་དྲིས།    འབྲོག་ཁུལ་དུ་ཁྱིམ་གྱི་ཕ་རྒན་མེད་ཚེ་སྤྱིར་མགྲོན་པོ་དག་ཁྱིམ་དུ་མི་འོངས་བ་རེད།  ཁོ་མོས"ཡོད་ཡོད།  ཡར་ཤོག་དང"ཟེར་བཞིན་རྩྭ་སོག་བླུགས་པའི་སྒྱེ་མོ་ཞིག་ཕྲག་ཏུ་ཁྱེར་ཏེ།     ལྷས་རའི་ནང་དུ་འཁོར་བའི་མུ་གེས་འཆི་ལ་ཁད་ཀྱི་བཞོན་མ་དག་ལ་རྩྭ་སྦྱིན་དུ་སོང་།        ?ར་རྣམ་གྱིས་སྦྲ་སྒོ་ཅུང་ཕྱེ་ནས་ནང་དུ་བལྟས་པ་ན་ནོར་རྒྱལ་ནི་ད་དུང་ཡང་ཐབ་འགྲམ་ན་ཅི་ཞིག་བསམ་ནས་འདུག  ནོར་རྒྱལ་གྱིས་?ར་རྣམ་སྒོ་འགྲམ་ལ་སླེབས་པ་སྔ་ས་ནས་རྟོགས་ཀྱང་མ་མཐོང་བའི་ཚུལ་དུ་ཡོད་པས།    "ཨ་ཁུ་ནོར་རྒྱལ"?ར་རྣམ་གྱིས་དེ་སྐད་བོས་མ་ཐག་ནོར་རྒྱལ་གྱིས་ཡིད་མ་རངས་པའི་ཚུལ་གྱིས"འོ་ཙི་ཙི།  ངེད་གྲོང་ཚོའི་དབུ་ཁྲིད་ལགས།    ཐག་རིང་ནས་ཕེབས་པས་འོ་བརྒྱལ་ཨེ་བྱུང་།  སྐུ་དོན་ཅི་ཡིན"ཞེས་རང་གི་བུའི་དོན་དུ་ཡོང་བ་ཤེས་བཞིན་དུ་ཁྱིམ་དུའང་མ་བོས་པར་དེ་སྐད་དྲིས།   ?ར་རྣམ་ནི་རྐང་པ་གཅིག་སྦྲ་ཐེམ་གྱི་ཕྱི་རུ་ཡོད་པ་དང་གཅིག་ཤོས་ནང་དུ་སྤོས་ཚར་མོད་ནོར་རྒྱལ་གྱི་ཚིག་ཉམས་ལས་ཁོ་པ་བྱ་དཀའ་བྱེད་གཏད་དུ་ལྷུང་བས།   མཚམས་འདིར་ཁོ་པ་ཕྱི་ནང་གང་དུ་གོམ་པ་སྤོ་དགོས་མིན་མ་ཤེས།    ཁོ་པའི་སེམས་སུ་ནོར་རྒྱལ་ནི་ལྐུགས་པ་ང་རྒྱལ་ཅན་བཅུན་ཁག་ཙམ་དེ་འདྲ་ཡིན་སྟབས་ད་ཐེངས་བསྟུན་མཁས་མ་བྱས་ན་མི་འགྲིག་སྙམ་ནས།   འཛུམ་དམུལ་དམུལ་ངང་།  "ཨ་ཁུ་ནོར་རྒྱལ་ལགས།  བུ་བཀྲ་ཤིས་རྫོང་སྤྱི་བདེ་ཅུད་ཀྱིས་བཀག་ཉར་བྱས་འདུག་པས་ཁྱེད་རང་ངེས་པར་དུ་རྫོང་དུ་སོང་ནས་གནས་ཚུལ་གསལ་པོ་བརྟག་དཔྱད་བྱས་རྗེས་ཕྲུ་གུར་སློབ་གསོ་ཡག་པོ་ཞིག་གྱིས"ཞེས་ཁ་ཏ་བྱས།  

ནོར་རྒྱལ་གྱིས་གློ་ལུ་ཞིག་བྱས་རྗེས།  སངས་རྒྱས་ལ་ཀ་ཁ་སློབ་ཀྱིན་ཨེ་ཡོད།  ང་ཕྲུ་གུའི་ཕ་ཡིན་པས་ཇི་ལྟར་བྱེད་དགོས་མིན་ཁྱོད་ལས་ངས་གསལ་བ་ཤེས་ཀྱི་རེད།  ཁྱོད་?ར་རྣམ་འོ་མ་འཐུང་དུས།  ང་ནོར་རྒྱལ་གྱིས་སྲན་མ་ཧྲོབ་ཧྲོབ་ཟ་ཐུབ་པ་ཡིན།  ཡུལ་འདིར་ཁྱེད་ཀྱི་རྐང་རྗེས་ལས་ངའི་རྐུབ་རྗེས་མང་ལ།  ཁྱོད་ཀྱིས་བཟས་པའི་རྩམ་པ་ལས་ངས་བཟས་པའི་ཚྭ་མང་ཚོད་རེད་ཅེས་སྔར་ནས་གྲ་སྒྲིག་བྱས་པ་ལྟར་ཆུ་རྒྱུགས་རྒྱུགས་བཤད།

   

        རྡོར་རྣམ་གྱི་སེམས་སུ་དོགས་མི་བདེ་བ་ཅུང་བྱུང་ཡང་།    ཁོ་པས་ངང་རྒྱུད་རིང་པོའི་སྒོ་ནས་ཁྱེད་རྫོང་དུ་ཕེབས་ན་ང་དང་མཉམ་དུ་སྦག་སྦག་ལ་བཞོན་ནས་འགྲོ  ཕྱིས་དྲགས་ན་མངག་གཏོང་ཁང་ཡང་ལས་མཚམས་འཇོག་རྒྱུ་རེད་ཅེས་བཤད་པ་ན།    ནོར་རྒྱལ་གྱིས་ངེད་ཞི་སྐྱིད་ཚང་ཟེར་བ།    བཞག་ན་ཞབས་ར་ཡོད་པ་དང་།  འཆང་ན་ལུང་ཡོད་པའི་མི་ཚང་ཞིག་ཡིན།    སྟག་ཤི་ཡང་སྡེར་མོ་མི་སྐམ།    ་ཤི་ཡང་གྲ་ལོ་མི་ཉམས།    ང་ནོར་རྒྱལ་ལྟོགས་ཤི་ཐེབས་སོང་ཟེར་ཡང་ཁྱོད་ཀྱི་སྒོ་ཁར་རྩམ་པ་སློང་རྩིས་མེད།     དེ་བས་ཁྱོད་ཁྱོད་ཀྱི་ལམ་དུ་སོང་ལ།      ང་ང་རང་གི་ལས་ཀ་བྱེད་ཟེར་བཞིན་ཁ་ཡ་གཏན་ནས་མ་བྱས་པས།    ?ར་རྣམ་འུ་ཐུག་སྟེ།    སྦག་སྦག་བཞོན་ནས་ཕྱིར་བལྟས་བྱེད་ཀྱིན་རྫོང་གི་ཕྱོགས་སུ་སོང་།   

  

     དེ་དུས་ཉི་འོད་ཀྱི་ཟེགས་མ་རྩྭ་ཐང་གི་སྒལ་གཞུང་ན་མར་ཁུ་ལྟར་སིམས་ཤིང་།    དེའུ་འབུར་དག་གི་གངས་འཁྱགས་རྣམས་ལྷགས་པས་དེད་པ་དང་ཉི་མས་བཞུར་བ་ལྷན་ཅིག་ཏུ་འཁེལ་བས།    དེའུ་འབུར་དག་ལས་སེར་ཐིང་ཐིང་གི་སྤང་རྩྭ་མིག་ལམ་དུ་མངོན་ཡོང་ནའང་།   སྲིབ་གཤོང་དག་ན་ད་དུང་ཡང་སྐྱ་འཁྱིལ་ལེར་གངས་གསོག་གིས་ཁེངས་ནས་འདུག    སྦྲ་འདབས་ན་ཡོད་པའི་ནོར་ལུག་དག་བཞུར་ཟིན་གངས་འཁྱགས་ཀྱི་ཁྲོད་ནས་ཐོན་པའི་ན་ཁ་དང་སྤེན་མའི་མགོ་ཟ་བཞིན་ཡོད་པས།   དུས་རྒྱུན་སྤང་རྩྭ་ཁོ་ན་བཟའ་རྒྱུར་དགའ་བའི་ནོར་དེ་དག་ད་གཟོད་བཀྲེས་ལྟོགས་ཀྱིས་ཡོངས་སུ་མནར་བ་རྟོགས་ཐུབ།    ནོར་རྒྱལ་གྱིས་བླུགས་ནས་ཡུན་རིང་བཞག་པའི་ཇ་ལས་ཁ་གང་བཏུངས་རྗེས་གྲང་མོར་གྱུར་བ་གཞི་ནས་རྟོགས་པས་གོ་ཐལ་ནང་དུ་བཤོས།     ཁོར་ཧོབ་དེ་དྲན་ཤེས་རྙེད་པ་ལྟར་མྱུར་བར་རྟ་རའི་ཕྱོགས་སུ་བསྐྱོད་ནས་རྟ་རྒན་་ལ་དེར་སྒ་སྲབ་སྤྲས་ཏེ།   རྫོང་དུ་འགྲོ་བའི་སྟ་གོན་ལ་བཞུགས།       ལྷས་མཐའ་ན་གངས་འཁྱགས་རྣམས་རིམ་གྱིས་བཞུར་ཡང་གྲང་བསིལ་བསིལ་གྱི་རླུང་བུ་ཞིག་གིས་ཉི་འོད་ཀྱི་དྲོད་རླབས་ཡོངས་སུ་བཀག་པར་བྱས།    ནོར་རྒྱལ་གྱིས་རྟ་རྒན་བཞོན་ཏེ་རྫོང་མཁར་གྱི་ཕྱོགས་སུ་འགྲོ་བཞིན་ཡོད་ཅིང་།     ཁོང་ཚོའི་ཁྱིམ་ནས་རྫོང་མཁར་གྱི་ཕྱོགས་སུ་འགྲོ་སའི་ལུང་པ་ཕལ་ཆེར་ཁ་བས་སྐྱ་འཁྱིལ་ལེར་གནས་མོད།     རྐང་ལམ་ནག་པོ་ཞིག་གྱ་མ་གྱུར་རྒྱང་རིང་དུ་བསྲིངས་ཡོད་པ་ནི་ཁ་བའི་འཇིག་རྟེན་འདི་ན་དེ་བས་མངོན་གསལ་དུ་གྱུར།     དེ་ནི་ནོར་རྒྱལ་རྫོང་དུ་འགྲོ་བར་ཆེད་དུ་བཟོས་པའི་ལམ་ཁ་དང་འདྲ་ལ།    བྱིས་པ་བསམ་མེད་ཅིག་གིས་ཤོག་དཀར་ཐོག་འཁྱོག་པོར་འཐེན་པའི་ཐིག་དང་ཡང་མཚུངས།      ཁོ་པའི་མགོ་ལ་མནབས་པའི་་ཞྭ་དང་ལུས་ལ་གྱོན་པའི་ཚ་རུ།     འོག་ལ་བཞོན་པའི་རྟ་པོ་བཅས་ལ་བལྟས་ན་ཕོ་གསར་ཞིག་ཚོང་དུ་འགྲོ་བ་དང་དབྱེར་མ་མཆིས་ཀྱང་ཀོང་དུ་བརྡིབས་པའི་མིག་ཟུང་དང་།     དཔྲལ་བར་གསལ་བའི་གཉེར་རིས་ལས་ཁོ་པ་ནི་དཀའ་སྡུག་གི་ལོ་ཟླ་གང་མང་བརྒྱུད་མྱོང་བའི་རྒན་པོ་ཞིག་ཡིན་པ་ཤེས་ཐུབ།    ལྷག་པར་དུ་ཞི་ལྷོད་དང་སྤྲོ་ཉམས་ལྟར་མངོན་པའི་ཁོ་པའི་རྣམ་འགྱུར་དེའི་འོག་ཏུ་ན་ཟུག་དང་ཅི་བྱ་གཏོལ་མེད་དུ་གྱུར་པའི་སེམས་ཀྱི་རྨ་ཁ་མང་དག་སྦས་ཡོད་པ་སུ་ཡིས་རྟོགས།     ཐ་ན་ཁོ་རྫོང་ཐོག་ཏུ་སླེབས་རྗེས་ཅི་ཞིག་བྱ་དགོས་མིན་དང་།    རང་གི་ཕྲུ་གུར་གང་ཞིག་ལབ་དགོས་མིན་གྱི་འཆར་གཞི་ཙམ་ཡང་མེད་པར་འགལ་འདུས་ཁེངས་པའི་སེམས་པ་ཞིག་རུམ་དུ་བཅུག་སྟེ།     ཁ་བས་གཡོགས་པའི་འཇིག་རྟེན་འདིའི་དབུས་ནས་ཇེ་རིང་ནས་ཇེ་ཐུང་དུ་གྱུར་ཏེ་མཐར་མི་མངོན་པར་གྱུར།  

