སྐྱེད་མོས་ཚལ། ཡང་ན་བུད་མེད།

སྐྱབས་ཆེན་བདེ་གྲོལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        ངའི་སེམས་པ་གྲོང་ཁྱེར་ཆེན་པོ་འདིའི་སྐྱེད་མོས་ཚལ་ཞིག་ལ་འཁོར་ནས་ཡུན་རིང་སོང་། དེ་ནི་ང་རང་འཚར་ལོངས་བྱུང་སའི་སྤང་ལྗོངས་དང་ཡེ་ནས་མི་འདྲ་བ་ཞིག་རེད། ང་ནི་དེ་ལ་ཞེན་པའམ་ཡང་ན་དེས་ང་རང་བསླུས་པ་ཡིན་དུ་སྲིད་ཀྱང་། དེའི་ནང་ན་ཅི་ཞིག་ཡོད་པ་ཤེས་འདོད་ཀྱིས་སེམས་དེ་ཕྱིར་ལྡོག་པའི་ཐབས་ནི་མི་འདུག

 

          སྐྱེད་མོས་ཚལ་དེ་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ཡོད་པ་དང་། ངའི་སྡོད་ཁང་ནས་རྐང་འཁོར་ལ་ཞོན་ཏེ་སོང་ཚེ་སྐར་མ་བཅུའི་ལམ་ཐག་ལས་མེད། སྤྱིར་རྐང་འཁོར་ལ་ཞོན་ཏེ་ཚོང་ཁྲོམ་དང་ཆང་ཁང་། དེ་མིན་གྲོང་ཁྱེར་ལྟེ་བའི་དེབ་ཁང་ཆེ་གྲས་སོགས་སུ་སོང་ཚེ་མོ་ཊའི་འཚང་ཁ་དང་མི་ཚོགས་ཀྱི་ནགས་ཚལ་གསེབ་ནས་ཇི་ལྟར་ཐར་བར་བསམ་བློ་གཏོང་མི་དགོས་པས་མྱུར་བར་སླེབ་ཐུབ། འོན་ཀྱང་སྐྱེད་མོས་ཚལ་དེར་འགྲོ་མགོ་བརྩམས་པ་ནས་ལམ་བུ་དེའང་བསམ་གཞིགས་ཀྱི་རྒྱུན་རིང་མོ་ཞིག་དང་འདྲ་བས། ལམ་གའི་ཁང་བརྩེགས་དང་། མོ་ཊའི་ཅ་ཅོ་སོགས་རབ་རིབ་དང་མག་མོག་ཏུ་འགྱུར་འགྲོ། ཚོར་བ་དེ་ནི་བདེ་བའམ་སྡུག་བསྔལ་གང་ཡིན་ཆ་མ་འཚལ་ལ། རླུང་བུ་བསིལ་མོས་གདོང་ལ་བྲན་པའི་ཁྲོད་ནས་མགྱོགས་པོར་ཕར་རྒྱུག་དུས། མངོན་སུམ་གྱི་དོན་མང་པོ་ཞིག་རྒྱབ་ཏུ་སྐྱུར་བཞིན་པ་དང་། ཐ་ན་ཕ་མ་དང་གཉེན་ཉེ། བུ་ཕྲུག ཆུང་མ་སོགས་ཀྱང་ཐ་སྙད་ཙམ་དུ་གྱུར་ཏེ་རིམ་གྱིས་ཡལ་བཞིན་པ་འདྲ། 

 

          སྐྱེད་མོས་ཚལ་དེ་ལ་ཕྱོགས་བཞི་ན་སྒོ་བཞི་ཡོད་ལ། སྒོ་གང་ནས་འཛུལ་ནའང་?་ཀ་མ་རུས་བཟོས་པའི་ལྷ་མོ་གཅེར་བུ་མ་ཞིག་གི་འཇིམ་བརྙན་མཐོང་ཐུབ། དེ་ནི་སྐྱེད་མོས་ཚལ་དེའི་མཚོན་བྱེད་ལྟ་བུར་ཡང་གྱུར་ཡོད། ཡིན་ནའང་འཇིམ་བརྙན་དེ་མཐོན་པོར་ཀྲོང་ངེར་འགྱིང་ཡོད་པ་ཙམ་ལས་དེ་ཕྱོགས་གང་དུ་ཡོད་པ་ཤེས་ཐབས་བྲལ་ལ། དེ་ས་རྟགས་ཤིག་ཏུ་བརྩིས་ཏེ་སྒོ་གཞན་དག་བཙལ་དགོས་ཚེ་མགོ་བོ་འཁོར་འགྲོ་བ་ཡིན། 

 

  ཐེངས་སྔོན་མར་ང་རང་ཤར་སྒོ་ནས་འཛུལ་བ་དང་། དེ་དུས་རྒྱུགས་ཤར་གློད་དེ་ལུས་ཡོངས་རློན་པར་གྱུར་པའི་བུད་མེད་ཅིག་གིས་བློང་བློང་བོར"འདི་བྱང་སྒོ་རེད་དམ"ཞེས་མགོ་མཇུག་མེད་པའི་དྲི་བ་ཞིག་བཏོན་བྱུང་ལ། བདག་གིས"དེ་བྱང་སྒོ་མ་རེད། ཤར་སྒོ་རེད"ཅེས་པ་ན། མོས"ཨ་ཁ། ལྷ་མོའི་འཇིམ་བརྙན་དེས་ངའི་མགོ་འཁོར་བར་བྱས་སོང་། ཕྱོགས་གང་ནས་བལྟས་ཀྱང་དེའི་གདོང་མཐོང་ཐུབ་པ་དེ་ཅི་ཡིན་ནམ"ཟེར་ལ། དེ་ནས་དབུགས་ཧལ་ཧལ་གྱིས་ཕར་བརྒྱུགས་སོང་། 

         