 

 

གཉིས།  

         ནོར་རྒྱལ་ལ་བུ་གསུམ་ཡོད་པ་ཚང་མ་ལོ་བཅུའི་གོང་གྲོང་དཔོན་གྱི་སྐུལ་འདེད་འོག་སློབ་གྲྭར་ཚུད་སོང་བས།    ཁྱིམ་གྱི་ནོར་ལུག་ཡོད་ཚད་ཁོང་རྒད་པོ་ཞིག་གིས་འཚོ་སྐྱོང་མི་བྱེད་ཐབས་མེད་བྱུང་།    བུ་གསུམ་ག་སློབ་སྦྱོང་མི་ལེགས་པས་སློབ་འབྲིང་དགེ་རྒན་གྱིས་རྒད་པོ་རྟག་ཏུ་སློབ་གྲྭར་བོས་མྱོང་བ་དང་།      ཚོགས་འདུའི་ཐོག་སློབ་སྤྱིའི་གཤེ་གཤེ་ཡང་མང་དག་གཟེད་མྱོང་།    

   

         འོན་ཏེ་ཁོ་པའི་བུ་ཆེ་བ་གཉིས་རིམ་གྱིས་སློབ་འབྲིང་ཐར་སོང་བ་དང་།  ད་གཟོད་སློབ་འབྲིང་ལས་ཡིག་རྒྱུགས་མ་འཕྲོད་པར་རེ་རེ་བཞིན་རང་ཡུལ་དུ་ལྡོག་དགོས་བྱུང་།      དེ་ལས་བུ་ཆེ་བ་དང་འབྲིང་བ་གཉིས་སྔ་རྗེས་སུ་གྲོང་ཁྱེར་དུ་སོང་ནས་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་ཞིག་ཐོབ་སྟེ།    ད་གཟོད་གླ་བྱེད་རླངས་འཁོར་སྒུལ་བཞིན་ཡོད་པས་ཕ་མ་གཉིས་དཀའ་སྡུག་ལ་ཆེར་མ་སྦྱར།   

         བུ་ཆུང་ཤོས་དེ་ནི་རིག་རྒོད་ཅིག་ཡིན་པས་སློབ་ཆུང་གི་སྐབས་རྟག་ཏུ་ཡིག་རྒྱུགས་ཨང་དང་པོ་ཤ་སྟག་བླངས།      ལོ་རིམ་དྲུག་པ་ཐོན་པའི་ལོ་དེར་ཁོ་པའི་སློབ་ཐོན་ཡིག་རྒྱུགས་ཀྱི་སྐར་གྲངས་མཐོ་བས།      སློབ་འབྲིང་དུ་འགྲོ་སྐབས་ཁོ་པའི་འཛིན་གྲྭ་ནི་སློབ་གྲྭ་དེའི་ནང་གི་གཙོ་གནད་འཛིན་གྲྭ་ཞིག་ཏུ་འཁེལ།     འཛིན་གྲྭ་དེའི་ནང་གི་སློབ་མ་མང་ཆེ་ཤོས་ལས་བྱེད་པའི་ཕྲུ་གུ་ཡིན་ནའང་ཁོ་པའི་སྦྱངས་འབྲས་འཛིན་གྲྭའི་སློབ་མ་ཡོངས་ཀྱི་ལེགས་གྲས་སུ་སླེབས་པས་ཁོ་པའི་སེམས་ཀྱི་ངར་ཤུགས་དེ་བས་ཇེ་ཆེར་གྱུར།       འོན་ཏེ་མི་སྐྱོན་མེད་འཇིག་རྟེན་ཁམས་ན་མེད།     ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་ཅེས་པ་ལྟར།     ཁོ་པའི་གཙང་སྦྲ་དང་གོམས་གཤིས་ཧ་ཅང་ཞན་པས་སྔ་རྗེས་སུ་འཛིན་གྲྭའི་སྐར་མ་ཐེངས་མང་པོ་འཐེན་པ་དང་།      དེ་ལ་བརྟེན་ནས་འཛིན་གྲྭའི་ཀྲུའུ་རེན་གྱིས་རྟག་ཏུ་ཁོ་པ་མིག་ནང་གི་གྲ་མ་དང་སོ་ནང་གི་སྲིན་དུ་བརྩིས་ནས་གཤེ་གཤེ་ལང་ཤོར་ཁ་ཡི་གླུ་ལྟར་རྫོགས་རྒྱུ་མེད་པ་བཏང་།        མཐོང་ཆུང་དང་ཟུར་ཟ་འདྲེས་པའི་ཚིག་ངན་དེ་དག་གིས་ཁོ་པའི་སྨིན་བཞིན་པའི་སེམས་ཁམས་གྲོ་ནས་ཀྱི་སྙེ་མ་ལྟ་བུ་དེར་ཕོག་ཐུག་སེར་བ་འདྲ་བ་ཞིག་བཏང་བས།      ཐོག་མར་དགེ་རྒན་ནི་རང་གི་ཕ་མ་ལྟར་བརྩི་བའི་གོམས་སྲོལ་ལས་རིམ་གྱིས་དགེ་རྒན་ནི་རང་གི་ཤ་འཁོན་ཡོད་པའི་དགྲ་བོ་ལྟར་དུ་གྱུར་བ་དང་།      ཐོག་མར་སློབ་གྲྭར་ག་དུས་འགྲོ་དགོས་མིན་མཛུབ་རྩིས་རྒྱག་མཁན་ཞིག་ནས་ད་ནི་ངལ་གསོ་ག་དུས་འཇོག་མིན་མཛུབ་རྩེར་བགྲང་མཁན་ཞིག་ཏུ་གྱུར་བ་མ་ཟད།     ཁོ་པའི་སློབ་གྲྭར་འགྲོ་འདོད་ཀྱི་འདུན་པ་འགག་ཅིང་སློབ་སྦྱོང་གི་དྭངས་ཞེན་ཉམས་ལ།     སྦྱངས་འབྲས་དང་ཀུན་སྤྱོད་གཉིས་ཀ་ཇེ་ཞན་ནས་ཇེ་ཞན་དུ་སོང་སྟེ།      མཐར་སློབ་འབྲིང་ལོ་རིམ་གསུམ་པའི་སྐབས་ཁོ་པའི་སྦྱངས་འབྲས་དང་སྤྱོད་པ་གཉིས་ཀ་འཛིན་གྲྭའི་སློབ་མ་ཡོངས་ཀྱི་མཐའ་གྲས་སུ་གྱུར།      དེ་དུས་ཁོ་པ་སློབ་བྱོལ་བྱེད་མང་བས་ལོ་རིམ་རང་འཇགས་འཇོག་རྩིས་ཐེངས་མང་བྱས་པ་དང་།     ནོར་རྒྱལ་ཡང་ཐེངས་བཅུ་སློབ་གྲྭར་བོས་ནས་ཕྲུ་གུར་སློབ་གསོ་ལེགས་པོ་ཞིག་བྱེད་དགོས་ཚུལ་བརྗོད།       ལམ་ཐག་རིང་ལ་འགྲོ་ལམ་མི་བདེ་བའི་འབྲོག་པ་ཞིག་གི་ངོས་ནས་བརྗོད་ན་ཐེངས་གཅིག་རྫོང་ཐོག་ཏུ་འགྲོ་བར་ཡང་དཀའ་ཚེགས་ཧ་ཅང་ཆེ།      ལྷག་པར་དུ་ནོར་རྒྱལ་གྱིས་འཕྲུལ་འཁོར་བསྐོར་མི་ཤེས་པས་ཁོ་པ་རྫོང་ཐོག་ཏུ་འགྲོ་དགོས་ན་རྟ་བཞོན་ནས་སྤྱི་ལེ་དྲུག་ཅུ་ཙམ་འགྲོ་དགོས་སྟབས།      ཁྱིམ་ནས་ཇི་འདྲའི་སྔ་པོ་ཞིག་ཐོན་ནའང་རྫོང་དུ་སོང་ནས་དོན་གོ་གཅོད་དགོས་ན་ཉིན་གཅིག་གིས་འཁོར་ཐབས་གཏན་ནས་མེད།      དེ་ལས་ཀྱང་རྙོག་གྲ་ཆེ་བ་ཞིག་ནི་ཁོ་པའི་ཁྱིམ་དུ་ཁོང་བཟའ་ཚོ་གཉིས་ལས་མེད་པས་ནོར་རྒྱལ་ཁྱིམ་དུ་མ་འཁོར་ཚེ།    ནོར་ལུག་རྣམས་ཁ་ཚང་དུ་ལྷས་རྭར་བསྡུ་མི་ཐུབ་པ་ཡིན།     ནོར་རྒྱལ་སློབ་གྲྭར་འབོད་མང་བའི་དཔྱིད་དུས་དེ་ནི་ནོར་ཕྱུགས་རྣམས་བེའུ་བཙའ་བའི་དུས་ཡིན་གཤིས།      འབྲོག་པ་ཚོ་བྲེལ་ཟིང་ཆེ་ཤོས་ཀྱི་སྐབས་དང་འཁེལ་བས།     དེ་དུས་ཁོང་ཚང་གི་བེའུ་གསུམ་དང་འབྲི་སྐམ་གཅིག    ཡ་རུ་གཉིས་ལུག་བཅུ་གྲངས་ཤིག་བཅས་སྤྱང་བཟས་པ་ནི་འབྲོག་ཁྱིམ་ཕལ་པ་ཞིག་གི་ངོས་ནས་བརྗོད་ན་གྱོང་གུད་མཁར་མི་གཤོང་བ་ཞིག་ཡིན་པ་སྨོས་ཅི་དགོས།      དེ་ལ་བརྟེན་ནས་ནོར་རྒྱལ་གྱིས་བཀྲ་ཤིས་ལ་འཁང་ར་སྣ་ཚོགས་བྱས་པ་མ་ཟད།     མཐར་ལོ་རིམ་གསུམ་པའི་སློབ་མཇུག་ལ་སླེབས་སྐབས་ནོར་རྒྱལ་གྱིས་ཁོ་པ་སློབ་གྲྭ་ལས་ཁྲིད་འོངས་པ་རེད།     དེ་ནི་བཀྲ་ཤིས་ཀྱིས་སློབ་སྦྱོང་ཡག་པོ་མ་བྱས་སྟབས་རྒད་པོ་འུ་ཐུག་པ་ལྟར་དུ་སྣང་ཡང་།       དོན་དུ་ནོར་རྒྱལ་གྱིས་སྔ་མོ་ནས་བཀྲ་ཤིས་སློབ་གྲྭར་གཏོང་འདོད་མི་བྱེད་ལ།     བཀྲ་ཤིས་མུ་མཐུད་སློབ་གྲྭར་སོང་ན་ཁོ་པའི་ཁྱིམ་རྒྱུད་འཛིན་མཁན་མེད་པར་སེམས་ཁྲལ་བྱེད་བཞིན་ཡོད།      ད་ཐེངས་བཀྲ་ཤིས་ཀྱིས་སློབ་བྱོལ་བྱས་པ་དང་སྦྱངས་འབྲས་མི་ལེགས་ཤིང་སློབ་གྲྭར་ཡང་འགྲོ་འདོད་མི་བྱེད་པ་དེ་ནི་ནོར་རྒྱལ་གྱི་འདོད་ཐོག་ལ་རྟ་བཞིན་རྒྱུགས་པས་རྒས་པོའི་སེམས་ནང་དགའ་བ་དཔག་མེད་བྱུང་ཡང་བཀྲ་ཤིས་དང་བཟའ་མོའི་མདུན་ན་དེ་དག་ཆེར་མ་མངོན་པར་གནས།        བཀྲ་ཤིས་ཡུལ་དུ་སླེབས་ཀྱང་རྒད་པོའི་རེ་བ་ལྟར་ཟོག་རྫིར་མ་སོང་བར་རྟག་ཏུ་རྫོང་ཐོག་ཏུ་སོང་ནས་དྲྭ་ཁང་དང་ཇ་ཁང་སོགས་མྱུལ་ནས་སྡོད་པས་རྒད་པོས་བཀྲ་ཤིས་ལ་འཇམ་རྩུབ་ཀྱི་ཁ་ཏ་ཅི་ཞིག་བྱས་ཀྱང་ཕན་པ་ཆེར་མ་ཐོན།     བཀྲ་ཤིས་སློབ་གྲྭ་ནས་བཤོལ་ཏེ་ལོ་བཞི་སོང་བའི་སྐབས་ནོར་རྒྱལ་གྱིས་བཀྲ་ཤིས་གྱི་བློ་སེམས་བསྡུ་ཕྱིར་དང་།     ཁྱིམ་གྱི་ཤུལ་འཛིན་ཆེད་ཡུལ་དེའི་བུ་མོ་ཞིག་མནའ་མར་བླངས་པས་དེས་བཀྲ་ཤིས་ཀྱི་སེམས་པ་ལྕགས་ལ་བཏགས་པའི་ཁྱི་རྒན་བཞིན་རེ་ཞིག་འཁོར་བའི་ཆིངས་ཐག་ལྟ་བུའི་གཟུགས་མེད་ཀྱི་ལྕགས་ཐག་ལས་མ་ཐར།     དེ་དུས་ཡུལ་མིའི་ཁྲོད་བཀྲ་ཤིས་ཁུག་འདུག་ཟེར་བཞིན་བསྟོད་བསྔགས་བྱེད་མཁན་ཡང་མང་དག་བྱུང་བ་དང་།      རིམ་གྱིས་བཀྲ་ཤིས་རྫོང་ཐོག་ཏུ་དོན་མེད་མྱུལ་མཁན་ནས་ཟོག་རྫིར་འགྲོ་མཁན་ཞིག་ཏུ་གྱུར།

 

        མི་རིང་བར་བུ་མོ་ཞིག་ཀྱང་ཁོང་གཉིས་ཀྱི་བུ་སྐལ་ཕྱིར་མི་ཡུལ་དུ་འབྱོར་བས།      ནོར་རྒྱལ་གྱི་ངོས་ནས་བརྗོད་ན་དེ་ནི་ཕྲུ་གུ་སློབ་གྲྭ་ཐོན་ནས་ལས་བྱེད་པར་གྱུར་བ་ལས་ལྡབ་འགྱུར་གྱིས་སྤྲོ་བ་སྐྱེ་འོས་པའི་དོན་ཆེན་ཞིག་སྟེ།     ཁོ་པའི་སེམས་ནང་ནོར་ལུག་གི་མང་ཉུང་ནི་བདེ་སྐྱིད་ཀྱི་ཆེ་ཆུང་དང་གནས་བབ་ཀྱི་མཐོ་དམན་དུ་ངོས་འཛིན་གྱིན་ཡོད་ལ།      ལྷག་པར་དུ་ད་ཐེངས་རང་ཉིད་ལ་ཚ་མོ་ཞིག་ལས་མ་བྱུང་ཡང་ཁོའི་སེམས་སུ་ད་ནི་རང་ཉིད་ཁྱིམ་འདིའི་མེས་པོ་འདང་ཆེན་ཞིག་ཡིན་པའི་སྣང་བ་འགོག་མེད་དུ་སྐྱེས།  

   