          ཐེངས་འདིར་བདག་གི་སེམས་པ་ནིIndicaརོལ་ཚོགས་ཀྱིས་བཏང་བའི་གཞསའོད་ཀྱི་གླིང་ཚོམསོགས་ལ་གཡེངས་པས་ངས་ལྷ་མོ་གཅེར་བུ་མ་དེའི་འཇིམ་བརྙན་མདུན་སར་མངོན་པའི་བར་དུ་སྐྱེད་མོས་ཚལ་དེར་སླེབས་ཟིན་པ་མ་ཤེས་ཤིང་དེའི་སྒོ་མོ་གང་ནས་འཛུལ་བ་ལའང་མཉམ་འཇོག་མ་ཐུབ། ང་ནི་རི་རྩེ་མཐོ་ས་ནས་གཤོང་དུ་རིལ་བའི་རྦབ་?་ཞིག་དང་འདྲ་བར་དེའི་པང་དུ་ལྷུང་འདུག་ལ། ལམ་བར་དུ་དུས་ཚོད་ཅི་ཙམ་སོང་བའང་མ་ཤེས་པས་རེ་ཞིག་དུས་ཚོད་ཀྱི་འདོགས་ཐག་ལས་ཤོར་པ་ཨེ་ཡིན་ནམ།

 

          དེར་སླེབས་རྗེས་ངས་རྣར་གཞུག་བླངས་ཤིང་རྐང་འཁོར་བཞག་སྟེ་འཆམ་འཆམ་བྱེད་པར་རྩོམ་དུས་སྐྱེས་ཕོ་མོ་བཅུ་གྲངས་ཤིག་གིས་ག་བུར་ལྗོན་པ་ཆེན་པོའི་འོག་གི་ཤིང་གི་རྐུབ་སྟེགས་ཤིག་བསྐོར་འདུག རྐུབ་སྟེགས་དེའི་སྟེང་དུ་ནུ་ཁེབས་སྔོ་སྐྱ་གྱོན་ཞིང་དོར་ཐུང་སྔོན་པོ་གྱོན་པའི་བུད་མེད་དར་མ་ཞིག་གིས་ལག་ཏུ་ཐོགས་པའི་འགྱིག་ཁུག་གི་ནང་དུ་སྐྱུག་རྩིས་བྱེད་ནའང་། ཁ་ཆུ་ཙམ་ལས་ཅི་ཡང་བསྐྱུགས་མ་སོང་། ལག་ཏུ་སྒྲ་སྡུད་ཐོགས་པའི་རྒན་པོ་ཞིག་གིས"ད་ནི་འདི་ལྟར་སྡོད་པ་ལས་སྨན་ཁང་དུ་སོང་ན་མི་ལེགས་སམ"ཟེར། ཁོའི་སྒྲ་སྡུད་ཀྱི་ནང་དུ་སྒོར་བརྒྱ་ཡིས་ཆང་རག་རྩ་ཆེན་ཤེལ་དམ་གསུམ་ཉོ་ཐུབ་ཅེས་པའི་ཚོང་འཕྲིན་ཞིག་ཡང་དུ་བསྐྱར་དུ་གྲག་གིན་འདུག  ཁོས་བུད་མེད་དེའི་ལག་གི་ཁ་དོག་དམར་སེར་ཡིན་པའི་སྐྱུག་རོར་ཅེར་འདུག་པ་ལས་དེར་རྣ་བ་བླགས་མི་འདུག 

 

          ངས་རང་དང་མཉམ་པའི་གཞོན་ནུ་ཞིག་ལ་ཤུབ་ཤུབ་ངང་དུ"མོར་ཅི་བྱས་སོང་། ན་བཞིན་པ་རེད་དམ"ཞེས་དྲིས་པ་ན། ཁོས"ངས་ཀྱང་གསལ་པོར་མི་ཤེས། དེ་རིང་ཞོགས་པ་ནས་འདིར་བསྡད་དེ་བསྐྱུགས་པ་རེད། སྐབས་རེར་ཁྲག་སྐྱུག་པ་དང་སྐབས་རེར་མཁྲིས་ཁུ་སྐྱུག་གིན་འདུག ཡང་ལན་རེར་ཇི་ལྟར་བསྐྱུགས་ཀྱང་སྐྱུག་པ་ནི་མི་འདུག"ཟེར།

 

          མགོ་བོ་འགྱིག་ཁུག་གི་ནང་དུ་བསྒུར་ཏེ་སྒྲེགས་སྐྱུག་གི་བཟོ་ལྟ་ལན་འགར་བསྟན་རྗེས་མོས"ཁྱོད་ཚོས་སེམས་བདེ་བར་གྱིས། ངས་སྐྱུག་རོ་འདིར་འདོར་མི་སྲིད། ང་རང་གིས་ཁྱེར་ཏེ་གད་སྙིགས་ཀྱི་སྒམ་ནང་དུ་འདོར་དགོས། ངའི་མི་སྤུས་དེ་འདྲའི་ངན་པ་ཞིག་མིན"ཟེར།

 

          མོས་ཚིག་གི་མཇུག་བསྡུས་པ་དང་དུས་མཉམ་དུ་ཁྲོ་འཛུམ་ཞིག་བསྟན། དེ་ནི་ང་ལ་མཚོན་ན་ལྷིང་ཞིང་འཇགས་པའི་སྐྱེད་མོས་ཚལ་འདིར་ཁང་པ་རྡིབ་པ་ལྟ་བུའི་དོན་གློ་བུར་བ་ཞིག་བྱུང་བ་ལྟ་བུར་གྱུར་པས་ངའི་སེམས་ལ་འཇིགས་སྣང་ཞིག་སྐྱེས། དེ་བས་ང་རང་ཁ་ཕྱིར་འཁོར། ཉི་འོད་ཚ་བོ་དང་ལྗོན་པའི་བསིལ་གྲིབ་གང་གིས་ཀྱང་ངའི་འཇིགས་སྣང་དེ་མར་སྦ་མི་ཐུབ།

 

          སྤྱིར་འཆར་གཞི་ལྟར་ན་ང་ཐོག་མར་ཆུ་ཚོད་ཕྱེད་ཀའི་རིང་ལ་དལ་མོར་སོང་སྟེ་དེ་ནས་བརྒྱུག་དགོས་པ་ཡིན་མོད། རྒྱབ་ན་ཅི་ཞིག་གིས་བདས་པ་ལྟ་བུའི་འཇིགས་སྣང་དེའི་དབང་གིས་ངའི་གོམ་སྟབས་ཇེ་མགྱོགས་སུ་གྱུར་ཅིང་མཐར་རྒྱུགས་འདུར་གློད།

 

          ཐོག་མར་ངས་སྐྱུག་པ་སྐྱུག་མཁན་གྱི་བུད་མེད་དེ་གྲོང་ཁྱེར་རམ་ཡུལ་ག་གེ་མོ་ཞིག་ནས་མཐོང་མྱོང་བར་སྙམ་ལ་ཡང་བསམ་བློ་བཏང་གིན་བཏང་གིན་རྨི་ལམ་ནས་མཇལ་མྱོང་བ་འདྲ། 

          ངས་བུད་མེད་དེའི་ཁྲོ་འཛུམ་ཉིད་ལྷ་མོ་གཅེར་བུ་མའི་འཇིམ་སྐུའི་གདོང་ནས་མངོན་ཡོང་བར་སྙམ་སྟེ་མགོ་བོའང་མཐོན་པོར་འགྱོགས་མི་ཕོད། འོན་ཀྱང་མགོ་བོ་བསྒུར་ཏེ་ཕར་བརྒྱུགས་ཚེ་མདུན་གྱི་ལམ་ག་མི་མཐོང་བའི་ཉེན་ཁའང་ཡོད་པས་ངའི་གོམ་སྟབས་ནི་དེ་འདྲའི་མགྱོགས་ཚད་རན་པ་དང་། ཆ་སྙོམས་པ་ཞིག་མ་ཡིན།

 

          ལོ་ངོ་འགའི་སྔོན་དུ། བསམ་བློའི་བགྲོ་གླེང་དང་བརྩམས་ཆོས་འགྲེམ་སྟོན་གྱི་མིང་ཐོག་ནས་བསྡུས་པའི་འདུ་ཚོགས་ཤིག་ཏུ་ངས་ཉིན་མཚན་བཞི་ལ་ཨ་རག་བསྟུད་མར་འཐུངས་ཏེ་གྲོང་ཁྱེར་ཅ་བར་སླེབས་པའི་དགོང་མོར། ལུས་ཡོངས་ལ་ཚ་བ་ཆེན་པོ་བརྒྱབ་ཅིང་ཇི་ལྟར་གཉིད་རྩིས་བྱས་ཀྱང་གཉིད་མ་ཁུགས་པར་མ་ཟད། མིག་བཙུམ་མམ་ཕྱེའང་རུང་། མདུན་དུ་སྐྲ་ལོ་དཀར་པོ་ཅན་དང་གདོང་ཡོངས་གཉེར་མས་ཁེངས་པའི་བགྲེས་མོ་མི་སྡུག་པ་ཞིག་མངོན་ཡོང་། ངས་བགྲེས་མོ་དེའི་སྣང་བརྙན་ཕར་བཟློག་ཆེད་ཉིན་འགའི་སྔོན་དུ་ཉོས་པའི་རྒྱན་གོས་དང་དཔེ་གསར་གྱི་དུས་དེབ་ཅིག་ཡོད་པ་དེ་ལག་ལ་ལེན་རྩིས་བྱེད་སྐབས། དུས་དེབ་དེའི་མདུན་ཤོག་ངོས་ཀྱི་ནི་ཁོལ་ཁི་ཌི་མན(Nicole Kidman)གྱི་སྒེག་ཅིང་ཡི་གར་འོང་བའི་པར་རིས་དེ་གློ་བུར་རྒད་མོ་དེར་གྱུར། དེ་འཕྲལ་ངས་ཁ་ཕྱིར་འཁོར་ནས་རང་གི་ཉལ་རོགས་ལ་འབོད་རྩིས་བྱེད་སྐབས་ཉལ་རོགས་ཀྱི་དཔྲལ་བའི་ངོས་ནའང་བགྲེས་མོ་དེའི་གཟུགས་བརྙན་གསལ་ལེར་བབས་འདུག དེ་ནས་ངས་མོ་ལ་བཀྱེད་པའི་ཐབས་ལེགས་ཤོས་ནི་སྒེའུ་ཁུང་ནས་མར་ལྡིང་བ་དེ་རེད་སྙམ་སྟེ་སྒེའུ་ཁུང་གི་ཕྱོགས་སུ་འགྲོ་སྐབས་འབྲུག་སྒྲ་ཆེན་པོ་ཞིག་གྲགས་ནས་ང་རང་ཕྱིར་མལ་ཁྲིར་ལོག་ཏུ་བཅུག  

 

          གལ་སྲིད་དེ་རིང་ཡང་ག་ས་ག་ནས་སྐྱུག་པ་སྐྱུག་མཁན་གྱི་བུད་མེད་དེ་མངོན་ཡོང་ན། ང་རང་སྐྱེད་མོས་ཚལ་དེའི་སྒེའུ་ཁུང་ལས་ཕར་མཆོང་དགོས་པ་ཡིན་ནམ། འོན་ཀྱང་སྐྱེད་མོས་ཚལ་འདི་ནི་ཁང་པ་ཞིག་མིན་པས་དེ་ལ་སྒེའུ་ཁུང་ཡང་ཡོད་མི་སྲིད།

 

          ངའི་རྐང་སྣེ་?་ལ་ཐོགས་པའམ་ཡང་ན་ཉྭ་འཁུམས་པ་འདྲ་སྟེ། མདུན་ལ་འགྲོ་འདོད་ཀྱང་དབུགས་འཚང་ཞིང་གོམ་ཁ་ལྕི་བར་གྱུར། ཡང་ན་མཁའ་རླུང་གི་ནང་དུ་མི་མངོན་པའི་གཟུགས་སྲ་མོ་ཞིག་བྱུང་སྟེ་ང་རང་བཀག་པ་འདྲ།

 

          ངས་དལ་མོར་མིག་ཕྱེ་སྟེ་བལྟས་པ་ན། ངའི་མདུན་ཐད་ཀྱི་མོ་ཊ་རྒྱུགས་སའི་ཁེར་ལམ་དེ་རུ་སྨད་གཡོགས་དམར་པོ་དང་ལྷམ་རྟིང་ཙོག་ནག་པོ། ཉི་ཤེལ་ཁམ་པ་བཅས་གྱོན་པའི་བུད་མེད་དར་མ་ཞིགBMW X6ཞིག་ལས་མར་བབས་བྱུང་། མོས་ལག་གཡོན་པར་ཚིག་ཇ་ཤོག་ཕོར་ཞིག་དང་། ལག་གཡས་པརPradaལག་ཁུག་ཅིག་ཐོགས་འདུག་ལ། མོ་ཊའི་སྒོ་བརྒྱབ་རྗེས་ལག་ཁུག་གི་སྟེང་དུ་བཞག་པའི་ལྡེ་མིག་གནོན་ཙམ་བྱས་རྗེསBMW X6ཡི་ཕྱོགས་བཞིའི་གློག་དག་འཚུབ་ཙམ་བྱས། མོས་འཕོངས་ཚོས་གཅུ་ཞོར་དུ་སྒེག་པའི་འགྲོས་ཀྱིས་ཚུར་འོངས་པ་དང་། དབུགས་ནང་དུ་བསྡུས་ཏེ་མིད་པ་ལན་འགར་བསངས་རྗེས་ངའི་གཡོན་ཕྱོགས་ཀྱི་ཤིང་པད་མ་ཚོམ་པོ་དེའི་ནང་དུ་ལུད་པ་ཆེན་པོ་ཞིག་འཕངས་སོང་།