        བཀྲ་ཤིས་ཐོག་མར་ཟོག་རྫིར་འགྲོ་སྐབས་ཁོའི་སེམས་སུ་སློབ་གྲྭའི་ལས་བྱ་ཚར་རྒྱུ་མེད་པ་དག་དང་དགེ་རྒན་གྱི་གཤེ་གཤེ་རྫོགས་རྒྱུ་མེད་པ་རྣམས་དང་བསྡུར་ན་ནོར་ལུག་གི་རྫི་བོར་འགྲོ་རྒྱུ་ནི་ཧ་ཅང་ལས་སླ་བ་ཞིག་རེད།       བསམ་ཤེས་མེད་པའི་ཟོག་འདི་དག་རང་གིས་ཇི་ལྟར་བཀོལ་སྤྱོད་བྱས་ཀྱང་ཁོང་ཚོས་སྡུག་ཡུས་སྐྲ་ཉག་ཙམ་འདྲེན་མི་ཤེས།       དེ་བས་རང་ཉིད་གང་དགའ་གང་འདོད་བྱེད་ཀྱིན་རི་རྩེ་རུ་རྫི་གླུ་གང་སྙན་ལེན་པ་ནི་སེམས་ཀྱི་ལོངས་སྤྱོད་ཁྱད་དུ་འཕགས་པ་ཞིག་དང་རང་དབང་གི་ཚད་གཞི་བླ་ན་མེད་པ་ཞིག་རེད་སྙམ་བཞིན་སྙམ་ནས་ཡིད་ཧ་ཅང་ཚིམ་གྱིན་ཡོད།    སློབ་གྲྭ་ལས་བཤོལ་རྗེས་ཀྱི་ལོ་ཁ་ཤས་རིང་ཇ་ཁང་དང་ཆང་ཁང་དུ་དུས་ཚོད་བསྐྱལ་བར་ཡང་སྙིང་པོ་ཅི་ཡོད་སྙམ་སྟེ་འགྱོད་པ་རུས་གཏིང་ནས་སྐྱེས་པས་ད་ནས་བཟུང་ཁྱིམ་འདིའི་ནོར་ལུགས་རྣམས་འཕེལ་རྒྱས་གཏོང་རྒྱུའི་ཆོད་སེམས་བརྟན་པོ་བཙུགས།       འོན་ཏེ།     ཟོག་རྫིར་འགྲོ་རྒྱུ་ནི་ཉིན་གཅིག་གཉིས་ཙམ་གྱི་བྱ་བའམ་བྱིས་པའི་རྩེད་མོ་ཞིག་དང་མི་འདྲ་བར་དུས་བཞིའི་རང་བྱུང་གི་གདུག་རྩུབ་ཁྲོད་ཕྱུགས་ཟོག་རྣམས་ཉིན་གཅིག་ལྟར་རྩྭ་ཆུ་མ་ཆད་ཅིང་གོད་ཆགས་མ་ཤོར་བར་སྐྱོངས་དགོས་པས།    ངང་རྒྱུད་རིང་བའི་མི་ཞིག་མ་ཡིན་ཕྱིར་ཕོ་གསར་གྱི་གནས་སྐབས་ཀྱི་ངར་གཏམ་གྱིས་རྔོ་ཅི་ལ་ཐོགས།        རིམ་གྱིས་རི་མགོའི་གྲང་ངར་དང་ལྷགས་རླུང་གིས་ཁོ་པའི་མཆུ་འདབ་གས་ཤིང་ལག་ཟུང་རྩུབ་ཧྲེག་ཏུ་གྱུར་ལ།    དབེན་འཇགས་ཁུ་སིམ་གྱི་ཁོར་ཡུག་གིས་ཁོ་ལ་ཁེར་རྐྱང་གི་སྐྱོ་གདུང་སྣ་ཚོགས་སྐྱེ་བར་བྱས་པས།     ད་གཟོད་ཁོ་པའི་སེམས་སུ་ཕྱུགས་འཚོ་བ་ནི་སྐྱིད་ཉམས་དེ་འདྲ་ཞིག་མ་ཡིན་པའི་མྱོང་ཚོར་ཟབ་མོ་རྙེད།      ངོ་མ་རང་གཤིས་ནི་དེ་ལྟར་ལས་སླ་པོར་བསྒྱུར་དུ་གཏུབ་པ་ཞིག་ག་ལ་ཡིན།     དེ་དུས་ཁོའི་སེམས་སུ་སླར་ཡང་ཁུག་ཅིང་འུར་ཟིང་ཆེ་བའི་གྲོང་གི་མཛེས་པ་རྣམས་དང་།     དེ་གའི་ཇ་ཁང་དང་ཆང་ཁང་སོགས་རིམ་གྱིས་དྲན་འོངས་ཤིང་།      རང་ཉིད་ཀྱི་བཟའ་མོའང་ཉིན་རེ་བཞིན་ཇེ་ངན་ཇེ་ཉེས་སུ་འགྲོ་བའི་སྣང་བ་ཞིག་འགོག་མེད་དུ་ཤར་འོངས།     ལྷག་པར་དུ་ཉིན་ཞིག་ཁོ་ནོར་རྫིར་འགྲོ་སྐབས་རང་ཉིད་ཀྱི་སློབ་གྲོགས་ག་གེ་མོ་སློབ་གྲྭ་ཐོན་ཏེ་ཡུལ་དེའི་སློབ་ཆུང་དགེ་རྒན་དུ་མངགས་པ་གོ་ཐོས་བྱུང་བས།     ཁོ་པར་རྟས་མི་ཟིན་པའི་གནོང་འགྱོད་ཆེན་པོ་ཞིག་སྐྱེས་ཤིང་།    རང་ཉིད་ནི་གྲོང་ཁྱེར་དེ་དག་དང་ལྷག་པར་དུ་འདང་ཞེན་ཆེ་བའི་སློབ་གྲོགས་རྣམས་དང་བཙན་གྱིས་ཁ་བྲལ་བཏང་བའི་ཚོར་སྣང་སྐྱུར་མོ་ཞིག་གིས་ཁོ་པའི་རྐང་མཐིལ་ནས་མགོ་རྩེ་བར་འདར་འགུལ་བྱས།     དེ་ནུབ་ནོར་རྣམས་ཁྱིམ་དུ་ཕབ་རྗེས་ཁོས་ཕ་རྒན་ལ།    རང་ཉིད་རྫོང་དུ་འགྲོ་འདོད་པའི་སྐོར་བཤད་པ་ན།    ཕ་རྒན་གྱིས་མཛུམ་མདངས་སྟོན་བཞིན"ཡིན་དང་ཡིན།     ཁྱོད་ལོ་གཉིས་ཙམ་རིང་ཟོག་རྫི་ཁོ་ནར་སོང་བས།    སང་ཉིན་རྫོང་ཐོག་ལ་བག་ཡངས་ཤིག་བྱོས།     ངས་ཟོག་རྫིར་འགྲོའོ"ཞེས་ཁོ་པ་རྫོང་དུ་འགྲོ་རྒྱུར་ཁས་བླངས།    

 

        དེ་ནུབ་ཁོ་པ་གཉིད་གཏན་ནས་མ་ཁུག་པར་ཡུན་རིང་ལུས་ཤིང་།    ཁོ་པས་རང་ཉིད་སློབ་གྲྭར་འགྲོ་སྐབས་ཀྱི་གནས་ཚུལ་ལ་བསམ་བློ་གཏན་ནས་མ་བཏང་བར་ཨུ་ཚུགས་ཀྱིས་མིག་བཙུམས་ནས་གཉིད་དུ་རོལ་བར་བརྩམས་ཀྱང་།        སློབ་འབྲིང་སྐབས་ཀྱི་གནས་ཚུལ་མང་དག་ཅིག་ཁོའི་ཀླད་པ་དང་སེམས་པའི་ནང་བཙན་ཤེད་ཀྱིས་འཛིངས་ཤིང་འཛུལ་འོངས།

          ཁོའི་སེམས་སུ་གལ་ཏེ་སློབ་སྦྱོང་ཡག་པོ་བྱས་ནས་སློབ་གྲྭ་ཐོན་ཚེ་གྲོང་ཁྱེར་ནང་དུ་འཚོ་བ་བསྐྱལ་ཐུབ་རྒྱུ་ཡིན་ལ……  དེ་ལྟར་བསམ་པའི་མོད་ལ།      ཆུང་མས།    ཁྱོད་ད་དུང་མ་གཉིད་པ་ཅི་ཡིན་ཞེས་བཤད་ནས་ཨ་སློག་གཅིག་བརྒྱབ་པ་ན་ད་གཟོད་ཁོའི་སྟོང་བསམ་གྱི་རྒྱུན་ཆད་པས་ཁོས་དབུགས་རིང་ཞིག་འབྱིན་པ་ལས་ལན་གང་ཡང་མ་བཏབ།     ཆུང་མའི་ངོས་ནས་བརྗོད་ན་ཁོའི་དབུགས་རིང་ནི་རྟོགས་དཀའ་བའི་བསྡུས་བརྗོད་སྙན་ངག་ཅིག་དང་འདྲ་བས་དེའི་ནང་དོན་རྣམས་ཇི་བཞིན་རྟོགས་པའི་ནུས་པ་བྲལ་ནའང་ཁོ་པས་དོན་ཞིག་ལ་ཞིབ་འདང་བྱེད་ཀྱིན་ཡོད་པ་ཚོད་དཔག་ཐིག་ནས།    "ད་བསམ་བློ་བཏང་ནས་མ་སྡོད།    སྔ་ཙམ་ཉོལ"ཞེས་བསྐྱར་དུ་བཤད།      བཀྲ་ཤིས་ཀྱི་དབུགས་རིང་དེའི་ནང་དུ་ཁོ་པས་ད་ལྟའི་འཚོ་བར་ཞེན་པ་ལོག་པའི་སྣང་བ་དང་།    སྔར་གྱི་དུས་ན་སློབ་སྦྱོང་ལེགས་པོ་མ་བྱས་པའི་འགྱོད་སེམས།    ལྷག་པར་དུ་ཕ་མ་དང་དགེ་རྒན་གྱིས་རང་ཉིད་ཀྱི་ཕུགས་འདུན་ལ་བསམ་བློ་ཡེ་ནས་མ་བཏང་བའི་ཁོང་ཁྲོ་བཅས་ཚུད་ཡོད་མོད།     དབུགས་རིང་གཅིག་གིས་ཁོ་པའི་སེམས་ཀྱི་སྡུག་བསྔལ་རྣམས་ལྷག་མེད་དུ་བཅོམ་ཅི་ལ་ནུས།

  

         དབུགས་རིང་དང་སྔུར་པའི་ཀློང་རིམ་ནས་ཁོ་པ་ཉི་འོད་ཀྱིས་གསེར་མདངས་འཕྲོ་བའི་སློབ་ཆུང་ཞིག་གི་ནང་དུ་སླེབས།     དེ་གར་མགོ་སྐྲ་འཕྱིངས་ཤིང་སྣབས་རྟུག་ལུག་པའི་བྱིས་པ་མང་པོས་རྒན་ལགས་ཞེས་ཁོའི་གཡས་གཡོན་ནས་བསྐོར་ཅིང་ཡོད་ལ།      ཁོ་པ་ནི་དེ་དག་གི་དབུས་ན་གཟི་བརྗིད་ཀྱི་མགོ་བོ་གཟེངས་སུ་བཏེགས་ཏེ་སྐད་ཡིག་སློབ་ཁྲིད་བྱེད་བཞིན་མཆིས་པ་ན།    གློ་བུར་དུ་ཁྱིམ་བདག་ཅིག་སློབ་ཁང་དུ་འཛུལ་ཏེ་སློབ་མ་ཞིག་བཙན་གྱིས་ཕྱིར་ཁྲིད་རྩིས་བྱས།     ཁྱིམ་བདག་དེས"འགྲོ།      ཁྱོད་འདི་ལྟར་ཡི་གེ་སྦྱངས་ནས་བསྡད་ན་ངེད་ཚང་གི་ནོར་ལུག་སུ་ཡིས་འཚོ།" ཞེས་ཤོད་བཞིན་དུ་སློབ་མ་དག་བཙན་གྱིས་ཕྱིར་ཁྲིད།     ཁོ་པའི་སེམས་སུ་ཁྱིམ་བདག་དེར་སློབ་སྦྱོང་བྱས་ན་མདུན་ལམ་བཟང་བའི་སྐོར་འགྲེལ་པ་ཞིག་བྱས་ན་དགའ་སྙམ་སྟེ།    དེ་མུར་ཁྱིམ་བདག་དེའི་རྗེས་བསྙེགས་ནས་སློབ་ཁང་གི་སྒོ་ཕྱིར་ཐོན།    སྒོ་ཕྱིར་སླེབས་པ་ན་ཕྲུ་གུ་དེ་ས་ཐོག་ཏུ་དགྱེལ་ནས་ངུ་བཞིན་ཡོད་ལ་དེའི་གམ་ན་ཁོའི་ཨ་མ་ཡིན་ནམ་ཅི་ཡིན་མི་ཤེས་པའི་བུད་མེད་དར་མ་ཞིག་གིས"ལོ་ལོ་མ་ངུ……ལོ་ཞེས་ངུ་ཁ་གསོ་བཞིན་ཡོད་པ་ལས་ད་གིན་གྱི་ཁྱིམ་བདག་དེ་གར་སོང་ཆ་མེད་དུ་ཆས་ཟིན་འདུག    ཁོ་པས་ནུས་ཤུགས་ཡོད་རྒུས་སྐད་ཆ་ཅི་ཞིག་ཤོད་རྩིས་བྱེད་སྐབས་ད་གཟོད་ཁོ་པ་རང་ཁྱིམ་གྱི་མལ་ཁྲིའི་སྟེང་ཉལ་ནས་ཡོད་པ་ཚོར།      ཁོ་པའི་མལ་འགྲམ་ན་རང་གི་ཆུང་མས་ངུ་བཞིན་པའི་བུ་མོར་ལག་པས་དལ་བུར་རྡེག་ཀྱིན"ལོ་ལོ་མ་ངུ་ལོ་ལོ་མ་ངུ"ཞེས་ངུ་ཁ་གསོ་བཞིན་ཡོད་པས།    ད་གཟོད་མིག་མདུན་ན་ཡོད་པའི་དོན་དངོས་འདི་དག་གིས།      རང་ཉིད་དང་འབྲོག་པ་ཞེས་པའི་ཐ་སྙད་དེ་ཨུ་ཚུགས་ཀྱིས་གཅིག་ཏུ་བསྲེས་པའི་སྣང་བ་སྐྱེས་ཤིང་།       ངུ་བཞིན་པའི་ཕྲུ་གུའི་གམ་ན་ཡོད་པའི་བཟའ་ཟླས་རང་ཉིད་འབྲོག་ཁྱིམ་འདིའི་ཨ་ཕ་ཞིག་ལ་གྱུར་ཟིན་པ་ལས་སློབ་མ་འམ་ལས་བྱེད་པ་གང་རུང་ཞིག་མ་ཡིན་པའི་ར་སྤྲོད་གང་ལེགས་བྱས།       དེ་དུས་ནམ་གསལ་ནས་ཡོད་པར་ཁོ་ཡང་ཆུང་མ་དང་འདྲ་བར་སྔ་པོར་ལངས་ཏེ་སྒོ་ཕྱུགས་རྣམས་རྩྭ་སར་བསྐྱལ་རྗེས།     ཞོགས་ཇའང་འཐུང་ཁོམ་མེད་པར་སྦག་སྦག་བཞོན་ནས་རྫོང་དུ་སོང་།      རྫོང་ཐོག་ནས་ཁོ་པའི་སློབ་གྲོགས་གཉིས་སྔ་རྗེས་སུ་ཕྲད་པ་དང་།     ཁོང་ཚོ་ཇ་ཁང་ཞིག་ཏུ་འཛོམས་ནས་ཁ་བརྡ་མང་ཙམ་བྱས་རྗེས་དེ་སྔོན་ཁོང་ཚོའི་སློབ་གྲོགས་ཕལ་ཆེ་བ་ད་གཟོད་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་བ་དང་།     མུ་མཐུད་སློབ་གྲྭར་མ་སོང་བའི་སློབ་མ་བཅུ་ཙམ་ཡོད་པ་ལས།     གསུམ་བཞི་ཙམ་འབྲོག་ལས་བྱེད་བཞིན་པ་ཕུད་གཞན་རྣམས་ཚོང་ཙག་ཙིག་འགའ་རྒྱག་བཞིན་ཡོད་པ་དང་།    དེ་ལས་གཉིས་ནི་སྦྱིན་བདག་ཆེན་པོ་ཞིག་ལ་གྱུར་ཟིན་པ་སོགས་དེ་སྔའི་སློབ་འབྲིང་སློབ་གྲོགས་རྣམས་ཀྱི་གནས་ཚུལ་ཕལ་ཆེར་ཤེས་རྟོགས་ཐུབ།       སློབ་མ་དེ་གཉིས་ཀྱི་བཤད་པའི་གཏམ་བདེན་རྫུན་ཅི་ཡིན་འཆད་དཀའ་ནའང་།      དེས་བཀྲ་ཤིས་ཀྱི་ཆར་སྤྲིན་ལྟར་འཁྲུག་པའི་སེམས་པ་ལ་ཡིད་སྨོན་དང་རེ་ལྟོས་ཀྱི་འཇའ་འོད་ཡོངས་སུ་འཁྲིགས་པར་བྱས།       བཀྲ་ཤིས་ཀྱི་ངོས་ནས་བརྗོད་ན་ལོ་དེ་དག་རིང་འདི་ཡིན་ཟེར་བའི་གྲུབ་འབྲས་ཤིག་སྟོན་རྒྱུ་མེད་པས་ཁོའི་སེམས་སུ་ནམ་ཞིག་སློབ་གྲོགས་གཞན་རྣམས་ཕྲད་ན།   ཁོང་རྣམས་ཀྱི་མདུན་ན་གདོང་པ་ཇི་ལྟར་སྟོན་སྙམ་པ་དང་།     ཡང་ཁོང་རྣམས་དང་ཐོག་མར་དཔུང་པ་བརྡར་ནས་འགྲོ་ཐུབ་མཁན་གྱི་ང་ད་ཆ་ཁོང་ཚོའི་མདུན་ན་གཉའ་སྒུར་ནས་འགྲོ་དགོས་པ་བཟོ་མཁན་ནི་དགེ་རྒན་དང་ཨ་ཕ་ཡིན་སྙམ་ནས་ཁོང་ཁྲོའི་མེ་ལྕེ་ཞེ་ནས་མཆེད་ནའང་།      རང་ཉིད་ད་དུང་ལོ་ན་གཞོན་པས་རིག་པ་བསྒྲིམས་ན་རྒྱུ་ནོར་དང་དབང་གྲགས་གསོག་རྒྱུའི་གོ་སྐབས་ལོས་ཡོད་སྙམ་བཞིན་རང་ཉིད་ཀྱི་འགལ་འདུར་གྱུར་བའི་སེམས་པ་ལ་གུ་ཡངས་ཀྱི་གོ་སྐབས་ཐེངས་མང་བཙལ།

   