 

          མོས་འགྲོ་ཞོར་དུ"མཁའ་རླུང་བཙོག་པ་འདིས་རྒྱུ་མའི་ནང་ཡང་ནག་པོ་གཏོང་གིན་འདུག"ཅེས་ཆིག་ལབ་ཅིག་བརྒྱབ་སོང་།

 

          ང་རང་རེ་ཞིག་མོའི་རྒྱབ་གཟུགས་ལ་ཧད་སོང་། ངས་སྐྱེ་གཟུགས་དང་འབྱོར་བའི་མཚོན་བྱེད་ལྟ་བུའི་བུད་མེད་དེ་ནི་འཁྱམ་པོ་ང་དང་མི་འདྲ་བར་སྐྱེད་མོས་ཚལ་འདིའི་ནང་དུ་མོ་རང་གི་དོ་ཟླར་འོས་པའི་སྐྱེ་བོ་གང་རུང་ལ་དུས་འདེབས་པའམ། ཡང་ན་ཚོང་དོན་ཆེན་པོ་ཞིག་བསྒྲུབ་པར་འོངས་པ་རེད་སྙམ་སྟེ་མོ་རང་གང་དུ་འགྲོ་བར་བལྟས།

 

          མོ་ལྗོན་པ་སྟུག་པོས་བསྐོར་ཅིང་ས་རྩི་ནག་པོས་བརྒྱན་ལ། བརྩེགས་རིམ་གཉིས་ཅན་གྱི་ཟ་ཁང་ཆེན་པོ་དེར་གཟས་ནས་ཕར་སོང་། འོན་ཀྱང་ཟ་ཁང་གི་སྒོར་སླེབས་རྗེས་སོམ་ཉིའི་ངང་དུ་དེ་གར་འགྲེང་སྟེ་བསྡད། ནུབ་ལྭ་གཙང་མར་བསྒོས་པའི་སྐྱེ་བོ་ཞིག་ཟ་ཁང་དེ་ལས་སྒོར་བུད་ཅིང་ཁོས་བུད་མེད་དེ་ལ་ལྟ་ཙམ་བྱས་རྗེས་སླར་ཡང་ནང་དུ་འཛུལ། བུད་མེད་དེས་ལུས་པོ་ནང་དུ་བཀུག་སྟེ་སྐྱེ་བོ་དེའི་རྗེས་སུ་འགྲོ་རྩིས་བྱས་ནའང་རྐང་པ་གཡས་པའི་རྗེས་སུ་གཡོན་པ་འབྲང་མ་ཐུབ་པར་དེ་ག་ནས་ལུས།

 

          ངའི་རྣ་ལམ་དུ་དུས་ཚོད་ནི་ཆུ་བོའི་ཚུལ་གྱིས་ཤག་ཤག་ཏུ་བཞུར་ཅིང་། ངས་དེའི་ཆལ་ཆིལ་གྱི་སྒྲ་དེ་ཅུང་འཇགས་སུ་འཇུག་ཕྱིར་སླར་ཡང་རྣར་གཞུག་རྣ་ནང་དུ་བཅུག སྐབས་འདིར་ངའི་རྣ་ལམ་དུ་གྲགས་པ་ནིསྤང་ལྗོངས་ཀྱི་མིག་ཆུཞེས་པ་དེ་ཡིན་ལ། ཕྱིར་དྲན་གྱི་སྐྱོ་སྣང་དང་བསྡེབས་པའི་རྣོ་སྦྲེང་གི་དབྱངས་རྟས་འདས་ཟིན་པའི་དུས་ཀྱི་ཞགས་ཐག་ངའི་ལུས་ལ་བསྐོན། 

 

          ངས་པགས་རྩག་གི་ནང་ནས་གཅེར་བུར་གླལ་མོ་བྱེད་པའི་དུས་སུ། སེར་ཆེན་དང་ལྕི་བའི་དྲི་མ་འདྲེས་པའི་བསེར་བུ་ཞིག་འཁྱག་ཤུར་ཤུར་དུ་ངའི་རུམ་ཁར་ལྡང་ཡོང་། ངེད་ཚང་ནི་རྭ་ཉིས་ཟེར་བའི་ཡུལ་དེར་ཁ་སང་སྐྱས་སྤར་པ་ཡིན་ལ། ངས་གྲོ་དམར་ཞེས་པའི་རྟ་རྒན་དེ་ཁེར་རྟ་བྱས་ནས་ཞོན་པར་མ་ཟད་ཁལ་མ་འགའང་འདེད་ཐུབ་པར་གྱུར་པས་ཨ་ཕ་དགའ་སྟེ། "དེ་རིང་ཞི་ལུ་ངར་ཐལ"ཟེར།

 

          ངས་མགོ་བོ་ཡར་བཏེགས་པ་ན། ཁྱིམ་དུ་མི་གཅིག་ཀྱང་མི་འདུག ཐབ་ཀྱི་མེ་གཟིམ་ལ་ཉེ་བ་དང་། ཡ་ཁྱིམ་གྱི་གོ་ཁ་རུ་ཟངས་དེམ་བཞག་ཅིང་ཨ་ཕའི་དཀར་ཡོལ་དུ་འོ་ཇ་འཐུང་འཕྲོ་བྱས་ཏེ་བཞག་ཡོད་པས་ཁོ་ཚོས་ང་རང་མ་དཀྲོགས་པར་ནངས་ཇ་བཏུང་བ་ཤེས་ཐུབ།

 

          ངའི་ཁ་སྐོམ་སྟེ"རྨོ་མོ་ལགས"ཞེས་ཐེངས་འགར་བསྟུད་མར་བོས་པ་ན། རྨོ་མོ་ལགས་སྒོ་ཕྱར་ཡར་བཏེགས་ཏེ་སྦྲ་ནང་དུ་སླེབས་པ་དང་། མོས་མ་ཁྱིམ་ལ་སོང་སྟེ་རག་སྐྱོགས་ཀྱི་ནང་དུ་སྤྲིས་མ་དང་འོ་མ་འདྲེས་པ་ཞིག་བཅུས་ཏེ་ངའི་དཀར་ཡོལ་གྱི་ནང་དུ་བླུགས་ནས་ང་ལ་གཏད། ངའི་ལྷུང་ལ་ཉེ་བའི་རང་གི་མདུན་སོ་སྒུལ་ཙམ་བྱས།

 

"        འདི་ཟོ་དང་། མྱུར་བར་ནར་སོན་ངེས། ཕྱི་དྲོ་ངས་ཁྱོད་ལ་ཡང་ལྷ་ས་སྟོན"

 

          ངས་རང་གི་རྒྱབ་ཏུ་གྱད་མི་ཞིག་ལངས་ཏེ་ངའི་མཁུར་རུས་གཉིས་ཀ་ནས་ཡར་བཏེགས་ཏེ་ང་ལ་ལྷ་ས་བསྟན་ན་ཅི་མ་རུང་སྙམ་པའི་སྐབས་དེར་བུད་མེད་སྨད་གཡོགས་དམར་པོ་ཅན་དེ་འདྲེད་བརྡབས་ཤོར་ཅིང་། མོའི་ལག་གི་ཚིག་ཇའི་ཤོག་ཕོར་སར་ལྷུང་།

  

          ང་རང་མྱུར་བར་དེ་ཕྱོགས་སུ་བརྒྱུགས་ཤིང་ངའི་རྣ་ལམ་གྱིསྤང་ལྗོངས་ཀྱི་མིག་ཆུའང་ཞི་བར་གྱུར། ང་རང་རྐང་མགྱོགས་སྒྲུབ་པ་ལྟར་མགྱོགས་པོར་མོའི་གམ་དུ་བརྒྱུགས་ཏེ། "སྐྱོན་ཨེ་འདུག"ཅེས་ལག་པ་མོའི་ཕྱོགས་སུ་བསྲིངས། མོས་ཅུང་དོགས་མི་བདེ་བའི་ཚུལ་གྱིས"ངའི་ལག་པ་ཁོ་ཧྥེས་རློན་པར་བྱས་ཡོད་པས་ཁྱོད་ལ་ཤོག་བུ་ཞིག་ཡོད་དམ"ཟེར། ངས་གློ་ཁུག་ལས་ཤོག་བུ་བླངས་ཏེ་མོའི་ཕྱོགས་ལ་གཏད།

 

          མོས"བཀའ་དྲིན་ཆེ"ཟེར་ཞོར་དུ་མོ་རང་གི་ལག་པ་དང་སྨད་གཡོགས་ཀྱི་ངོས་སོགས་འབྱིད་པར་བྱེད། འོན་ཀྱང་ངས་མོའི་ལུས་ཀྱི་ཆ་ཤས་གང་ཞིག་ཀྱང་རློན་པར་བྱས་ཡོད་པ་མ་མཐོང་བར་མ་ཟད། མོའི་ལག་ནས་ཤོར་བའིStarbucks ཡི་ཤོག་ཕོར་དེའང་སྟོང་པ་སྟོང་ནག་ཅིག་ཡིན་པར་མ་ཟད་ནང་དུ་རློན་ཐིགས་ཙམ་ཡང་མེད་པ་མཐོང་། 

 

          མོའི་ཉི་ཤེལ་ཁམ་པའི་འདབས་ཀྱི་མཁུར་ཚོས་ནི་སྲབ་ཅིང་དཀར་ལ། མཆུ་སྒྲོས་གློ་སྐྱ་ནི་ཕྱེ་མ་ལེབ་ཅིག་གི་གཤོག་རྩི་བྱུགས་པ་དང་འདྲ། 

 

          ངས་སླར་ཡང་མོ་ལ"སྐྱོན་ཨེ་འདུག"ཅེས་སྨྲས་པ་ན།

 

          མོས"སྐྱོན་མི་འདུག འོན་ཀྱང་ལམ་ཐག་རིང་བས་ཐང་ཆད"ཟེར།

 

          ངས་ཧ་མ་གོ་བར"ཁྱོད་མོ་ཊ་བཏང་སྟེ་ཐག་རིང་ནས་ཡོང་བ་ཡིན་ནམ"ཞེས་དྲིས། 

 

          མོས་གོམ་པ་འགའི་སར་ལྷུང་བའི་ཚིག་ཇ་ཡི་ཤོག་ཕོར་དེ་སྙིགས་ཟེའུ་ཞིག་ཏུ་འཕངས་པ་དང་། ཤིང་གི་རྐུབ་སྟེགས་ཤིག་ཏུ་བསྡད།

 

"    དེས་ན་ཁྱོད་ལམ་འགྲོ་བ་ཞིག་མིན་ནམ། འབབ་ཚུགས་འདིར་ངལ་གསོ་བཞིན་པའི་མི་ཚང་མ་ལམ་ཐག་རིང་བོར་འགྲོ་བཞིན་པ་རེད། ཨོ། ངས་ཤེས་ཐལ། ཁྱོད་འབབ་ཚུགས་ཀྱི་ལས་ཀ་བ་ཞིག་ཡིན་ངེས"

 

          མོས་དེ་ལྟར་ཟེར་ཞོར་དུ་གདོང་གི་ཉི་ཤེལ་བླངས་ཏེ་མདུན་ཐད་དུ་ལྟ་ཙམ་བྱས། མོའི་སྨིན་མ་ཕྲ་མོའི་འོག་གི་མིག་ཟུང་ལ་སྐྱོ་ཉམས་ཤིག་འདུག་པ་དང་ཁམ་བུའི་མེ་ཏོག་ལྟ་བུའི་གདོང་ནི་བཟོ་བོ་གང་ཞིག་གིས་ཆེད་དུ་བཟོས་པ་འདྲ།

 

          ངས་མོ་གང་ཞིག་ནས་མཐོང་མྱོང་བ་འདྲ་ནའང་ཡིད་ལ་གསལ་པོར་མི་དྲན།

 

          མོའི་ལུས་དང་གཏམ་གཉིས་ཀྱིས་ང་རང་མགོ་རྨོངས་པར་བྱས་པས་ངས"ཅི་ཞིག་གི་འབབ་ཚུགས། འདི་འབབ་ཚུགས་ཤིག་ག་ལ་ཡིན། སྐྱེད་མོས་ཚལ་ཞིག་རེད"ཅེས་སྨྲས་པ་དང་། དབུགས་རིང་པོ་ཞིག་བླངས་རྗེས།