        དེ་ནས་བཟུང་བཀྲ་ཤིས་རྫོང་ཐོག་ཏུ་འགྲོ་ཇེ་མང་དུ་སོང་ཞིང་།     ཁོ་པ་རྫོང་ཐོག་ཏུ་འགྲོ་དོན་ནི་རྒྱུ་ནོར་གསོག་རྒྱུའི་གོ་སྐབས་ཅི་ཞིག་ཡོད་མིན་འཚོལ་བཤེར་བྱེད་པ་སྟེ་སྦྱིན་བདག་ཅེས་པའི་ཐ་སྙད་དེར་འགྲམ་ཆུ་རབ་ཏུ་ལྡང་བས་ཡིན།      དེ་ལྟར་ཟླ་བ་གཉིས་ཙམ་འདས་པ་ན་ཚོང་པ་ཡིན་ཟེར་མཁན་དང་སྦྱིན་བདག་ཡིན་ཟེར་མཁན་གྱི་མི་མང་པོ་ཞིག་དང་སྔ་རྗེས་སུ་འབྲེལ་འདྲིས་བྱུང་ཞིང་དེ་རྣམས་ལས་མང་ཆེ་བ་ནི་ཆང་ཁང་དང་སྦག་ཁང་སོགས་སུ་འགྲོ་རྒྱུར་དགའ་བས་རིམ་བཞིན་ཁོའང་ཉིན་མོ་སྦག་ཁང་དང་མཚན་མོ་ཆང་ཁང་དུ་འགྲོ་རྒྱུ་གོམས་འདྲིས་སུ་གྱུར།     ཁོ་པས་ངོ་ཤེས་པ་དེ་དག་ཁྲོད་སྦྱིན་བདག་རེ་གཉིས་ནི་སྔོན་མ་རྒྱན་པོ་བཀྱེད་ནས་མ་རྩ་བཙུགས་པ་རེད་ཟེར་བ་གོ་ཐོས་བྱུང་བས།    ཁོ་པས་རྒྱན་པོ་འགྱེད་པའམ་ཡང་ན་ཚོང་ལས་ཀྱི་ཐབས་ལམ་བརྒྱུད་ནས།     སྦྱིན་བདག་ཅེས་པའི་ཐ་སྙད་དེ་དང་རང་ཉིད་ཀྱི་འབྲེལ་ལམ་གཉིས།      ཡུལ་མི་དང་སློབ་གྲོགས་ཚོའི་འདུ་ཤེས་ཀྱི་ངོས་སུ་ཕན་ཚུན་ངོ་སྤྲོད་རྒྱུ་ནི་ཁོ་པའི་སེམས་གཏིང་གི་དམིགས་པ་རུ་གྱུར་ཡང་།      ཁོ་ལ་ཚོང་ལས་གཉེར་བའི་སྒེར་དངུལ་དེ་འདྲ་མེད་ཁར་ཕ་རྒན་གྱིས་ཀྱང་སྒོ་ཕྱུགས་སྲོག་ལྟར་སྲུང་བས་ཚོང་ལས་གཉེར་བའི་རེ་བ་དེ་རེ་ཞིག་གྲུབ་ཐབས་བྲལ།      དེས་ན་ཁོས་སྔོན་ལ་རྒྱན་པོ་ཅུང་ཟད་བཙུགས་ནས་མ་རྩ་འདང་ངེས་ཤིག་བསགས་རྗེས་གཞི་ནས་ཚོང་ལས་གཉེར་བའི་ཐབས་བཀོད་དེ་སེམས་ལ་ཤར།     དེ་དུས་བཀྲ་ཤིས་ཁྱིམ་དུ་ལོག་ཚད་ཇེ་ཉུང་དུ་སོང་བ་དང་ནོར་རྫིར་འགྲོ་ཚད་ཡང་ཇེ་ཉུང་དུ་སོང་བ་མ་ཟད།     སྐབས་རེ་ཁྱིམ་དུ་ལོག་ཀྱང་ཅི་ཞིག་ལ་བསམ་གཞིག་བྱེད་ཀྱིན་འདུག་པ་ལས་སྔོན་མ་ལྟར་ཕ་མའི་གམ་ན་སོང་སོང་བསྡད་བསྡད་ཀྱི་གཏམ་རྒྱུད་མི་གླེང་ལ།     བྱས་བྱས་འཇོན་འཇོན་གྱི་ཁ་གཏམ་མི་གཡུགས་ཤིང་།      ཆུང་མའི་གམ་ན་མ་འོངས་ཀྱི་ཕུགས་བསམ་མི་གླེང་ལ།       བརྩེ་དུང་གི་མངར་ཁའང་མི་སྦྱིན་པར་རྟག་ཏུ་ངོ་ནག་རོག་གེར་སྡོད་པས་ཆུང་མའི་མེ་རླབས་ལྟར་འབར་བའི་བརྩེ་དུང་དང་ཁོ་པར་བཅངས་པའི་རེ་ལྟོས་རྣམས་རིམ་གྱིས་ཞི་བར་བྱས།      དེ་ལྟར་ལོ་ཕྱེད་ཙམ་འདས་པ་ན་ཡུལ་དེའི་མི་རྣམས་ཀྱི་ཁྲོད་དུའང་བཀྲ་ཤིས་ཀྱིས་ཕྱི་རོལ་དུ་དངུལ་བུན་མང་པོ་གཡར་ཡོད་པའི་གཏམ་ངན་ཞིག་བྱ་སྤུ་རླུང་གིས་ཁྱེར་བ་ལྟར་ཞི་སྐྱིད་ཚང་གི་ནང་མི་ཚང་མའི་རྣ་ལམ་དུ་བསྐྱལ།      དེ་དུས་ཁོའི་བུ་མོ་ལོ་གཉིས་ལ་སླེབས་ཡོད་ཅིང་ཨ་ཕ་དང་ཨ་མ་སོགས་སྐད་ཆ་གཅིག་གཉིས་ལས་ཤོད་ཐུབ་ཀྱིན་མེད་མོད།     བཀྲ་ཤིས་ཀྱི་ཆུང་མས་རང་གི་རེ་བཅོལ་གྱི་སྙིང་ཆུང་གཏད་སའི་ཟླ་བོས་དེ་ལྟ་བུའི་འགན་འཁྲི་དང་འདུ་ཤེས་མེད་པའི་བྱ་སྤྱོད་བརྩམས་པ་ལ་ཡིད་མུག་སྟེ་ཁ་རོག་གེར་བུ་མོ་ཁྲིད་ནས་རང་ཁྱིམ་དུ་ལོག    བཀྲ་ཤིས་ཀྱིས་རང་གི་ཆུང་མ་ཕྱིར་ལྡོག་པ་དང་བུ་མོ་ཁྲིད་སོང་བར་སེམས་ཆགས་གཏན་ནས་མི་བྱེད་ཅིང་ཁོའི་སེམས་ཁྲལ་བྱེད་ས་གཙོ་བོ་ནི་ཇི་ལྟར་བྱས་ནས་རྒྱུ་ནོར་རམ་ཅི་ཞིག་གི་སྐས་འཛེགས་ལ་བརྟེན་ནས་རང་ཉིད་སློབ་གྲོགས་ཚོའི་རྐུབ་གྲལ་ཟིན་པའམ་ཡང་ན་ཁོང་ཚོ་ལས་ལྷག་པ་བྱ་རྒྱུ་དེ་རེད།       དེ་ལྟར་མ་བྱུང་ཚེ་རང་ཉིད་ནི་རང་གི་བླ་འཚོང་མཁན་དུ་གྱུར་བ་ཡིན་པས་དེ་ལས་ངོ་གནོང་བ་དང་ཡིད་གསོད་པ་ཞིག་སྲིད་ན་ཨེ་ཡོད་སྙམ།       ཁོ་པ་དུས་རྒྱུན་བཞིན་རྫོང་ཐོག་ཏུ་འགྲོ་བ་དང་ལན་རེར་རྫོང་དུ་སོང་ནས་ཟླ་ཕྱེད་ཙམ་ཁྱིམ་དུ་མི་ལོག་པ་མ་ཟད།     རྒན་རྒོན་གཉིས་ཀྱིས་ཁ་ཏ་ཅི་ཞིག་བྱས་ཀྱང་ཁོ་པས་མདུན་དུ"འོ་འོ"ཞེས་སྨྲ་ཡང་རྒྱབ་ཕྱོགས་མ་ཐག་དེ་དག་ཐམས་ཅད་རྣ་རྒྱབ་ཀྱི་རླུང་བུར་གཏོང་བ་རེད།     ལྷག་པར་དུ་བཀྲ་ཤིས་ཀྱིས་ཟོག་རྫིར་འགྲོ་ཁུལ་གྱིས་སྦག་སྦག་བཞོན་ཏེ་རྫོང་ཐོག་ཏུ་ཐེངས་མང་བསྐྱོད་སྟབས།     ཁོང་ཚང་གི་ནོར་ལུག་ཐེངས་མང་པོར་ལྷས་རྭར་མ་འདུས་པས།    ཡ་རུ་དང་ཤད་མོ་གསུམ་ཙམ་གྱར་བརླག་ཏུ་ཤོར།     བཀྲ་ཤིས་ལ་འཇམ་རྩུབ་ཇི་ལྟར་བྱས་ཀྱང་ཁོའི་བྱ་སྤྱོད་ལ་བཀག་འགོག་བྱེད་མི་ཐུབ་པ་ནི་ནོར་རྒྱལ་རང་ཉིད་ཀྱི་གཞོན་དུས་དང་འདྲ་སྟེ།     ནོར་རྒྱལ་ཆུང་དུས་སུ་ཕ་མའི་དགོངས་པ་དང་འགལ་ཏེ་རང་འདོད་ལྟར་སྔོན་ལ་གྲྭ་པར་སོང་བ་དང་།  དེ་རྗེས་ཁྱིམ་དུ་མནའ་མ་ཐེངས་གཉིས་བླངས་མྱོང་།     ནོར་རྒྱལ་གྱི་ཕ་རྒན་གྱིས་ཁོ་པར་འཇམ་རྩུབ་ཀྱི་སློབ་གསོ་ཇི་ལྟར་བྱས་ཀྱང་ཡེ་ནས་མ་ཉན་པས་མཐར་རྒད་པོ་སེམས་ཕམ་ཏེ་སློབ་གསོ་བྱ་མཚམས་བཞག་ནས་རང་འདོད་ལྟར་བྱེད་དུ་བཅུག   དེ་དུས་ནོར་རྒྱལ་གྱིས་ད་ལྟའི་བཟའ་མོ་འདི་དང་ཁ་འཆམ་ནས་ལོག་ཏུ་བྲོས་འོངས་བ་རེད།       འོན་ཏེ་ནོར་རྒྱལ་དང་ཁོའི་བུ་གཉིས་ལ་མ་འདྲ་ས་ཞིག་ཡོད་པ་ནི་ནོར་རྒྱལ་གྱི་སེམས་པ་ཤོར་ས་ནི་ནོར་ལུག་གིས་རི་ལུང་གང་བའི་འབྲོག་པ་ཕྱུག་བདག་ཚོ་ཡིན་ལ།      བཀྲ་ཤིས་ཀྱི་སེམས་པ་ཚོར་ས་ནི་མཇིང་པ་སྦོམ་ཞིང་ལྟོ་བ་འབུར་བའི་གྲོང་ཁྱེར་གྱི་སྦྱིན་བདག་ཆེན་མོ་འབའ་ཞིག་གོ། 

   

གསུམ།   

 

 

        དེ་ནི་དགུ་གསུམ་པ་འདྲེན་པའི་ཞོགས་པ་ཞིག་རེད།     ཕྱོགས་བཞིར་རི་བོས་བསྐོར་བའི་རག་སྟོད་རྩྭ་ཐང་ནི་ཁ་བའི་ཟེགས་མས་ཡོངས་སུ་བཀླུབས་པས་བཟོ་བོ་མཁས་པའི་ཕྱག་སོར་གྱི་རྩལ་ལས་ཐོན་པའི་དངུལ་དཀར་གྱི་གཞོང་པ་བཀོད་ལེགས་ཤིག་དང་ཀུན་ནས་མཚུངས་ལ།     གཞུང་ལམ་དང་རྩྭ་ཐང་།    སྦྲ་ནག  ནོར་ལུག་སོགས་རྒྱུན་པར་དཀར་ནག་གི་དབྱེ་མཚམས་ཤིན་ཏུ་གསལ་བའི་དངོས་པོ་རྣམས་ཀྱང་ཁ་བའི་རྡུལ་ཟེགས་ཀྱིས་ཁ་དོག་བསྒྱུར་ཏེ་སྐྱ་ཐིང་ཐིང་དུ་བཏང་བས།     རྒྱུས་མེད་གཅིག་ཡིན་ཚེ་གྲང་ཟུག་གི་གཟེར་ཁ་རུས་པའི་གཏིང་རིམ་ནས་སྐྱེས་འོངས་ཤིང་།      ལྷགས་རླུང་གི་ཤུ་སྒྲ་རྣ་བའི་ཟབ་ས་ནས་ཐོས་འོངས་བས།     དབེན་འཇགས་ཁུ་སིམ་དུ་གྱུར་བའི་ལུང་ཁུག་དེ་འདྲར་དབུགས་ཀྱི་རྒྱུ་བ་བསྲིངས་པའི་སྲོག་ལྡན་ཞིག་འཚོ་ཡོད་པ་དཔོག་ཅི་ལ་ནུས།         འོན་ཏེ་ཅུང་ཉེ་བར་བཅར་ནས་ཞིབ་མོར་བལྟས་ན།      ད་གཟོད་སྔོ་སྐྱ་ལྷོག་ལྷོག་གི་དུ་བ་དག་དམའ་སར་བབ་པའི་སྤྲིན་པ་དང་འདྲེས་ནས་ནམ་མཁར་ལྡིང་བཞིན་ཡོད་པ་དང་།    དེའི་གཤམ་འོག་ན་ཁ་བས་ས་ངོས་སུ་སྦྱར་ལ་ཁད་ཀྱི་སྦྲ་གུར་དང་།     གཡས་ཕྱོགས་ཀྱི་དགུན་མཚེར་དག་ན་སོ་ལྡད་ཐྲག་ཐྲག་བྱེད་ཀྱིན་པའི་ནོར་ནག་རྣམས་ཁ་བའི་ཀློང་ན་ལྟོགས་འདར་ཤོར་བཞིན་ཡོད་པ་མངོན་སུམ་གསལ་རྗེན་དུ་སྣང་སྲིད། 