 

         "ངས་ཁྱོད་གློག་བརྙན་ཞིག་གམ་རི་མོ་ཞིག་ལས་མཐོང་མྱོང་བ་འདྲ"ཞེས་བཤད།

 

          མོས་སླར་ཡང་ཉི་ཤེལ་གྱོན་ཏེ། "ཁྱོད་ད་དུང་མགོ་འཁོར་འདུག་པ་འདྲ། སྔོན་ཆད་ངའང་དེ་ལྟར་མགོ་འཁོར་མྱོང་། དེ་བས་ང་རང་འགྲོན་ཁང་ཞིག་ནས་ཉིན་འགའ་ལ་ལུས་སོང་། ད་དུང་ཅུང་མིན་ན་བརྩེ་དུང་གི་ནང་དུ་ཚུད། ལམ་འགྲོ་པ་གཞན་ཞིག་གིས་ང་ལ་གསལ་བཤད་བྱས་པས་ངས་ད་གཟོད་དེ་ཉིད་འབབ་ཚུགས་ཤིག་ཡིན་པ་ཤེས་སོང"ཟེར་ཅིང"བརྩེ་དུང"ཟེར་དུས་ཅུང་ངོ་ཚ་བའི་ཚུལ་གྱིས་གདོང་ལ་ལག་པ་འགེབས་པར་བྱེད།

 

          ཚ་ཞིང་སྲེག་པར་བྱེད་པའི་ཉིན་བྱེད་བདག་གི་སྤྱི་གཙུག་ཏུ་ཡོད་ལ་དེས་ང་རང་མར་གནོན་བཞིན་པ་ལྟར་ངའི་མགོ་ནང་ལ་ཟུག་གཟེར་ཅིག་བརྒྱབ།

 

          བུད་མེད་དེས་ཅི་ཞིག་ཤེས་ཡོད་པ་ལྟར་ལག་པ་གདོང་ནས་བླངས་ཏེ་མགོ་བོ་ལྡེམ་ཙམ་བྱས་པ་དང་དེ་ནས་སླར་ཡང་མོ་རང་གི་མོ་ཊ་ཡོད་སར་ཕྱིན། ངས་མོ་སླར་ཡང་ཁོ་ཧྥེ་དང་ལག་ཁུག་ཐོགས་ནས་མོ་ཊ་ལས་ཐེངས་མང་པོར་འབབ་པ་ཤེས་ཤིང་། དུས་ཚོད་དང་རྒྱུ་ནོར་མང་པོ་ཅན་དེར་ཁ་ཡ་བྱས་ཚེ་ང་རང་ཉིད་ཀྱི་ཡོད་ཚད་ཤོར་འགྲོ་སྙམ་སྟེ། མིག་མདུན་གྱི་ལྟད་མོ་དེ་གཡུགས་ནས་མདུན་གྱི་?་ལམ་དེད་དེ་ཕར་བརྒྱུགས།

 

          ?་ལམ་དེ་ནི་མི་ཆེན་རྣམས་འགྱིང་ཉམས་ཀྱིས་འགྲོ་སའི་ས་གདན་རིང་བོ་ཞིག་ང་རང་ཉིད་ཀྱི་སེམས་ནང་དུ་ལྟེབ་བཞིན་པ་དང་འདྲ་ལ། Carly Jepsenགྱིས་བཏང་བའིའོ་འདིཞེས་པའི་གླུ་སྐད་ཀྱིས་ང་ལ་བུ་མོ་ཞིག་ལ་འོ་བྱེད་དུ་བཅུག

 

          བུ་མོ་དེའི་མིང་ལ་མཚོ་སྐྱིད་ཟེར། མོ་ནི་ངས་ཁ་པར་མེད་ཅིང་འཕྲིན་ཡིག་གཏོང་དགོས་པའི་དུས་རབས་དེར་བརྩེ་འཕྲིན་ལྔ་བཅུ་ལྷག་གིས་བཀུགས་ཏེ་ང་རང་གི་གམ་དུ་ཚུར་འཐེན་པ་ཞིག་ཡིན། ངེད་གཉིས་བརྩེ་དུང་གི་རྒྱ་མཚོར་ལྷུང་བའི་དུས་སུ། ཁང་མིག་གཅིག་ནས་ཡུན་རིང་བར་གཉིད་དུ་ཡུར་འགྲོ་བ་དེ་ལས་སྐྱིད་པ་ཅི་ཡང་མེད། ནམ་གསལ་དུས་ངེད་གཉིས་མཉམ་དུ་འགྲོག་པ་མཐོང་འདོད་མེད་པའི་མི་དེ་ཚོ་ངེད་གཉིས་ཀྱིས་ཀྱང་མཐོང་འདོད་མེད།

 

          ངས་མོའི་དྲན་གདུང་གིས་སྐོམ་པའི་མཆུ་སྒྲོས་ལ་འོ་བྱེད་དུས་མོའི་མིག་ཆུ་?ག་འགས་ངེད་གཉིས་ཀྱི་གདོང་བརླན་ཅིང་དེའི་འགོག་ཐབས་བྲལ་བའི་ལུས་ཀྱི་ཆགས་སྲེད་ལ་བྲོ་བ་གཞན་ཞིག་བསྣན། མཚན་མོ་དེར། ངེད་གཉིས་ཀྱིས་སྦི་རག་ཤེལ་དམ་ཉི་ཤུ་ལྷག་ཉོས་ཏེ་ཁང་ཆུང་དེ་ཆང་དྲིས་ཁྱབ་པར་བྱས་ཤིང་གཉིས་ཀ་ར་རོ་བར་གྱུར་པའི་དུས་སུ་ཤེལ་དམ་འགའང་སི་ཏི་རེར་ཆག རྨི་ལམ་འཁྲུགས་ཏེ་མ་བདེ་བར་གྱུར་པའམ་གཞན་ཅི་ཞིག་གིས་ཡིན་པ་ཆ་མ་འཚལ་མོད། ནམ་གུང་ཞིག་ལ་ང་རང་མལ་ཁྲི་ལས་ཤེལ་དམ་གྱི་ཆག་འཕྲོའི་ནང་དུ་ལྷུང་བ་དང་། ངས་ལུས་པོར་གནོད་པ་མི་འབྱུང་ཕྱིར་ལག་པ་ས་ལ་ཁེན་ཏེ་ཡར་ལངས་པར་རྩོམ་དུས་ཏག་ཏག་ངའི་ལག་པ་ཤེལ་ཆག་ཅིག་ལ་ཁེལ་ཅིང་། ཁྲག་དམར་ཆིལ་ཆིལ་དུ་བཞུར། ཕྱེ་ནང་དུ་ཚྭ་བཏབ་པ་བཞིན་ཆང་དྲིའི་ནང་དུ་ཁྲག་དྲི་ཐིམ།

 

          ཕྱིས་སུ་སློབ་ཆེན་གྱི་གུང་གསེང་གཏོང་སྐབས། ངས་མཚན་སྐྱིད་ཁང་ཞིག་ནས་གཞས་བཏང་སྟེ་བསགས་པའི་དངུལ་ལོར་གྱིས་མཚོ་སྐྱིད་ལ་ལེགས་སྐྱེས་ཤིག་ཉོ་འདོད་དེ། ཚོང་ཁྲོམ་ཆེན་མོ་ཞིག་གི་ནང་ནས་ཡར་ཉུལ་མར་ཉུལ་བྱས་ཤིང་། མཐར་རྨ་ཁ་ཅན་གྱི་ལག་པསCKརྟགས་ཅན་གྱི་ནུ་ཁེབས་ཤིག་དང་གསང་དོར་ཞིག་ཤོག་ཁུག་ཏུ་བཅུག་ནས་འོངས།

 

          ངས་ལམ་གང་བོར་མཚོ་སྐྱིད་ཀྱིས་གྱོན་པ་དེ་གཉིས་གྱོན་རྗེས་མོའི་སྒེག་པའི་ལུས་ཉིད་ཆགས་ཉམས་ཀྱིས་ཇི་ལྟར་བརྒྱན་པ་དང་ངེད་གཉིས་དགའ་བདེའི་དཔལ་ལ་ཇི་ལྟར་རོལ་བ་སོགས་རྟོག་པས་བཏགས་པ་དང་། ཐེངས་འདིར་ཆགས་བརྙན་སོགས་ནས་མཐོང་བ་ལྟར་མོ་རང་མལ་ཁྲིར་ཐག་པས་བཀྱིགས་རྗེས་རིམ་གྱིས་འདོད་པས་བཟི་རུ་བཅུག་ན་སྙམ།

          མོ་ཊར་ཡ་ཡོ་མང་པོ་བྱུང་བའི་རྐྱེན་གྱིས་མཚོ་སྐྱིད་ཡོད་སའི་གྲོང་རྡལ་དེར་སླེབས་དུས་ནམ་གུང་གི་ཆུ་ཚོད་གཅིག་ལ་ཉེ། སྲང་གི་ཁྱི་ལྡོམ་ཁ་ཤས་ཐག་རིང་ནས་ངའི་ཕྱོགས་སུ་ཟུག བཟི་བོ་རེ་འགའང་རྣམ་ཤེས་ལྡོམ་པོ་དག་དང་འདྲ་བར་ཡར་མར་དུ་རྒྱུ།

 

          ངས་མཚོ་སྐྱིད་ཀྱི་ཁང་པའི་སྒོ་རྡུང་རྩིས་བྱས་པ་ན། སྒོ་བརྒྱབ་མེད་པར་སྲུབས་ཀ་ཆུང་ངུ་ཞིག་ཕྱེ་འདུག ངས་མོ་རང་དགའ་བས་ཧད་པར་བྱ་དགོས་སྙམ་སྟེ་ཤར་མར་མལ་ཁྲིའི་ཕྱོགས་སུ་མཆོངས་པ་ན་མོས་སྐྲག་སྣང་དང་བཅས་ཀི་རིང་ཞིག་བཏབ། ངས་མོ་ལ་སྐྲག་བསླངས་སོང་སྙམ་ནས་འཁྱུད་དེ་འོ་བྱེད་པར་རྩོམ་དུས་མོ་རང་ཕྱིར་བཀྱེད་པར་བྱེད་ཅིང་རྒྱབ་ཕྱོགས་ནས་མི་ཞིག་གིས་ངའི་སྐྲ་ལོ་ནས་འཐེན་སོང་།

 

          ངེད་གཉིས་འཐབ་སྟེ་ཁང་ཆུང་དེ་ཆོ་ངེ་དང་སྟིག་སྒྲས་ཁྱབ་པར་བྱས། མཚོ་སྐྱིད་ཀྱི་ངུ་སྐད་ཀྱིས་ཁྱིམ་མཚེས་དག་ཀྱང་གཉིད་ལས་དཀྲོགས། ཡིན་ནའང་ངུ་སྐད་དེས་ང་རང་ཞེ་མེར་བར་བྱས་པ་དང་སྐབས་ཤིག་གི་རིང་ལ་སྨད་འཚོང་མ་ལས་གཞན་བུ་མོ་སུ་ལའང་ཡིད་མི་ཆེས་པར་གྱུར། 

 

          ནམ་གུང་གི་དུས་སུ་ངའིCKཡི་ནུ་ཁེབས་དང་གསང་དོར་དེ་ལམ་འགྲམ་གྱི་གད་སྙིགས་སུ་དོར་ཅིང་། ནམ་ལང་བའི་བར་དུ་རྣམ་ཤེས་ལྡོམ་པོ་དང་འདྲ་བའི་བཟི་བོ་ཚོའི་གྲས་སུ་སོང་སྟེ་བསྡད།

         

          《འོ་འདིཡི་འགྱུར་ཁུག་གིས་ངའི་རྣ་བའི་ནང་དུ་རླུང་བུ་ཚ་བོ་བླུགས་པ་བཞིན་རྣ་འགྲམ་གཟེར་བ་དང་མགོ་བོ་ན་བའི་ཚོར་བ་ལན་འགར་བྱུང་། སྐྱེད་མོས་ཚལ་དེ་ནི་ང་རང་ཡོས་བཞིན་རྔོ་སའི་སླ་ང་ཚ་བོ་ཞིག་རེད། ལྷ་མོ་གཅེར་བུ་མའི་འཇིམ་སྐུས་ཀྱང་མགོ་བོ་བསྒུར་ཏེ་ང་རང་གནོན་པ་འདྲ།

 