   

     དེ་ལས་ཀྱང་ཉེ་བར་བཅར་ན་སོར་བཞི་ཙམ་ཆགས་པའི་གངས་སྟེང་དུ་སྦག་སྦག་གི་འཁོར་རྗེས་ཤིག་འདྲེན་བྱེད་གྱི་ལམ་ན་མངོན་པར་གསལ་ལ།     འཁོར་རྗེས་ཀྱི་སྣེ་རེ་རེས་སྦྲ་ནག་དེ་དང་རྫོང་གྲོང་གཉིས་ཕན་ཚུན་སྦྲེལ་ནས་ཡོད་པས།    འཁོར་རྗེས་དེས་ཁོང་ཚང་ལ་མགྲོན་པོ་ཞིག་སླེབས་པའམ་ཡང་ན་ཁོང་ཚང་གི་ཁྱིམ་མི་ཞིག་ཕྱི་རོལ་དུ་དོན་གོ་གཅོད་པར་སོང་བར་རྗེས་དཔག་བྱེད་ཐུབ།     

 

            དེ་ནས་སྤྱི་ལེ་དྲུག་ཅུ་ཙམ་སོང་ན་རྫོང་ཐོག་ཏུ་སླེབས་ཤིང་།    རྫོང་དེའང་འབྲོལ་ཁུལ་གྱི་རྫོང་གཞན་དང་འདྲ་བར་སྡེ་རྒྱ་ཆུང་ལ་མི་འབོར་ཉུང་བ་ཞིག་ཡིན་མོད།     མི་ཚེ་གཅིག་ཕྱུགས་ཀྱི་རྨིག་རྗེས་བསྙེག་རྒྱུར་གོམས་ལོབས་སུ་སོང་བའི་འབྲོག་པ་དག་ལ་མཚོན་ན་རྫོང་དེ་ནི་ཁོང་ཚོའི་མིག་ནང་ཤོང་ཐབས་མེད་པའི་གྲོང་ཁྱེར་ཆེན་པོ་ཞིག་ཅིས་མ་ཡིན།      ལྷག་པར་དུ་ཉེ་ལམ་ལོ་འགའི་ནང་སློབ་གྲྭ་ཆེ་འབྲིང་ལས་སློབ་མཐར་མ་ཕྱིན་པའི་སློབ་མ་ཇེ་མང་དུ་སོང་བ་དེས་རྫོང་དེའི་རྣམ་པ་ཇེ་འཁྲུག་ཏུ་གྱུར་ཅིང་།     དེ་ལ་དམིགས་ནས་རྫོང་དེའི་ནང་དུ་དྲྭ་ཁང་དང་ཆང་ཁང་།    རྒྱན་པོ་འགྱེད་སའི་ཁང་པ་སོགས་སྣ་ཚོགས་བཟོས་ནས་ཡོད།      རྒྱ་ལམ་སུམ་མདོའི་གཡས་ཕྱོགས་སུ་ཡོད་པའི་ཇ་ཁང་དེའི་མདུན་ངོས་ན་གཞོན་ནུ་གཉིས་ཁ་བརྡ་བྱེད་བཞིན་ཡོད་པ་དང་།    གཅིག་གིས་དཔྲལ་ལག་བྱེད་བཞིན་ཐག་རིང་དུ་ཅེར་ནས་ཡོད་ཅིང་།      ཅིག་ཤོས་ཀྱིས"ད་ཐེངས་གངས་ཆེན་པོ་བབས་པས་ཁོ་པ་ཡོང་ཐུབ་མིན་མི་ཤེས"ཞེས་བརྗོད་མ་ཐག  "ད་ཐེངས་མ་ཡོང་ན་འགྲིག་ཐབས་མེད།     ང་མདང་ནུབ་སྒོར་བདུན་སྟོང་ཤོར་སོང་།"ཞེས་ཚབ་ཚུབ་ངང་ཤོད་ཞོར་དུ་སླར་ཡང་རྒྱང་རིང་ལ་བལྟས་ནས་བསྡད།         ཉི་མ་ཕྱེད་ཡོལ་གྱི་དུས་ལ་སླེབས་པ་ན་རྫོང་དེའི་གཡས་གཡོན་གྱི་གངས་འཁྱགས་རིམ་གྱིས་བཞུར་ནས་གཞུང་ལམ་ཐོག་རླངས་པ་ཐུལ་ཐུལ་དུ་སྣང་།     ཕྱིང་ཞྭ་མགོ་མདུང་གྱོན་པའི་འབྲོག་པ་རེ་འགའ་དང་རྒྱ་ལྭ་གྱོན་པའི་ལས་བྱེད་པ་ཐར་ཐོར་ཁྲོམ་གཞུང་ཐོག་ཕར་འགྲོ་ཚུར་འོངས་བྱེད་པ་ཙམ་ལས་དུས་རྒྱུན་ལྟར་གྱི་མི་ཚོགས་དང་འཁྲུག་ཆ་ཞིག་གཏན་ནས་མེད།     གཞུང་ལམ་ཐོག་སྦག་སྦག་ཅིག་བྱ་འཕུར་བ་ལྟར་ཐད་ཀར་སུམ་མདོའི་རྒྱ་ལམ་གྱི་ཕྱོགས་སུ་ཤར་ནས་ཇ་ཁང་དེའི་སྒོ་འགྲམ་དུ་ཙིར་སྒྲ་དང་བཅས་ཁ་བཀག་པ་དང་།       ལས་དོན་གལ་ཆེན་ཞིག་བསྒྲུབ་རྒྱུར་ལུས་པ་ལྟར་མྱུར་བར་སྦག་སྦག་ལས་བབ་སྟེ།     མིག་རྭ་ནག་པོ་དེ་མིག་ལས་བླངས་ཐོག་ཨམ་ཕྲག་ཏུ་བཅུག   དེ་ནི་གྲོང་ཁྱེར་བ་རྣམས་ཀྱིས་རང་ལུས་མཛེས་བྱེད་དུ་བཏགས་པའི་མིག་རྭ་དང་ནུས་པ་མི་མཚུངས་ཏེ།     ཁ་བས་མིག་ཟུང་གངས་ཕྱིད་དུ་མི་ཤོར་བའི་ཕྱིར་ཁ་བའི་ཀློང་ན་ཕྱོགས་སུ་ཐོན་མཁན་ཀུན་གྱིས་དེ་ལྟར་འདོགས་པ་རེད།      ཁོ་པས་རང་གི་དོར་མ་དང་ལྷམ་ངོགས་སུ་འབྱར་བའི་གངས་རྡུལ་རྣམས་རྡེབ་ཀྱིན་དུ་ནང་དུ་འཛུལ་བའི་སྟ་གོན་བྱས།    "འོ།     བཀྲ་ཤིས་གཞི་ནས་སླེབས་བྱུང་།" ཟ་ཁང་དེ་ལས་གཞོན་ནུ་ཞིག་ཐོན་འོངས་ཏེ་དེ་སྐད་སྨྲ་བཞིན་ཁོ་པའི་གདོང་བསུས་ནས་ནང་དུ་དྲངས།   དེ་ནི་ཇ་ཁང་ཞིག་རེད་ཟེར་ཡང་དོན་དུ་རྒྱན་རྩེད་ཁང་གཅིག་དང་ཁྱད་པར་ཡེ་ནས་མི་འདུག་སྟེ།     ཇ་ཁང་ཡོངས་རྫོགས་ཚོམས་ཆེན་མ་ཡིན་པར་རྐོས་བརྒྱབ་པའི་རྒྱ་ཤིང་གིས་དུམ་བུ་མང་པོར་བགོས་ཡོད་པ་དང་།     དེ་དག་རེ་རེའི་ནང་དུ་ཤོ་སྦག་དང་མ་ཅཱང་སོགས་རྒྱན་པོའི་རྩེད་ཆས་གང་དགོས་འདེམས་རྒྱུ་ཡོད་པས།  "ཡ་ད་འགོ་འཛུག་གོ"ཟེར་བཞིན་སྔར་ནས་གྲ་སྒྲིག་བྱས་པའི་ཤོག་སྦག་དག་བཏོན་ཏེ་ཁོང་ཚོ་རྒྱན་པོ་འགྱེད་པའི་འགོ་བཙུགས།      ཁོང་ཚོས་ཕ་རོལ་ལ་གྲོགས་པོ་དང་གྲོགས་པོ་ཞེས་སྨྲ་བཞིན་དགོད་སྒྲ་དང་གཏམ་གླེང་རྒྱུན་ཆད་མེད་པར་ཟློས་ནའང་སེམས་ནང་དུ་རང་ཉིད་ལ་དངུལ་ལོར་མང་ཙམ་ཞིག་འཐོབ་ན་ཅི་མ་རུང་སྙམ་ནས་ཁོག་རྩིས་བྱེད་ཀྱིན་ཡོད་པས།     ཁོང་ཚོའི་ཤ་ཡི་བུ་ག་ལྟ་བུར་གྱུར་བའི་སྨྲ་བྱེད་དེ་ཨུ་ཚུགས་ཀྱིས་ཕྲེད་དུ་འཐེན་པའི་ངལ་བ་ལས་མ་ཐར་བ་བྱས།       དགོང་དྲོའི་ཆུ་ཚོད་བདུན་པ་ཡོལ་ཟིན་ཡང་ཁོང་ཚོ་སྔར་བཞིན་ཤོག་སྦག་རྩེ་བཞིན་ཡོད་མོད།     དེ་དུས་བཀྲ་ཤིས་ཀྱི་གདོང་མདོག་ཞོགས་པ་ལྟར་མིན་པ་མ་ཟད།    ཁོང་ཚོའི་དགོད་སྒྲའང་སྔར་ལྟར་མིན་པར་གདོང་པ་ནག་རོག་གེར་ཁུ་སིམ་མེར་གནས།      