          ངས་རྒྱུགས་མ་འདུར་གྱིས་ལག་པ་རླུང་ནང་དུ་བསྲིངས་པ་ན། ང་ལ་མཁོ་བའི་བསིལ་སྣང་དང་མགྱོགས་པོར་རྒྱུགས་པའི་ཚོར་བ་དེ་མེད་པར་ཅི་ཞིག་གིས་ང་རང་དམ་ལ་བཏགས་འདུག་པ་འདྲ། ཡང་ན་གཟུགས་མེད་ཀྱི་ཐག་པ་ཞིག སྦྲུལ་ཅིག མཚོ་སྐྱིད་དང་འདྲ་བའི་བུད་མེད་ཅིག་ངའི་ལུས་ལ་འཐམས་འདུག་པ་འདྲ།

 

          ངས་དབུགས་ཧལ་ཧལ་གྱིས་སྐྱེད་མོས་ཚལ་དེ་དང་མྱུར་བར་འབྲལ་རྒྱུ་བྱུང་ན་ཅི་མ་རུང་སྙམ་སྟེ་རྐང་འཁོར་བཞག་ཡོད་སར་འགྲོ་བར་རྩོམ་དུས། ངའི་མདུན་དུ་ཐྲེ་ནི་སི་སྤོ་ལོ་ཞིག་རིལ་ཡོང་། 

 

          སྤོ་ལོ་དེ་ངའི་མིག་ལམ་དུ་དང་པོར་མངོན་པའི་སྐད་ཅིག་མར། དེ་ནི་སྤོ་ལོ་རིལ་མོ་ཞིག་དང་སྐྱེད་མོས་ཚལ་དེའི་ནང་གི་དཀར་ཐིགས་ཤིག་ལས་ཅི་ཡང་མིན་མོད་འོན་ཀྱང་དེ་ཉིད་ངའི་གམ་ནས་ཕར་ཕྱོགས་སུ་རིལ་དུས་དར་དཀར་པོ་རིང་མོ་ཞིག་གནས་གཅིག་ནས་གཅིག་ཏུ་འཐེན་པ་ལྟར་གྱུར་སོང་ལ། དེ་ནི་ཆེད་དུ་ངའི་མདུན་འགོག་བྱེད་དུ་འཐེན་པ་འདྲ། 

  ངས་དོན་ཅི་ཞིག་བྱུང་བ་ཡིན་ནམ་སྙམ་སྟེ་ཁ་ཕྱིར་འཁོར་ནས་བལྟས་པ་ན། ངའི་རྗེས་སུ་ལུས་སྦྱོང་བྱེད་ཀྱིན་པའི་མི་རྣམས་རིང་ནས་རིང་དུ་བསྐྱེད་དེ་བར་སྣང་དུ་འཕྱོ་བ་དང་། སྐྱེད་མོས་ཚལ་གྱི་ཐང་བདེ་བོ་དེའང་ངོས་མི་སྙོམས་པར་རིལ་བོར་གྱུར་ཏེ་རྐང་བ་བརྟན་པོར་མ་བཙུགས་ཚེ་སར་ལྷུང་འགྲོ་བ་འདྲ།

 

          ངས་ཇེ་ཡང་ནས་ཇེ་ཡང་ནས་འགྲོ་བཞིན་པའི་རང་ལུས་དེར་ཁེན་ས་ཞིག་གམ་ཡང་ན་ལག་པས་འཆང་ས་ཞིག་ཨེ་རྙེད་ལྟ་བུའི་སྐབས་སུ། བྱ་སྒྲོ་དང་ཁ་བ་འདྲེས་མ་ཞིག་མར་བབས་ཤིང་ཁོ་ར་ཁོར་ཡུག་ཐམས་ཅད་གྲང་ངར་གྱིས་བཟུང་། བུ་ཡུག་དྲག་ཏུ་འཚུབ།

 

          རྣ་བའི་ནང་དུ་འུར་སྒྲ་ཞིག་གྲགས། ངས་མྱུར་བར་སྐྱེད་མོས་ཚལ་དེ་དང་ཁ་འབྲལ་རྒྱུ་བྱུང་ན་ཅི་མ་རུང་སྙམ་སྟེ་ཁ་ཕྱིར་འཁོར་ནས་འགྲོ་བར་རྩོམ་དུས་ཕྱོགས་ཐམས་ཅད་ན་དཀར་བོང་བོང་དུ་མར་འབབ་པ་དེ་དང་། དེའི་ནང་དུ་འདྲེས་པའི་ནག་ཐིགས་རེ་འགའ་ལས་ཅི་ཡང་མི་འདུག ངས་མིག་གིས་གསལ་པོར་ལྟ་དུས་ནག་ཐིགས་དེ་དག་ནི་དབྱིབས་མི་འདྲ་བའི་ལྷམ་དང་ཞྭ་མོ་ཁ་ཤས་རེད། ཡང་ཞིབ་ཏུ་ལྟ་དུས་དེ་དག་ནི་ནག་ཐིགས་སུ་སྣང་བ་ཙམ་ལས་དོན་དུ་ཁ་དོག་སྣ་ཚོགས་པ་རེད། ལྷ་མོ་གཅེར་བུ་མ་དེའི་འཇིམ་བརྙན་ངའི་རྐང་འོག་ཏུ་ཡོད་ལ་དེའང་ནག་ཐིགས་ཤིག་ཏུ་གྱུར་ཏེ་མི་སྣང་བར་འགྱུར་བཞིན་པ་དང་། ཐ་ན་སྐྱེད་མོས་ཚལ་དེའང་ནག་ཐིགས་ཤིག་ཏུ་འགྱུར་ལ་ཉེ་དུས་བུ་ཡུག་དྲག་པོའི་ཀློང་ནས་མི་ཞིག་གི་ལག་པས་ངའི་ལག་པ་ནས་བཟུང་བྱུང་། དེ་ནི་ངའི་རྨོ་མོའི་ལག་པ་རེད། 

 

རྩོམ་སྒྲིག་འགན་འཁུར་བ།  རྒྱལ་ལོ།

 

མཆན།

 

 

ཞི་ལི-ཨ་མདོའི་ཁ་སྐད་དེ།  སྐྱེ་སཔ་ཕོ་ཡི་དོན།

  

 

 


རྩོམ་ཡིག་སྔོན་མ།
རུ་སྡེ་ཕྲ་མོ།
རྩོམ་ཡིག་རྗེས་མ།
ཨ་ཡེ་མཚོ་མོ་དང་དར་ལྕོག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1