བཀྲ་ཤིས་ཀྱིས་ཨམ་ཕྲག་སྔོག་སྔོག་འགའ་བྱས་རྗེས"ཁྱོད་གཉིས་འདི་གར་ཅུང་ཟད་སྒུག་ཨང"ཞེས་བརྗོད་ནས་སྦག་སྦག་བཞོན་ནས་ཅི་ཞིག་ལ་ཆས།     ཁོ་པ་གང་དུ་འགྲོ་མིན་ནི་གཞོན་ནུ་དེ་གཉིས་ཀྱིས་གསལ་ཤོས་རྟོགས་ཀྱི་ཡོད་ཅིང་།    བཀྲ་ཤིས་ཀྱི་རང་ལུས་ལ་ཡོད་པའི་སྒོར་ཁྲི་གཅིག་པོ་ཚང་མ་ཤོར་ཟིན་པ་མ་ཟད།     ད་དུང་ཁོང་གཉིས་ལ་བུན་ལོན་སྒོར་ཉིས་སྟོང་ཡོད་པས་ཁོ་པ་སྒོར་མོ་འཚོལ་དུ་སོང་བ་གོར་མ་ཆག   ཇ་ཡུན་ཙམ་འདས་པ་ན་བཀྲ་ཤིས་སླར་ཇ་ཁང་དེར་སླེབས།     ཁོས་སླར་ཡང་སྒོར་ཁྲི་ཆག་གཅིག་སྒྲོག་རྩེའི་ཐོག་བཞག་རྗེས་དགོད་ཆུང་ཞིག་སྟོན།     འོན་ཏེ་ད་ཐེངས་ཀྱི་དགོད་འཛུམ་དེ་ནི་རང་བཞིན་གྱི་དགོད་འཛུམ་ཞིག་མ་ཡིན་པར་འཇིགས་སྐྲག་དང་ཞེ་སྡང་།     ཡང་ན་འདོད་པ་སོགས་ལས་གྲུབ་པའི་རྦ་རླབས་ལྟར་འཁྲུག་པའི་སེམས་པའི་མངོན་སྟངས་ཤིག་ཅིས་མ་ཡིན།     སྦྱིན་བདག་མ་ཕྱིར་ཐོན་འོངས་ཏེ་བཀྲ་ཤིས་ལ་ད་ཐེངས་དངུལ་ཡོད་ཐོག་ལ་ངའི་བུན་ལོན་རྣམས་འཇལ་ན……ཞེས་སྐད་ཆའི་མཇུག་མ་རྫོགས་གོང་བཀྲ་ཤིས་ཀྱིས"ང་རྟག་ཏུ་ཁྱོད་ཚང་ལ་ཚོང་རྒྱབ་ནས་སྡོད་ཀྱི་ཡོད།    ང་རྒྱ་ལམ་གྱི་འགྲུལ་པ་མ་ཡིན་པར།    ཡུལ་ངེས་གཏན་དང་ཁྱིམ་གཞིས་ཆགས་ཅན་གྱི་མི་ཡིན།     མ་ཟད་ང་བཀྲ་ཤིས་རུས་རྒྱུད་ཅན་གྱི་བུ་དང་།     རྟ་རྒྱུད་ཅན་གྱི་རྟེའུ་ཡིན་པས།     ཕ་ཨ་ཁུའི་དུས་སུ་རྐུ་རྫུན་ཁྲམ་གྱིས་གྲོད་པ་བརྒྱངས་པའི་ལོ་རྒྱུས་མེད།      དེས་ན་ངས་ཁྱོད་ཀྱི་སྒོར་?ག་རེ་གཉིས་ཀྱི་ཆེད་དུ་རང་ཉིད་ཀྱི་བླ་འཚོང་མི་སྲིད་པས་ཁྱོད་ཀྱིས་སེམས་ཚེགས་མ་བྱེད།    འགོར་ནའང་ཟླ་བ་གཅིག་ནས་སྤྲོད་ཆོག"ཅེས་རང་ཉིད་ཀྱི་དངུལ་བུན་རྣམས་ད་ཐེངས་མི་སྤྲོད་པའི་བརྡ་བཏང་།      ངོ་མ་འབག་ཕར་གཡོག་ནས་རྫིག་རལ་ཚུར་བསྟན་པའི་དཔེ་ལྟར་བཀྲ་ཤིས་ཀྱིས་དངུལ་བུན་རྣམས་མི་སྤྲོད་པའི་ཁར།     ད་དུང་དེ་ལྟ་བུའི་རྣར་མི་གཤོང་བའི་གཏམ་དག་གིས་སྦྱིན་བདག་མའི་ཡིད་སེམས་དུམ་བུར་བཏུབས།     འོན་ཏེ་ཁོ་ནི་མདོ་མེད་ང་རྒྱལ་ཅན་དེ་འདྲ་ཡིན་པས་དེ་དུས་སྦྱིན་བདག་མས་ཅི་ཡང་ཤོད་མ་ཕོད་པར་ཁ་རོག་རེར་སྦྲིག་གི་ཁང་པ་རུ་འཛུལ་སོང་།      མི་གཞན་ཞིག་ཡིན་ཚེ་མི་ཚོགས་ཀྱི་མདུན་ན་དེ་ལྟར་བུན་ལོན་དེད་ན་ངོ་ཚ་ནས་ངོ་གདོང་དམར་པོར་འགྱུར་སྲིད་མོད།     ཁོའི་འདུ་ཤེས་ཀྱིས་བག་ཡོད་དང་ཁྲེལ་གཞུང་ཞེས་པ་སྙོམ་བཀྲ་ཤིས་ལ་སྒོར་ལྔ་བརྒྱ་ཙམ་ཞིག་ལས་ལྷག་མེད་པས་ཁོ་པའི་སེམས་ནང་ཅི་ཞིག་བསམ་གྱིན་ཡོད་པ་མ་བཤད་ཀྱང་ཚང་མའི་སེམས་ནང་གསལ་ཐིང་ཐིང་རེད།      ཁོ་པས་གོམ་པ་ལྗིད་པོ་ཞིག་སྤོ་གྱིན་གློག་འོད་ཀྱིས་ཡོངས་སུ་དཀྲིགས་པའི་ཆང་ཁང་དེའི་ཕྱོགས་སུ་ཐོན་སོང་།       ཁོ་པ་འདི་ལྟར་རྫོང་ཐོག་ཏུ་འཁྱམས་ཉུལ་ལ་འགྲོ་བ་ནི་ཐེངས་གཅིག་གཉིས་མ་ཡིན་པར་ཉེ་བའི་ལོ་དེ་དག་རིང་ཁོ་པ་ཐེངས་མང་འདི་གར་འཁྱམས་ཉུལ་དུ་སོང་ཞིང་།     འདི་གའི་གཡས་གཡོན་གྱི་ཇ་ཁང་དང་ཆང་ཁང་སོགས་སུ་དངུལ་བུན་མང་པོ་གཡར་མྱོང་བ་ཡིན།       ཁོ་པ་སོང་ཤུལ་ན་སྦྱིན་བདག་མས་ཁོ་པའི་རྒྱབ་གཟུགས་ལ་བལྟས་ནས་མཆིལ་ཞགས་ཤིག་འཕངས་ཤིང་ཚིག་ངན་སྣ་ཚོག་ཀྱིས་གཤུང་བར་བྱས།     དེ་དུས་སྦྱིན་བདག་མའི་གཅུང་མོ་ཡང་སྒོ་ཁར་ཐོན་ཡོད་པས"ལྟོས་དང་མི་མདོ་མེད་འདི་འདྲ་ཞིག་འདུག  ཁོས་འདིའི་ཁུལ་དུ་བུན་ལོན་སྒོར་ཁྲི་བཅུ་ལ་ཉེ་བ་བསགས་ཡོད་ཀྱང་།     ད་དུང་སྣང་བ་གཏན་ནས་མི་གཏོང་།     ད་ངེད་གཉིས་ཁོའི་ཁྱིམ་དུ་སོང་ནས་ཁོའི་ཕ་མ་ལ་གནས་ཚུལ་གསལ་པོ་ཞིག་མ་བཤད་ན།     ངེད་ཟ་མ་བུ་མེད་གཉིས་ལ་མཐོང་ཆུང་བྱས་ནས་བུན་ལོན་སྤྲོད་རྒྱུ་མ་རེད"ཅེས་རང་གི་གཅུང་མོར་ཤབ་ཤུབ་ངང་བཤད།   

 

     ཐོ་རངས་ཆུ་ཚོད་ལྔ་པ་ཙམ་ལ་སླེབས་སྐབས་ཉེན་བརྡ་ཡོངས་སུ་སྤར་བའི་ཉེན་རྟོག་པའི་རླངས་འཁོར་ཞིག་ཆང་ཁང་དེའི་སྒོ་ཁར་ཁ་བཀག་ནས་ར་ཡོངས་སུ་བཟི་བའི་བཀྲ་ཤིས་ཆང་ཁང་ལས་བཏོན་ཏེ་མངག་གཏོང་ཁང་དུ་ཁྲིད།     

 

        བཀྲ་ཤིས་རྒྱུ་རྐྱེན་ཅི་ཞིག་གི་འཛིན་བཟུང་བྱས་པ་ཆང་ཁང་དེའི་ནང་གི་མི་སུས་ཀྱང་མ་ཤེས་མོད།  དེ་དུས་ཆང་ཁང་དེའི་ནང་ཆང་རག་གི་ནུས་པས་ལུས་སེམས་བེར་བེར་དུ་སོང་བའི་གཞོན་ནུ་རྣམས་ཀྱང་རིག་པ་ཅུང་དྭངས་གསལ་དུ་གྱུར།  ཁོང་རྣམས་ཀྱིས་བཀྲ་ཤིས་ཀྱིས་གཞན་དང་འཛིང་མོ་གཏུགས་པའམ།    ཡང་ན་བུན་ལོན་ཆད་པ།     རྒྱན་པོ་འགྱེད་པ་སོགས་བྱས་པས་རེད།  ཅེས་ཚོད་བགམ་བྱེད་འགོ་ཚུགས།   

 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1